གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདོ་སྨད་ཀྱི་ལོ་རྒྱུས་ལས་མགོ་ལོག་གི་སྐོར།

2014-03-14 19:26:00 དམུ་དགེ་བསམ་གཏན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

  ༄༅།།གོང་དུ་བཤད་པ་ལྟར་རྨ་གཡང་ཕྱུག་མོའི་སྟོད་ནས་ཨ་མདོར་བརྩི་ལ། དེ་ནས་བཟུང་བོད་མི་ཆགས་ཚུལ་ནི། ཐང་གིས་ནུབ་ཕྱོགས་སུ་རྒྱ་བསྐྱེད་པའི་སྐབས་རྨ་སྟོད་མགོ་ལོག་གི་ས་ཆ་སོགས་སུ་ཐང་དམག་གིས་མ་བཟུང་བར། དེ་གར་གཉུག་མར་གནས་པའི་བོད་ཀྱི་མི་སྡེ་ཡོད་པ་ནི། རྨར་རོལ་གྱི་ས་ཆའི་སྟོད་དུ་སྦྲ་རིགས་ཀྱི་དཔོན་གཉན་རྩེ་ཟེར་བ་ཡོད་ལ། བར་དུ་སྦྲ་རིགས་ཀྱི་དཔོན་མཁར་རེ་ཟེར་བ་ཡོད། སྨད་དུ་སྦྲ་རིགས་ཀྱི་དཔོན་བ་ལི་ཟེར་བ་འབངས་བཅས་ཡོད།
  དེ་རྗེས་མགོ་ལོག་གི་མི་རྒྱུད་བྱུང་ཚུལ་ནི། བོད་ཀྱི་རུས་ཆེན་བཞིའི་ནང་སྟོང་ཞེས་བྱ་བ་དེ་ཉིད་ཡིན་ལ། དེ་ལ་ཨ་ལྕགས་འབྲི་ཞེས་ཟེར། འབྲི་འདི་ལ་འབྲུ་ཞེས་འབྲི་བ་དང་འབྲི་ཚུལ་གཉིས་ཡོད་དེ། མདོ་སྨད་ཆོས་འབྱུང་སོགས་དག་རུས་མཛོད་སྔོན་མ་ཁ་ཤས་སུའང་འབྲུ་ཞེས་བྲིས་པ་ཡོད་མོད། རུས་མཛོད་དག་ཏུ་འབྲུ་རྗེ་རྭ་ཅོ་ཅན་བཅོ་བརྒྱད་ཀྱི་གདུང་རིགས་ཞེས་བྲིས་ཡོད་པ་དང་། འབྲི་གུང་གི་འབྲི་ཡང་གུག་གུ་ཅན་དུ་གཏན་དུ་འཁེལ་ཞིང་། དེ་ཡང་འབྲི་རིགས་ཀྱི་རུས་ཡིག་ཡིན་པར་གདའ་བས་འདིར་ཡང་དེ་ལྟར་དུ་གུག་གུ་ཅན་འབྲི་བར་བྱའོ།། 
  དེ་ཡང་གནའ་སྒྲུང་ལས། འབྲི་བྱས་པ་ཅན་ཞེས་དགྲ་ལ་རྒོད་ཅེས་དང་། རི་རྩ་བ་གསུམ་དེ་འབྲི་ལ་ཐོབ།། རྒྱལ་ས་ནོན་པ་དེ་ཡི་དོན།། ཞེས་སྒྲུང་གླུ་འདི་དག་ལ་དོན་ཐོབ་ཀྱི་གཉིས་དང་། དཔེ་ཐོབ་ཀྱི་གཉིས་ཏེ་བཞི་ཡོད་དེ།། དེ་བཞི་རུས་ཆེན་བཞི་ལ་ཡོད་པ་ལས། འབྲི་ལ་དཔེ་ཐོབ་ཀྱི་གླུ་ཡིན། རི་རྩ་བ་གསུམ་གྱི་དཔེ་ལྟར་བརྟན་ཏེ་རྒྱལ་ས་ནོན་པའི་དོན་ཡིན་ཟེར། གནའ་སྒྲུང་དུ། འབྲི་ཤིང་ཐུང་ཅན་དེས་འཐབ་ན་མཛེས།། ཞེས་འཐབ་འཛིང་ལ་བཟང་བའི་རིགས་ཡིན་ཞིང་། འབྲི་རྗེ་རྭ་ཅོ་ཅན་བཅོ་བརྒྱད་ཀྱི་གདུང་རིགས་དང་། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་ཅེས། ས་སྐྱ་དང་འབྲི་གུང་སོགས་ཀྱི་གདུང་རིགས་བརྒྱད་དབུས་གཙང་དང་བར་ཁམས་སུ་ཡོད་པ་དང་། ཁམས་ཀྱི་གྲེ་རོང་ལྕགས་གསུམ་ཁོག་དང་། གསེར་རོང་སོགས་ལ་ལྕགས་གདུང་རིགས་མང་དུ་ཡོད་ཅིང་། བར་ཁམས་སུ་ལྷོ་རོང་བཅོ་བརྒྱད་ཀྱི་ནང་ཚན་མགོ་ལོག་ཟེར་བའི་སར་ཡང་འབྲི་རིགས་མང་དུ་ཡོད་ལ། བར་སྐབས་ཤིག་ཏུ་དེ་ནས་གླིང་གི་ཡུལ་དུ་མི་རྗེ་བྲན་ཁོལ་ཁྱིམ་བཅུ་དང་བཅས་ཏེ་འོངས་ནས། འབྲི་ཀླུང་གི་ཉིན་ཕྱོགས་འཛི་འགུ་ཁོ་ལུང་བ་ཞེས་བྱ་བར་གཞི་ཆགས་ནས་རིང་ཞིག་ལོན་པའི་ཚེ། འབྲི་ལྷ་རྒྱལ་ཞེས་པའི་ཁྱིམ་སྔགས་པ་ཞིག་བྱུང་། དེས་གཉན་བཟའ་ཞིག་བླངས་པའི་བུ་ཨ་འབུམ་རྒྱལ་ཟེར་བ་སྐྱེས། དེ་ཆེར་སྐྱེས་པའི་ཚེ་ཙམ་ནས། གླིང་རྗེ་དང་མ་མཐུན་པར། གླིང་རྗེས་བཀའ་བཀྱོན་དང་ཐུགས་གནག་པའི་ཚེ། བྲན་མི་ཁྱིམ་ལྔ་བཅུ་ཙམ་དང་བཅས་ཡུལ་བུད་ནས། རྡོ་རོལ་དགོངས་དང་པོ་དང་། མ་སྲིད་ལྟེ་ཐང་། སྐྱིད་ཡག་དང་། གོས་ཀྱི་མ་མོ་བཞི་མདོ་རྣམས་སུ་བསྡད།  དེ་རྗེས་མཁར་གོང་ལུག་སྣ་རིང་མོ་ཡན་ཆད་དང་། ཚ་ལུག་སྣ་མཁར་སུམ་མདོ་མན་ཆད་བཟུང་སྟེ། མཁར་གོང་རྒྱལ་ས་བྱས། ཚ་ལུག་སྣ་མཁར་སུམ་མདོར་ལྷ་ཁང་བཞེངས་པ་དང་། ལྷ་ཁང་ཁ་ཤས་བརྩིགས། ལྷ་རྒྱལ། ལྷ་རིར་མཚམས་ལ་བཞུགས། བུ་ཨ་འབུམ་རྒྱལ་དཔོན་སར་བསྐོས། གོང་དུ་བཤད་པའི་གཉུག་མར་གནས་པའི་གཉན་མཁར་བ་གསུམ་གྱི་མི་སྡེ་རྣམས་དང་ཚོང་འབྲེལ་ཉེ་ཤག་བསྡེབས་ནས་འདུག་སྐབས། འབྲི་ལྷ་རྒྱལ་ཕ་བུ་ཆོས་སྲིད་གཉིས་ཆར་མཐོ་བར་གྱུར་པས། གཉན་མཁར་བ་གསུམ་གྱི་དཔོན་རྣམས་ཕྲག་དོག་སྐྱེས་ཏེ། མགོ་ལོག་འབྲི་ལྷ་རྒྱལ་ཚང་ལ་དམག་བརྒྱབ་པས་གཉན་རྩེའི་དཔོན་བསད། གཉན་མཁར་བ་གསུམ་ཕམ་སྟེ་མགོ་བསྒུར། ལུས་ཕུལ། བྲན་དུ་ཁས་བླངས་སོ།།
  བུ་ཨ་འབུམ་རྒྱལ་གྱིས་སྔར་གླིང་རྗེ་རིགས་ཀྱི་བུ་མོ་ཞིག་བླངས་པ་ལ་བུ་གསུམ་སྐྱེས། ཆེ་བ་འབུམ་སྐྱབས། འབྲིང་བ་འབུམ་དགེ། ཆུང་བ་འབུམ་ཡག་གསུམ་ཡིན། དེ་དུས་རྨར་ཤོད་དུ་མཁར་བརྩིགས་ནས་དེར་བསྡད། བུ་ཆུང་བ་འབུམ་ཡག་གིས་གཉན་མོ་ཞིག་བླངས་པ་ལ་བུ་ཕག་ཐར་ཟེར་བ་སྐྱེས། ཕག་ཐར་གྱི་རིང་ལ། རྡོ་ཁོག འཛི་སྐ། རྨར་ཁོག་གསུམ་གྱི་བདག་པོར་གྱུར། འདི་སྐབས་ཤིག་ལ་མགོ་ལོག་ཨ་འབུམ་ལོ་གོ་གསུམ་ལོན་དུས་སུ་འདས། ཕག་ཐར་གྱི་རང་ཞབས་ཀྱི་འཕེལ་འཛིས་བཟའ། ཐར་མོ་མཚོ་ཟེར་བ་ཁབ་ཏུ་བཞེས། དེ་ལ་བུ་བཞི་སྐྱེས། ཕག་ཐར་གྱི་རིང་ལ་རྨར་རོལ་མ་ལག་དྲུག་གི་ས་ཆ་དང་མི་སྡེ་ལ་དབང་། རྨར་རོལ་ཆེན་མོའི་མདའ་གསེར་གཞོངས་དང་། ཁོ་ལེ་སྒང་ཐོག་ཏུ་མཁར་རྫོང་གཉིས་བརྩིགས། དེའི་སྐབས་ཏཱ་མིང་རྒྱ་རྒྱལ་གྱིས་འཇམ་བྲིད་ཀྱི་སྲིད་ཇུས་བསྟར་ཏེ་གྲངས་ཉུང་མི་རིགས་ཀྱི་དཔོན་དག་ལ་དཔོན་ཐོབ་སྟེར་བའི་སྐབས་ཡིན་པས། ཏཱ་མིང་ཟོན་ཏིས་ཕག་ཐར་ལ་ཐང་ལོ་ཡེ་ཞེས་ཁྲི་དཔོན་གྱི་ལུང་བྱིན། ཁོ་རང་གི་བུ་བཞིའི་གཅིག་ཀ་ཐོག་བླ་མ་ཆོས་འབུམ་ཡིན། ཆེ་བ་རྡོ་རྗེ་འབུམ་ལ་རྡོ་རོལ་གྱི་ས་ཆ་དང་མི་སྡེ། འབྲིང་བ་པདྨ་འབུམ་ལ་འཛི་སྐའི་ཁོག ཆུང་བ་པདྨ་ཡག་ལ་རྨར་རོལ་གྱི་ས་ཆ་དང་མི་སྡེ་བྱིན། རྔ་ཁོག་གི་མི་སྡེ། གསེར་ཁོག་གི་ཁྲལ། གཡུ་དང་རྩང་ཁོག་གི་ས་ཆ་མི་སྡེ་རྣམས་ཐུན་མོང་དུ་བཞག་སྟེ་ཁོ་ལོ་གྱ་དགུ་ལ་འདས། རྡོ་རྗེ་འབུམ་གྱི་བུ་ཆེ་བ་འབུམ་ཕྱུག་རྒྱལ་དང་། ཆུང་བ་དབང་ཆེན་འབུམ་ཡིན། པདྨ་འབུམ་གྱི་བུ་ཆེ་བ་ཐར་བ་དང་། ཆུང་བ་མགོ་ལོག་དཔོན་པོ་བྱང་ཆུབ་རྒྱལ་མཚན་ཡིན། པདྨ་ཡག་གི་བུ་ཆེ་བ་ཁྲུ་འུ་དང་། ཆུང་བ་གཉན་ཐར་རེད། རྡོ་རྗེ་འབུམ་གྱི་བུ་ཆེ་བ་འབུམ་རྒྱལ་གྱིས་སྨུག་ཆེན་གད་མགོར་ཁང་བ་ཞིག་བརྩིགས་ནས་བསྡད། བུ་ཆུང་བ་དབང་ཆེན་འབུམ་ཕ་མཁར་དུ་བསྡད། པདྨ་འབུམ་གྱི་བུ་ཆེ་བ་ཐར་བ་ཆེན་མོ་གདོང་དུ་ཕ་ཁྱིམ་དེར་བསྡད། ཆུང་བ་བྱང་ཆུབ་རྒྱལ་མཚན་ཀ་ཐོག་ཏུ་བྱོན། པདྨ་ཡག་གི་བུ་ཆེ་བ་ཁྲུ་འུ་གཉན་གྲོང་གོང་མར་བསྡད་པས་ས་དེར་ཁྲུ་འུ་ནང་ཟེར། ཆུང་བ་གཉན་ཐར་དེ་ཕ་ཁྱིམ་དུ་བསྡད་པར་ས་དེར་གཉན་ནང་ཟེར། པདྨ་ཡག་གི་བུ་ཆུང་བ་རྟག་ཕན་རྒྱུད་པ་ལ། བར་སྐབས་སུ་མགོ་ལོག་སྙིང་བུ་མཚོ་ཞེས་པ་བྱུང་། དེའི་རྒྱུད་པ་ད་ལྟ་མགོ་ལོག་དཔལ་ཡུལ་ཚང་ཡིན་ཟེར། འདི་སྐབས་དབལ་ཤུལ་བན་ཞར་གྱིས་མགོ་ལོག་གི་དཔོན་རྣམས་ལ་ས་ཞིག་བསླངས་པར་རྡོ་རྗེ་འབུམ་ཕ་བུ་ནས་རྡོ་རོལ་རྗེ་མདའ་བྱིན། རྡོ་རྗེ་འབུམ་གྱི་བུ་ཆེ་བ་འབུམ་ཕྱུག་རྒྱལ་ལ་བུ་གཉིས་ཡོད་པའི་ཆེ་བ་མགོ་ལོག་ཨ་སྐྱོང་དང་། དཔོན་མགོ་ལོག་རྒྱལ་མཚན་ནམ་རིན་ཆེན་འབུམ་གཉིས་ཡིན། པདྨ་འབུམ་གྱིས་འཛི་སྐའི་སྟོད་སྨད་ཐམས་ཅད་ལ་དབང་བསྒྱུར་བས་པདྨ་འབུམ་ཚང་ཟེར་བ་བྱུང་། པདྨ་ཡག་གི་ཤ་མདོག་ནག་སྨུག་ཡིན་སྟབས་བན་ནག་ཟེར་ལ། དེའི་རྒྱུ་མཚན་གྱིས་དེའི་བུ་ཁྲུ་འུ་དང་གཉན་ཐར་གཉིས་ཀྱི་ནང་སྡེ་ཐམས་ཅད་ལ་བན་ནག་ཚང་ཟེར། འབུམ་སྐྱབས་ཀྱི་བུ་ཆེ་བ་ཨ་སྐྱོང་ནི་ཡར་ཐང་དུ་མཁར་བརྩིགས་ནས་བསྡད་པས་ཨ་སྐྱོང་ཟེར། དེ་སྐབས་དབང་ཆེན་འབུམ་ཚང་། ཨ་སྐྱོང་ཚང་། པདྨ་འབུམ་ཚང་། པདྨ་ཡག་ཚང་རྣམས་ཀྱིས་ས་བགོས་ནས། ས་མཚམས་སུ་རྡོ་བརྩིགས། དབང་ཆེན་འབུམ་གྱི་བུ་ཆེ་བ་ཚེ་བརྟན་ཡག་འདིའི་རྒྱུད་པ་དབང་ཆེན་སྨད་པ་རེད་ཟེར། བུ་ཆུང་བ་ཚེ་མགོན་ཡག་གི་རྒྱུད་པ་དབང་ཆེན་སྟོད་པ་རེད་ཟེར།
  ཨ་སྐྱོང་། དབང་ཆེན་འབུམ། པདྨ་འབུམ་འདི་གསུམ་ལ་དེ་སྐབས་སུ་མགོ་ལོག་ཁག་གསུམ་ཟེར། 
  ཨ་སྐྱོང་ལ་བུ་སྙིང་བུ་རྒྱལ་དང་། ཁྲོ་བོ་རྒྱལ་གཉིས་བྱུང་བའི་སྙིང་བུ་རྒྱལ་ནི་མི་དྲག་རྩལ་ཅན་ཞིག་ཡིན་པས། ཨ་སྐྱོང་གི་དབང་དེས་བཟུང་ཞིང་། ཐང་མཁར་དུ་ད་ལྟའི་ཁང་རྒན་ཟེར་བ་དེ་བརྩིགས། དེ་དང་དེ་མཚུངས་སུ་པདྨ་ཡག་གི་བུ་རྒྱུད་མགོ་ལོག་ནག་ཐེར་བུ་བཞི་བྱུང་། སྙིང་བུ་རྒྱལ་གྱི་བུ་མགོ་ལོག་ཤཱཀྱ་འབུམ། དེས་མཁར་གོང་མ་བརྩིགས། དེའི་བུ་ཚེ་དབང་འབུམ་གྱིས་ཁང་བ་གསར་བ་བརྩིགས་བ་དེ་ལ་ཁང་གསར་ཟེར། དེ་ལྟར་མགོ་ལོག་ཁག་གསུམ་གྱི་དཔོན་རིགས་རྣམས་ནི་གཙོ་ཆེར་ཨ་ལྕགས་འབྲིའི་རིགས་ཡིན་མོད། ཨ་སྤོ་ལྡོང་གི་རིགས་ཀྱང་ཡོད་དེ། ལྡོང་ཤུལ་ཆེན་བཅོ་བརྒྱད་དང་། ཚ་ཆེན་བཅོ་བརྒྱད་ཀྱི་རིགས་ཀྱང་ཡོད་པ་དང་། སྦྲ་རིགས་ཀྱང་ཡོད། དེ་དག་ནི་རྗེ་རིགས་ཀྱི་རིགས་རྣམས་བཤད་པ་ཡིན་ལ། འབངས་མི་སེར་སྣ་ཚོགས་ཤིག་ཡོད་དེ། མགོ་ལོག་སྟོད་ལྟ་བུ་སྔར་ཐང་དམག་གིས་མ་བཟུང་བའི་སར་གཉུག་མའི་བོད་རིགས་ཡོད་དེ། སྔར་བཤད་པ་ལྟར་འབྲི་ལྷ་རྒྱལ་ཕ་བུས་བཅོམ་པའི་གཉན་རྩེ། མཁར་བ། བ་ལེ་གསུམ་གྱི་དཔོན་མི་སྡེ་དང་བཅས་པའི་རྒྱུད་པ་ཡོད་ཅིང་། ཧོར་གླིང་འཁྲུག་པའི་སྐབས་སུ་ཡོང་བའི་དཀར་པོ་ལྡོང་གི་རིགས་ཀྱང་གང་ས་གང་དུ་ཡོད་ལ། བོད་ཐང་དམག་འཁྲུག་གི་སྐབས་ཀྱི་དམག་མིའི་རྒྱུད་ཀྱང་མང་དུ་ཡོད་དོ།། མགོ་ལོག་གི་སྐབས་སོ།།

           

                      ༼བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ༽ལས་བཏུས།
         
                         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།