གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་རམས་པ་ཡེ་ཤེས་བསྟན་རྒྱན་ལ་གདམས་པ།

2017-11-06 23:43:23 གུང་ཐང་བསྟན་པའི་སྒྲོན་མེ། ཀློག་གྲངས། མཆན ཡོད།

༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་གནས་ཀུན་ལ་གུས་པས་ཕྱག་བྱས་ནས། །གཞུང་ལུགས་ཀུན་ལ་ཐོས་བསམ་བྱས་པའི་དོན། །ཉམས་ལེན་ཀུན་ལ་ཇི་ལྟར་སློབ་པའི་ཚུལ། །རང་གཞན་ཀུན་ལ་ཕན་ཕྱིན་མདོ་ཙམ་སྤེལ། །ལེགས་ཚོགས་ཀུན་གྱི་རྩ་བ་བླ་མ་སྟེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་དང་། །དངོས་གྲུབ་ཀུན་གྱི་རྩ་བ་དམ་ཚིག་ཡིན། །གཏན་བདེའི་རྩ་བ་འཛུག་ན་དེ་ལ་དགོངས། །བྱ་བ་ཀུན་ལ་ལས་འབྲས་དབང་པོར་ཞིག །རེ་དོགས་ཀུན་ལ་ལྟོས་མེད་ཐོག་རྫིངས་ཐོངས། །སྐྱིད་སྡུག་ཀུན་ལ་ལམ་གྱི་བོགས་འབྱིན་བཅོལ། །སྒྲུབ་ཚུགས་མཐའ་རུ་སྐྱོལ་ན་དེ་ལ་དགོངས། །འདོད་ཡོན་ཀུན་ལ་བདུད་ཀྱི་གཡབ་མོར་ཟུངས། །སྙན་གྲགས་ཀུན་ལ་བྲག་ཅའི་གདངས་སུ་སོམས། །གཉེན་བཤེས་ཀུན་ལ་ཚོང་འདུས་མགྲོན་པོར་ལྟོས། །ཆོས་བརྒྱད་འཁྲི་བ་གཅོད་ན་དེ་ལ་དགོངས། །སྡིག་ལྟུང་ཀུན་ལ་འོག་བའི་ནད་བཞིན་འཛེམ། །དགེ་ཚོགས་ཀུན་ལ་བྲེ་གསོག་ཕུལ་གསོག་མཛོད། །སྤྱོད་ལམ་ཀུན་ལ་དྲན་ཤེས་བག་ཡོད་སྟེན། །བླང་དོར་ཚུལ་བཞིན་སྒྲུབ་ན་དེ་ལ་དགོངས། །ཆོས་མཛད་ཀུན་ལ་མོས་གུས་དག་སྣང་སྦྱོངས། །གསུང་རབ་ཀུན་ལ་བག་ཆགས་ཅི་ཐེབས་དང་། །འཇུག་ལྡོག་ཀུན་ལ་རིགས་པས་ཞིབ་མོར་དཔྱོད། །ཉེས་སྤྱོད་སྒོ་མོ་འགོག་ན་དེ་ལ་དགོངས། །སྲིད་འབྱོར་ཀུན་ལ་ཞེན་ལོག་ངེས་འབྱུང་དང་། །འགྲོ་བ་ཀུན་ལ་རྗེས་ཆགས་བྱང་ཆུབ་སེམས། །འཁོར་འདས་ཀུན་ལ་ཞེན་བྲལ་ལྟ་བ་སྟེ། །ཉམས་ལེན་སྙིང་པོར་དྲིལ་ན་དེ་ལ་དགོངས། །མདོར་ན་ཐོས་དོན་བསྒྲུབས་དེ་མཁས་པ་ཡིན། །བླང་དོར་ངོ་ལྐོག་མེད་ན་བཙུན་པ་ཡིན། །ཉོན་མོངས་དུག་གསུམ་ཐུལ་ན་གྲུབ་ཐོབ་ཡིན། །མཁས་བཙུན་བཟང་གསུམ་འདོད་ན་དེ་ལ་དགོངས། །མང་དུ་ཐོས་ཀྱང་ཉོན་མོངས་གཉེན་པོ་རུ། །མ་སོང་བྲོ་བའི་གླུ་བཞིན་དོན་མེད་པས། །གང་ཤེས་མཐའ་དག་རང་རྒྱུད་འདུལ་བྱེད་དུ། །སྦྱོར་བར་བྱེད་པ་གདམས་པའི་རྒྱལ་པོར་ཟུངས། །དེ་སྐད་གཏམ་དུ་བྱས་པའི་དགེ་བའི་མཐུས། །རང་གཞན་ཀུན་གྱི་བློ་སྣ་ཆོས་སུ་འཁུལ། །སྤོང་བ་བསམ་གཏན་འཁོར་ལོ་མཐར་ཕྱིན་ཏེ། །མཁའ་མཉམ་ལུས་ཅན་ཡོངས་ཀྱི་དོན་བྱེད་ཤོག །
                    ཅེས་པ་འདི་ནི་བསྟན་པའི་གསལ་བྱེད་སྤྲུལ་པའི་སྐུ་ལྷ་རམས་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་བསྐུལ་བ་ལྟར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།



རྩོམ་ཁུངས། ཉིང་རྡུལ་རྩོམ་རིག་འཕྲིན་སྟེགས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།