གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་མགུར་རྣམ་རྒྱལ་གླིང་གི་ཇོ་ཁང་གི་ལོ་རྒྱུས་མདོར་བསྡུས།

2014-11-08 17:10:00 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

 

རྨ་མགུར་རྣམ་པར་རྒྱལ་བའི་ཆོས་ཀྱི་སྡེར། །
ངོ་མཚར་བྱིན་ཅན་ཇོ་བོའི་སྣང་བརྙན་ལ། །
རྣམ་དག་བརྗིད་ཆགས་ཁང་བཟང་བསྐྲུན་མཛད་པའི། །
དགེ་འདུན་བསྟན་འཛིན་ནོར་བུའི་ཞབས་ལ་འདུད། །
རྨ་མགུར་རྣམ་རྒྱལ་གླིང་གི་ཇོ་ཁང་གི་ལོ་རྒྱུས་མདོར་བསྡུས་སུ་དགོད་པ་ལ། ༡ ལཱ་མོ་སྐུ་ཕྲེང་གཉིས་པ་རྗེ་བློ་གྲོས་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་མེ་ཕོ་ཁྱི་ལོ་སྟེ། སྤྱི་ལོ་༡༦༤༦་ལོར་རྨ་མགུར་དགོན་པའི་དགོན་གཞི་རྙིང་བར་ཐོག་མར་གུར་སྒར་གྱི་ཚུལ་དུ་དགོན་པ་འདི་ཕྱག་བཏབ་པས་གུར་དགོན་ནམ་མགུར་དགོན་དུ་གྲགས་ཤིང་། དེ་ཡང་། རྗེ་སྐལ་ལྡན་པའི་ཆོས་འབྱུང་དུ། མེ་ཕོ་ཁྱི་ལོར་རྨ་འགྲམ་དུ། །སྤྲུལ་སྐུ་བློ་གྲོས་རྒྱ་མཚོ་དང་། །ཆོས་རྗེ་འོད་ཟེར་བཀྲ་ཤིས་གཉིས། །ཐུགས་མཐུན་བཤད་པའི་གྲྭ་ཡང་བཙུགས། །ཞེས་གསུངས་པ་དང་། ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གསུང་ལས། རྗེ་འདི་བས་ཁྲི་ཆེན་སྦྱིན་པ་རྒྱ་མཚོའི་གཙུག་ཕུད་བཞེས་ཤིང་རྨ་མགུར་རྣམ་རྒྱལ་གླིང་ཕྱག་འདེབས་མཛད་པ་སོགས་འགྲོ་ཕན་རྒྱ་ཆེ་བ་མཛད་པ་ཞིག་གོ །ཞེས་གསུངས་པ་ལྟར་དུ། རྗེ་འདི་ཉིད་ཀྱིས་རྨ་མགུར་དགོན་པ་འདི་གསར་འདེབས་མཛད་དེ་གྲྭ་བཙུན་སུམ་བརྒྱ་ལྷག་ཙམ་འདུས་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་བཤད་པ་རྒྱ་ཆེར་སྤེལ་བ་སོགས་བསྟན་འགྲོའི་དོན་ལ་ཕན་པའི་རླབས་ཆེ་བའི་མཛད་པ་ལེགས་པར་བསྐྱངས་ཏེ་རྨ་མགུར་རྣམ་རྒྱལ་གླིང་གི་རྟེན་དང་བརྟེན་པ་མཐའ་དག་རིམ་གྱིས་འཕེལ་རྒྱས་སུ་མཛད་པ་ཡིན་ནོ། ། ༢ ལཱ་མོ་སྐུ་ཕྲེང་བཞི་བ་རྗེ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱི་རིང་སྟེ། སྤྱི་ལོ་༡༧༢༩་ནས་༡༧༩༦་ལོ་ལ། རྨ་མགུར་དགོན་པ་འདིར་གཙུག་ལག་ཁང་མང་དུ་བཞེངས་ཤིང་། ལྷག་པར་དུ། ཀུན་གཟིགས་བདུན་པ་དང་། ཁྲི་ཆེན་རྒྱ་ནག་པ། ཨ་རིག་དགེ་བཤེས་ཆེན་མོ། ཞྭ་དམར་ངག་དབང་འཕྲིན་ལས་སོགས་ཀྱི་ཐུགས་བཀོད་ལྟར་རྣམ་པར་རྒྱལ་བའི་ཁང་བཟང་ཐོག་ཚད་བཞི་བ། གསེར་ཟངས་ཀྱི་རྒྱ་ཕིབས་གཟི་བྱིན་འབར་བ་མདའ་ཡབ་འོག་མ་གསུམ་ནི་སོ་ཕག་གཡུ་རྩིས་བྱུགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་བཞེངས་པ་དེའི་ནང་དུ། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་ཚད་དང་མཉམ་པའི་རིན་པོ་ཆེ་ཛྷེ་ཀྵིམ་དང་གསེར་དངུལ་སྣ་ཚོགས་ལས་གྲུབ་ཅིང་ནང་རྟེན་དུ་བྱིན་ཅན་གྱི་རྟེན་འགངས་ཆེན་མང་བོས་ཕྱུར་བར་གཏམས་ཤིང་བྱིན་རླབས་བདུད་རྩིའི་རྒྱུན་བཟང་འབབ་པའི་ཇོ་བོའི་སྐུ་བརྙན་ཞིག་གསར་དུ་བཞེངས་ཏེ་བཞུགས་སུ་གསོལ་ནས་བསྟན་པ་དང་འགྲོ་བའི་ཉེར་འཚོར་བསྐྲུན་ཏེ་མདོ་སྨད་ཀྱི་རྒྱན་གཅིག་ཏུ་སྙན་པའི་གྲགས་པ་ཁྱབ་པར་གྱུར་ཡོད། ༣ ལཱ་མོ་སྐུ་ཕྲེང་བདུན་པ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུའི་རིང་སྟེ། སྤྱི་ལོ་༡༨༧༣་ནས་༡༩༢༧་ལོ་ལ། རྨ་མགུར་རྣམ་རྒྱལ་གླིང་གི་གནས་གཞི་རྙིང་བ་དེ་རྨ་ཆུའི་ཁ་དང་ཐག་ཤིན་ཏུ་ཉེ་བའི་སྟབས་ཀྱིས་རྒྱུན་དུ་ཆུ་དགྲ་ཅུང་ཆེ་བས། རྗེ་ཉིད་ཀྱིས་སྔ་སོར་ཞིག་ལ་རྨ་མགུར་དགོན་པའི་གཉེར་བ་བསྟན་འཛིན་ཟེར་བ་ལ་ལས་བགོས་བགྱིས་ཏེ་ཆེད་དུ་གཏད་ནས་རྗེ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེ་མཆོག་ལ་ཆུ་ཟློག་འཁོར་ལོ་ཞུས་པར་ཆེད་མངགས་མཛད་པ་དང་། རྗེ་དེ་ཉིད་ཀྱིས་གནང་བའི་ཆུ་ཟློག་འཁོར་ལོ་ཞིག་རྨ་མགུར་དགོན་པ་འདིར་བཞག་པས་ལོ་ཤས་ཀྱི་རིང་ལ་ཆུ་ཕར་ཅུང་ཟད་ལོག་ཙམ་ལས་ཕན་སྐྱེད་ཆེར་མ་བྱུང་བར་བརྟེན། ལཱ་མོ་སྒར་གཞུང་གི་གཟིམས་ཁང་གི་རྭ་སྐོར་འོག་མ་ཕལ་ཆེར་རྨ་ཆུ་ལ་ཟགས་པའི་ཚོད་དུ་སོང་བ་ཡིན་པས། རྗེ་འགྲོ་མགོན་ཞྭ་དམར་རིན་པོ་ཆེ་མཆོག་ལ་དགོན་པ་གནས་སྤོས་ཀྱི་ཐད་ལ་བརྟག་དཔྱད་བགྱིད་དུ་བཅུག་པར། ཁོང་གིས་ཁྱུང་ཁྲ་དུང་ཕྱུར་གཅིག་བཏོན་ནས་དགོན་གནས་སྤོས་ན་ལེགས་ཚུལ་གསུངས་པ་དང་། དེའི་མཚུངས་སུ། ཁྲི་ཀའི་སྒོ་མང་རིན་པོ་ཆེ་མཆོག་གིས་ཀྱང་དགོན་པའི་གནས་གཞི་སྤོས་ན་བཟང་བར་བབས་པ་ལ་སོགས་ཀྱིས་ད་ལྟའི་རྨ་མགུར་དགོན་གྱི་གནས་གཞི་འདི་ལ་བརྟག་པ་མཐུན་པར་བྱུང་བས། རྗེ་ཐར་ཤུལ་རིན་པོ་ཆེས་དབུ་མཛད་པའི་ལོ་རེའི་རི་ཁྲོད་པ་རྣམས་ཀྱི་མཆོད་མེའི་མཇུག་ཏུ་དབེན་གནས་འགྲིམ་པའི་རི་ཁྲོད་པ་རྣམས་ལ་མཆོད་འབུལ་གྱི་བསྙེན་བཀུར་གང་གཟབ་བྱས་ཏེ་རྨ་མགུར་དགོན་པའི་གནས་སྤོས་ཀྱི་སྔོན་འགྲོའི་རིམ་གྲོ་རྣམས་དངོས་སུ་བསྒྲུབས་པ་དང་། རྗེ་ཉིད་ཀྱིས་བཀའ་གནང་བ་བཞིན་དུ་རི་ཁྲོད་ཀྱི་དབང་བོ་ཁ་རྒྱ་འཇམ་དབྱངས་དཔལ་ལྡན་གྱིས་དགོན་གནས་གསར་བ་དང་། ཇོ་ཁང་། འདུ་ཁང་། གཟིམས་སྤྱིལ་སོགས་ཀྱི་གནས་གཞི་ལ་བརྟག་པ་མཛད་དེ་དགོན་གནས་གསར་བར་སྤོ་རྒྱུའི་སྟ་གོན་གནང་ཞིང་། རྗེ་དགེ་འདུན་བསྟན་འཛིན་ནོར་བུ་རྨ་མགུར་དགོན་པར་རྒྱུན་དུ་བཞུགས་ཏེ་དགོན་པའི་གནས་སྤོས་དང་གསར་སྐྲུན་གྱི་ལས་དོན་ལ་ཐུགས་བརྩོན་གནང་སྟེ་ལྗགས་བཀོད་ཤུགས་ཆེར་མཛད་པ་དང་། ཐོག་མར་གཟིམས་སྤྱིལ་དང་ཇོ་ཁང་གསར་སྐྲུན་གནང་ཞིང་། དེ་དག་གི་རྒྱ་ཕིབས་དང་མདའ་ཡབ་ལ་སོགས་པར་ཆག་གྲིམ་གྱི་བཤིག་སྐྱོན་མི་འབྱུང་བའི་ཆེད་དུ་ཐུགས་ཀྱིས་ཚག་འཛིན་དང་གཟིགས་རྟོག་གང་དྲག་མཛད་དེ། ཇོ་བོ་ཆེན་པོའི་སྐུ་བརྙན་དེ་ད་ལྟའི་དགོན་གནས་གསར་བ་འདིར་སྤོས་པ་དང་དེའི་སྐབས་སུ་ཇོ་སྐུ་ལས་བདུད་རྩི་བབས་པར་རྨ་མགུར་ཀྱི་གྲྭ་རྒན་འགའ་ཞིག་གིས་དངོས་སུ་མཐོང་བར་གླེང་བ་དང་། དེ་ལྟར་དུ། རྗེ་དགེ་འདུན་བསྟན་འཛིན་ནོར་བུས་ཐུགས་བརྩོན་དང་ཕན་གྲོགས་རྒྱ་ཆེར་མཛད་པ་ལ་བརྟེན་ནས་རྨ་མགུར་དགོན་གྱི་འདུ་ཁང་ཆེན་མོ་དང་། དུས་འཁོར་འདུ་ཁང་། ཚོམས་ཁང་གསུམ་དང་། ཇོ་ཁང་སྲིད་ཞིའི་མཆོད་སྡོང་། མཆོད་ཁང་ཀུན་དགའ་མཐོང་སྨོན། གཟིམས་སྤྱིལ་བཤད་སྒྲུབ་པདྨོའི་དགའ་ཚལ། གྲྭ་ཤག་བཅས་རྣམས་ནི། ཤིང་སྦྲུལ་ལོ་སྟེ་སྤྱི་ལོ་༡༩༠༥་ལོའི་མཇུག་བར་དུ་ཚོན་རྩི་མ་གཏོགས་ཚང་མ་ཕལ་ཆེར་ཡོངས་སུ་རྫོགས་པར་གྲུབ་ཅིང་། ཇོ་ཁང་དང་གཟིམས་སྤྱིལ་དང་མཆོད་ཁང་བཅས་ཀྱི་སླར་གསོའི་འགྲོ་སོང་མཐའ་དག་རྗེ་ཉིད་ཀྱི་སྒར་གཞུང་གི་ཕྱག་རྫས་གཅིག་པུས་བསྒྲུབས་པ་དང་། ཇོ་ཁང་དང་ཚོམས་ཁང་གཉིས་ཀྱི་རྒྱུན་མཆོད་ཐེབས་སུ་འབྲུ་མར་རྒྱ་མ་སུམ་སྟོང་ཉིས་བརྒྱ་འཇོག་གནང་མཛད་དེ། རྗེ་རིན་པོ་ཆེའི་སྟོང་མཆོད་ཅིག་ཀྱང་གསར་དུ་བཙུགས་ཏེ་ལོ་ལྟར་འཆར་ཅན་བྱེད་དགོས་པའི་གསུང་གནང་ཕེབས། སྤྱི་ལོ་༡༩༠༧་ལོར་རྨ་མགུར་རྣམ་རྒྱལ་གླིང་གི་ཇོ་ཁང་སྲིད་ཞིའི་མཆོད་སྡོང་གི་ཚོན་རིས་སོགས་མཐའ་དག་ལེགས་པར་གྲུབ་ཟིན་པས་ཧོར་ཟླ་བཞི་བའི་ཚེས་བཅུ་གསུམ་ནས་ཉིན་གསུམ་གྱི་རིང་ལ་རབ་གནས་ཆེན་མོའི་ཆོས་ཐོག་གསར་འཛུགས་དང་དཀྱུས་གཅིག་པར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལ། རྗེ་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་ཇོ་བོ་རིན་པོ་ཆེའི་སྤྱན་དབྱེའི་ཆོ་ག་དང་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་ཇོ་ཁང་གནས་སྤོས་ཀྱི་སྦྱོར་བ་དང་མཇུག་གི་བྱ་བ་ཐམས་ཅད་རང་བཟོ་དང་བཅོས་བདེས་མ་བསླད་པར་རྒྱུད་སྡེའི་དགོངས་པ་དང་མཐུན་ཞིང་མཁས་གྲུབ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་བསྟར་བའི་སྲོལ་བཟང་མ་ཉམས་པར་ཇི་བཞིན་དུ་ཕྱག་ལེན་དུ་མཛད་པ་དང་། སློབ་དང་མི་སློབ་པའི་ཟུང་དུ་འཇུག་པའི་དཀྱིལ་འཁོར་བགྲང་ལས་འདས་པ་མངོན་སུམ་དུ་བཞུགས་པས། བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས་པ་ལ་རབ་གནས་ཀྱི་ཡོན་དུ་རྨ་མགུར་དགོན་པའི་གཞུང་ནས་རྣམ་གྲངས་བརྒྱ་སོགས་ཀྱི་དངོས་འབུལ་ཀྱང་བཏེགས་པ་དང་། དེ་ནས་བཟུང་སྟེ་ལོ་ཤས་རིང་ལ་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་རྗེ་ཉིད་ཀྱིས་མཛད་པ་དང་སྔར་རྒྱ་ནག་ནས་གསར་དུ་བསྒྲུབས་པའི་མཆོད་རྫས་རྣམས་ཀྱང་སྦྱོར་འཇགས་མཛད། ཇོ་བོ་རིན་པོ་ཆེར་དངུལ་ལས་གྲུབ་པའི་ཐུགས་རྒྱན་བཟོ་བཀོད་དང་། ཕྲ་རྒྱན་ཕུན་སུམ་ཚོགས་པ། གོས་སེར་བོའི་ན་བཟའ་དང་ཅང་ཁེབས་ཀྱི་པང་ཁེབས་སོགས་རྒྱུ་བཟོ་ཁྱད་མཚར་མིག་ལ་ཡ་མཚན་པའི་ལྟད་མོ་ཆེ་བ་དང་། གཞན་ཡང་། གོས་སྣ་ཚོགས་པའི་རྟེན་ཁེབས་བཅོ་ལྔ་དང་། དབང་གི་ཆས་འཇུག་གསར་བ་རིགས་ལྔ་དར་དཔྱངས་དང་བཅས་ཉེར་ལྔ་རེ། བཟང་གོས་སྣ་ཚོགས་ལས་གྲུབ་པའི་ཡོལ་གུར། གསེར་ཏོག ནོར་བུ་འབར་བ་ཆ། གསེར་གྱི་མིག་ཐུར། མིག་སྨན་གྱི་སྣོད། དུང་ཆོས་གཟུངས་རྡོར་སོགས་གང་དགོས་ཀྱི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པ་གསར་དུ་བསྒྲུབས་ཏེ་སྦྱོར་འཇགས་མཛད་པ་རེད། དེ་ལྟར་དུ། ཇོ་ཁང་གི་ནང་དུ་ལྷམ་མེར་བཞུགས་པའི་རྩ་ཆེ་བའི་རྟེན་དང་བརྟེན་པ་མཐའ་དག་རིག་གནས་གསར་བརྗེའི་སྐབས་སུ་གཏོར་བཤིག་ཏུ་བཏང་སྟེ་དམིགས་མེད་ཀྱི་དབྱིངས་སུ་ཐིམ་པར་གྱུར། ༤ ལཱ་མོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོས་ཐུགས་བཀོད་གནང་བ་ལྟར་དུ། སྤྱི་ལོ་༡༩༧༩་ལོར། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ལགས་གྲགས་པ་རིན་པོ་ཆེས་དབུ་ཁྲིད་པ་དང་མགུར་སྡེ་བའི་རྒན་རབས་པ་རྣམས་གཙོ་བྱས་ནས་གླས་གསུམ་གྱི་དད་ལྡན་མང་ཚོགས་རྣམས་ཀྱི་རམ་འདེགས་འོག་ཏུ་རྨ་མགུར་རྣམ་རྒྱལ་གླིང་གི་རྟེན་གཙོ་ཇོ་བོའི་སྐུ་བརྙན་དང་དེའི་ཁང་བཟང་ལ་སོགས་རྟེན་དང་བརྟེན་པ་བཅས་བསྐྱར་དུ་ཞིག་གསོ་བགྱིས་ཏེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་གཅན་ཚ་རྫོང་དུ་ཐེངས་དང་བོར་ཞབས་ཀྱིས་བཅགས་པའི་སྐབས་སུ་མགུར་གྱི་ཇོ་ཁང་འདིའི་ནང་དུ་ཐོག་མར་ཕེབས་ནས་ཇོ་བོའི་སྐུ་བརྙན་གཙོ་བོར་གྱུར་པའི་རྟེན་དང་བརྟེན་པ་མཐའ་དག་ལ་རབ་གནས་ལེགས་པར་མཛད་པ་དང་འདིར་གཅན་ཚའི་མང་ཚོགས་གཙོ་བོར་གྱུར་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སྟོང་ཕྲག་མང་བོར་མཇལ་ཁ་གནང་བའི་བཀའ་དྲིན་ཐོབ་ཡོད། ད་ལྟའི་ཆར་ཇོ་ཁང་གི་རྟེན་གྱི་གཙོ་བོ་ནི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་དང་དེའི་གཡས་སུ་སངས་རྒྱས་མར་མེ་མཛད་དང་གཡོན་དུ་རྒྱལ་བ་བྱམས་པ་མགོན་པོའི་འབག་སྐུ་སོགས་བཞུགས་པ་དང་། ཇོ་བོའི་སྐུ་བརྙན་གྱི་ནང་རྟེན་གཙོ་བོ་རུ་གཟུངས་གཞུག་ཆེན་མོ་རྒྱས་བསྡུས་ཚར་གང་མང་དང་། ལཱ་མོ་བློ་གྲོས་རྒྱ་མཚོའི་སྐུ་ལྕུག། མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་དབུ་ཐོད་མཁའ་སྤྱོད་མ་རང་བྱོན་ཅན། ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་ཚེམས་གདུང་། རྗེ་བཙུན་མི་ལ་རས་པའི་སྒོམ་ཐག་དང་དབུ་སྐྲ། ལཱ་མོ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུའི་ཆོས་སྣམ། མཁས་གྲུབ་རིན་པོ་ཆེ་མཆོག་གི་ཕྱག་ཚ་འཇམ་དབྱངས་དཀར་བོའི་སྣང་བརྙན་ཅན། ཁྲི་སྤྲུལ་བསྟན་པའི་ཉི་མའི་ན་བཟའ་ཚལ་བུ། རྒྱལ་དབང་སྐལ་བཟང་རྒྱ་མཚོའི་དབུ་སྐྲ་དང་བཙས་གདན་སོགས་བྱིན་རླབས་ཀྱི་རྟེན་ཁྱད་པར་ཅན་སྣ་ཚོགས་བཞུགས་སུ་གསོལ་ཡོད། གཞན་རྣམས་འདིར་མང་དུ་དོགས་ནས་མ་སྤྲོས་ཤིང་། ཇོ་ཁང་ཆེན་མོའི་ནང་ལོགས་ཀྱི་གཡས་གཡོན་གྱི་རྩིག་པའི་ལྡེབས་ངོས་སུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་བྲིས་ཐང་མཛེས་པར་བཤམས་ཤིང་དེའི་མདུན་དུ་དེ་དག་གི་འབག་སྐུ་བཅས་བཞེངས་པ་དང་སྒོའི་འགྲམ་དུ་རྟ་མགྲིན་དབྱིག་ཏོ་ཅན་དང་ཕྱག་རྡོར་དྲག་པོ་སུམ་སྒྲིལ་སོགས་ཀྱི་འབག་སྐུ་བཅས་ལེགས་པར་བཞུགས་ཡོད། ད་དུང་། ཇོ་ཁང་གི་མཐའ་སྐོར་དུ་རིགས་གསུམ་མགོན་པོ་གཙོ་བོར་བྱས་པའི་ལྷག་པའི་ལྷ་དག་གི་གཟུངས་སྔགས་སོགས་ཀྱི་མ་ཎི་འཁོར་ལོ་བསྐོར་ཡོད་པ་བཅས་ནི་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་གྱུར་ཏོ། །
སྲིད་ཞིའི་ཕུན་ཚོགས་གཅིག་ཏུ་བསྡུས་པའི་དཔལ། །
དགེ་ལེགས་བྱིན་རླབས་འོད་སྣང་འགྱེད་པའི་བརྙན། །
སྐྱེ་རྒུ་དམ་པའི་བསོད་ནམས་ཆེན་པོའི་གཏེར། །
རྒྱལ་བསྟན་ལྷུན་པོ་མཛེས་པའི་རྒྱན་དུ་སྨོན། །

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།