གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་དྲ་བའི་པར་དབང་གསལ་བསྒྲགས།

2011-03-07 14:52:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།


    དེའང་བོད་ཡིག་གི་དྲ་བ་སྣ་ཚོགས་ཚོན་ཁྲ་གས་པ་བཞིན་སྒོ་གསར་འབྱེད་པའི་དུས་འདིར།  དྲ་བ་ཕན་ཚུན་བར་མཛའ་སྦྲེལ་དང་རྒྱུ་ཆ་མཉམ་སྤྱོད་བྱ་བ་དེ་བརྡ་འཕྲིན་གྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ་དང་འཕྲིན་ལམ་ཡངས་སུ་འགྲོ་བའི་ཐབས་ཤིག་ཏུ་ངེས་ཤིང་འཛམ་གླིང་སྤྱི་བའི་ཐུན་མོང་གི་འགྲོ་ལུགས་ཤིག་ཏུའང་གྲུབ་ཡོད། ཡིན་ནའང་དྲ་བ་གང་གི་ནང་དོན་དྲ་བ་གཞན་གྱིས་བེད་སྤྱོད་ཚེ་ངེས་པར་དུ་དེའི་རྩོམ་གྱི་ཡོང་ཁུངས་གསལ་བར་བྱ་བ་ནི། དྲ་བ་གང་དེར་བརྩི་བཀུར་བྱ་བ་དང་དེའི་ལས་ཀར་རོགས་པ་བྱ་བའི་རྣམ་འགྱུར་ཞིག་ཡིན་ལ་དྲ་བ་གང་དེའི་ཤུགས་རྐྱེན་ཆེ་རུ་འགྲོ་ཐབས་ཤིག་ཏུའང་ངེས།
  ངེད་མཆོད་མེ་དྲ་བར་མཚོན་ན། ༢༠༠༥ལོར་དྲ་སྒོ་ཕྱེ་བ་ནས་ད་ལྟའི་བར། ཆེད་དུ་ཡིག་གཏག་པ་གླས་ཏེ་བོད་ཀྱི་གནའ་དེང་གི་རྩོམ་ཡིག་མང་པོ་ཞིག་དེབ་དང་ཚགས་པར་སོགས་ལས་གློག་ཡིག་ཏུ་གཏགས་ནས་དྲ་བར་བཀོད་ལ། དེ་ཡིས་བོད་ཀྱི་དྲ་ངོས་ཀྱི་རྩོམ་ཡིག་ཕུན་སུམ་ཚོགས་པར་ནུས་པ་ཆེན་པོ་བཏོན་ཡོད། དེ་བཞིན་དྲ་བ་གཞན་ལས་རྩོམ་ལེགས་ཤོས་ཀྱང་བཀོད་ལ་དེ་ཚོར་རྩོམ་གྱི་ཡོང་ཁུངས་ཉིད་གསལ་བར་བྲིས་ཡོད། འོན་ཀྱང་རང་རེའི་དྲ་བ་མང་པོ་ཞིག་གིས་ངེད་དྲ་བ་ལས་རྩོམ་ཡིག་དག་པར་བཤུ་བྱས་རྗེསདེ་ཉིད་ཁོ་ཚོ་རང་གི་ཡིན་པ་ལྟར་བྱས་ནས་བཀོད་པ་དང་། ཡང་ན་དྲ་རྒྱ་ལས་བཏུས་པ་ཟེར་བ་ལས་དྲ་བ་གང་ཡིན་གསལ་བོར་མི་འགོད་པའི་གཡོ་ཟོལ་གྱི་ཐབས་ལ་བརྟེན་ནས་ངེད་དྲ་བའི་པར་དབང་ལ་གནོད་པ་ཆེན་པོ་བྱས་སོང་། དེ་འདྲའི་བྱ་སྤྱོད་ནི་རང་རེའི་དྲ་བའི་མཐུན་སྒྲིལ་ལ་གནོད་ཅིང་ཕན་ཚུན་གྱི་ལས་ཀར་བརྩི་འཇོག་མ་བྱས་པའི་རྟགས་ཤིག་ཏུ་འཁུམས། དེ་བས་འདིར་ངེད་དྲ་བས་ཆེད་དུ་བསྒྲགས་རྒྱུ་ནི། ངེད་དྲ་བར་ཐོག་མར་བཀོད་པའི༼རྩོམ་པ་པོས་པར་དབང་དྲ་བ་གཞན་ལའང་གནང་བ་ཕུད༽རྩོམ་ཡིག་ཡོང་ཁུངས་ལ་ངེད་དྲ་བ་ཞེས་བཀོད་ཡོད་པ་ཚང་མ་དྲ་བ་གཞན་ལ་འགོད་དུས་རྩོམ་གྱི་ཡོང་ཁུངས་ལ་མཆོད་མེ་དྲ་བ་ཞེས་བྲི་དགོས་པ་ལས་དྲ་རྒྱ་ལས་བཏུས་པ་སོགས་མི་བྲི་བའི་རེ་བ་སྙིང་ནས་ཞུའོ།། གཞན་གསལ་བསྒྲགས་འདི་སྤེལ་བ་ནི་རང་རེའི་དྲ་ལམ་རིག་གནས་ཕུན་སུམ་ཚོགས་པ་དང་གྲ་དག་པ་ཞིག་ཡོང་བའི་དམིགས་ཡུལ་ལས་གཞན་ཅི་ཡང་མིན་པས་ལྷན་རྒྱས་ཀྱི་དགོངས་པ་དྭངས་པར་ཞུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།