གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཡིག་གསར་འགྱུར་མེ་ལོང་དང་དགེ་འདུན་ཆོས་འཕེལ།

2012-08-25 16:45:00 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

 
   བོད་ཡིག་གསར་འགྱུར་མེ་ལོང་ངམ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་ཞེས་པ་ནི།     སྤྱི་ལོ་༡༩༢༥་ནས་༡༩༦༣་ལོའི་བར་དུ་རྒྱ་གར་གྱི་བྱང་ཤར་ས་ཁུལ་གྱི་ཀ་ལོན་སྦུག་ས་གནས་སུ་པར་སྐྲུན་བྱས་ཤིང་བོད་ནང་དང་ས་ཁུལ་གཞན་དག་ཁ་ཤས་སུ་འགྲེམ་སྤེལ་བྱས་པ་རེད།     དེ་ནི་འཛམ་གླིང་གི་ནང་དུ་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་ཡིག་གི་གསར་འགྱུར་ཚགས་པར་ཨང་དང་བོ་དང་དར་ཁྱབ་ཆེ་ཤོས་དེ་ཆགས་ཡོད།      གསར་འགྱུར་མེ་ལོང་དེའི་ལས་ཁང་ནི།      སྤྱི་ལོ་༡༩༢༥་ལོར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ཀྱིས་གསར་འཛུགས་གནང་བ་དང་།     ལོ་དེའི་སྤྱི་ཟླ་བཅུ་བའི་ནང་དུ་གསར་འགྱུར་ཚགས་པར་ཐོག་མར་འགྲེམ་སྤེལ་བྱས་པ་རེད།       སྐབས་དེར་ཁོང་གིས་གསར་འགྱུར་ལས་ཁང་དེའི་གསར་འགོད་པ་དང་།    རྩོམ་སྒྲིག་པ།    འགོ་འཛིན་པ་བཅས་ཀྱི་འགན་ཁུར་བཞེས་ཡོད།      ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ནི།      རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཀྱི་སྒེར་གྱི་གྲོགས་པོ་ཞིག་ཡིན་པས།      རྒྱལ་དབང་མཆོག་གིས་ཁུ་ནུ་བ་མཐར་ཕྱིན་ལགས་ཀྱིས་གསར་འགྱུར་པར་སྐྲུན་དང་འགྲེམ་སྤེལ་གྱི་ལས་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་ཞིང་།      རྒྱལ་དབང་མཆོག་ལའང་རྒྱུན་དུ་གསར་འགྱུར་མེ་ལོང་གི་ཚགས་པར་འབྱོར་བཞིན་པ་མ་ཟད།     བོད་ཀྱི་བླ་ཆེན་གཞན་དག་དང་མཐོ་རིམ་སྐུ་དྲག་མི་སྣ་ཁག་ལའང་ལྟ་ཀློག་བྱེད་དུ་འཇུག་གི་ཡོད་པ་རེད།       དེར་བརྟེན།    ལྷ་སའི་ནང་གི་བོད་མི་ཚོས་གསར་འགྱུར་མེ་ལོང་གི་ཚགས་པར་དག་བསྐྱར་དུ་པར་བཤུས་བརྒྱབ་སྟེ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲེམ་སྤེལ་བྱས་ནས་རྒྱལ་རྩེ་དང་།    ཆབ་མདོ།     སྡེ་དགེ་སོགས་སུའང་བསླེབས་ཡོད་པ་རེད།     གཞན་ཡང་།     རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ཀྱང་སྐུ་ཕྲེང་གོང་མའི་གསར་འགྱུར་མེ་ལོང་གི་ཚགས་པར་ཀློག་འདོན་གྱི་ཤུགས་རྐྱེན་དེ་རྒྱུན་འཛིན་གནང་ནས་གསར་ཤོག་སྟེང་གི་གནས་ཚུལ་རྣམས་ལ་མཐོང་ཆེན་མཛད་ཡོད།    གསར་ཤོག་དེའི་ནང་དུ་འཛམ་གླིང་གི་གནས་ཚུལ་དང་།    ལྷག་པར་དུ།    རྒྱ་གར་དང་།    བོད།    རྒྱ་ནག    ཀ་ལོན་སྦུག་ས་གནས་བཅས་ཀྱི་གནས་ཚུལ་རྣམས་གསལ་བོར་བཀོད་ཡོད།     མཐར་ཕྱིན་ལགས་ཀྱིས་བོད་གཞུང་ལ་ཁོང་གསར་འགོད་པ་ཞིག་ལྟར་དུ་ལྷ་ས་ལ་ཡོང་ཆོག་པར་རེ་བ་བཏོན་པ་རེད།      ཁོང་ལ་བཀའ་འཁྲོལ་ཐོབ་པའི་རྗེས་སུ།     སྤྱི་ལོ་༡༩༢༧་ལོའི་ཟླ་༨་ཚེས་༢༠་ཉིན་དུ་བོད་ལ་བསྐྱོད་པ་དང་རྒྱལ་རྩེ་བརྒྱུད་ནས་ལྷ་ས་ལ་འབྱོར་བ་རེད།    བོད་དུ་ཟླ་བ་ཁ་ཤས་བསྡད་པ་དང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལའང་ཐུག་འཕྲད་གནང་ནས་གནས་ཚུལ་ཁག་ལ་ཉམས་ཞིབ་བྱས་ཡོད།       སྤྱིར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་ནི།    སྤྱི་ལོ་༡༨༩༠་ལོར་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་ཀྱི་སྤུ་ཞེས་པའི་གྲོང་སྡེ་ཞིག་ཏུ་སྐྱེས་ཏེ།     ཆུང་དུས་ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་ཞིག་ལ་བརྟེན་ནས་སྐད་རིགས་སྣ་མང་གི་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་དང་།    རྗེས་སུ།    ཁོ་རང་རྡོ་རྗེ་གླིང་དང་ཀ་ལོན་སྦུག་ཏུ་བསླེབས་ནས་དེའི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ལ་སོགས་པའི་སྐད་ཡིག་ཁག་སློབ་ཁྲིད་གནང་བ་དང་།      འབྲས་ལྗོངས་དང་འབྲུག་ཡུལ་དང་བོད་སོགས་ཀྱི་མཐོ་རིམ་མི་སྣའི་བར་གྱི་སྐད་སྒྱུར་ཀྱི་ལས་དོན་ཡང་བསྒྲུབས་མྱོང་ཡོད་པ་ཞིག་ཀྱང་ཡིན་པས།       འདི་དག་གི་ཕྱི་འབྲེལ་དཔོན་རིགས་རྣམས་ལ་འབྲེལ་འདྲིས་ཡོད་པར་མ་ཟད།     ཀ་ལོན་སྦུག་ཏུ་ཡོད་པའི་ཕྱི་ལོགས་ཀྱི་ལས་དོན་སྒྲུབ་པའི་ཨིན་ཇིའི་གསང་བའི་མི་སྣ་སོགས་ལའང་འབྲེལ་བ་དམ་ཟབ་ཡོད་པ་རེད།     སྤྱིར་བཏང་རྡོ་རྗེ་མཐར་ཕྱིན་ལགས་ནི།    ཀ་ལོན་སྦུག་ཏུ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་གྱི་བོད་རིགས་ཤིག་ཏུ་གྱུར་ཡོད་ནའང་།       བོད་ཡིག་གསར་འགྱུར་མེ་ལོང་གི་སྟེང་དུ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་བྱེད་པའི་གནས་ཚུལ་གཙོ་བོར་བཀོད་མེད་པ་རེད།     གཞན་ཡང་།    ཁོང་གིས་གསར་འགྱུར་མེ་ལོང་གི་སྟེང་དུ་གསར་འགྱུར་རྩོམ་སྒྲིག་དང་ཡིག་སྒྱུར་གནང་སྟེ་ཟླ་རེར་ཐེངས་གཅིག་རེར་ཚགས་པར་༥༠་རེ་པར་སྐྲུན་བྱས་ཏེ།     བོད་ཀྱི་ལྷ་སའི་ནང་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཚུད་པའི་ཁོ་རང་གི་གྲོགས་པོ་ཚང་མ་ལ་གཏོང་གི་ཡོད་པ་རེད།       ཁོང་གིས་བོད་ཡིག་གསར་འགྱུར་མེ་ལོང་པར་སྐྲུན་བྱེད་པའི་དམིགས་ཡུལ་ནི།       བོད་རིགས་ཚང་མར་དེང་དུས་འཛམ་གླིང་གི་གནས་སྟངས་ཤེས་རྟོགས་བྱེད་པའི་གོ་སྐབས་སྤྲད་པ་དང་།      བོད་འདི་འཛམ་གླིང་གི་ཕྱི་ལོགས་སུ་མངོན་རྒྱུ་དེ་ཡིན་པས།      སྐབས་དེའི་རྒྱ་ནག་གི་གསར་བརྗེའི་གནས་ཚུལ་དང་།    འཛམ་གླིང་དམག་ཆེན་གཉིས་པ།    རྒྱ་གར་རང་བཙན།    བོད་དང་ཀ་ལོན་སྦུག་སོགས་ཀྱི་གནས་ཚུལ་དང་།    གནད་ཡོད་ཀྱི་སྐད་གྲགས་མི་སྣ་སོགས་ངོ་སྤྲོད་དང་།     གསེར་དང་དངུལ་གྱི་འཛའ་ཐང་གི་འགྱུར་ལྡོག་དང་།       ཚོང་རྫས་ཀྱི་རིན་གོང་སོགས་ཁྱབ་བསྒྲགས་བྱས་ཡོད།      བོད་ཀྱི་ལྷ་ས་ནས་ཀ་སྦུག་དང་།    རྡོ་རྗེ་གླིང་།    ཀ་ལི་ཀ་ཏ་སོགས་སུ་སྐྱོད་པའི་ཚོང་བ་དང་དཔོན་རིགས་མི་སྣ་བཅས་ལའང་ལམ་བར་གྱི་གནས་སྟངས་སོགས་གསལ་བཤད་བྱེད་ཀྱི་ཡོད།    བོད་ཡིག་གསར་འགྱུར་མེ་ལོང་ལ་བརྟེན་ནས་བོད་ཀྱི་མཐོ་རིམ་སྐུ་དྲག་ཉུང་ཤོས་ཤིག་དང་།       དེང་རབས་སྔོན་ཐོན་གྱི་བསམ་བློ་ལྡན་པའི་བཅོས་བསྒྱུར་རིང་ལུགས་འཛིན་མཁན་གྱི་བོད་ཀྱི་ཚོགས་སྡེ་ཁ་ཤས་ཀྱི་ཐོག་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད་པ་རེད།     དེར་བརྟེན།    བོད་ཡིག་གསར་འགྱུར་མེ་ལོང་གི་སྟེང་དུ་བོད་རང་བཙན་ཡིན་པའི་བགྲོ་གླེང་གི་གནས་ཚུལ་བཀོད་པ་དང་།      མཐར་ཕྱིན་ལགས་ཀྱི་གསར་འགྱུར་ལས་ཁུངས་ནི།     བོད་ཀྱི་མི་རིགས་རང་ལུགས་པ་དང་བཅོས་བསྒྱུར་རིང་ལུགས་པ་རྣམས་མཉམ་འཛོམས་གནང་ས་དང་སེམས་འཚབ་ཆེན་པོ་སྒོ་ནས་བོད་ཀྱི་རྒྱལ་ཁབ་དེ་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་།      རྒྱ་ནག་གི་འབྱུང་འགྱུར་གྱི་བྱེད་ཐབས་ལ་་ཁ་གཏད་དུ་འཐབ་རྩོད་བྱེད་པར་བགྲོ་གླེང་བྱེད་སའི་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།      སྤྱིར་རྒྱ་གར་ཀ་ལོན་སྦུག་ཏུ་རྒྱ་གར་དང་རྒྱ་ནག་གི་གསང་མྱུལ་བ་མང་བོ་ཡོད་པར་མ་ཟད།     བོད་དང་།   རྒྱ་ནག    རྒྱ་གར།    འབར་མ་བཅས་ནས་ཡིན་པའི་སྐྱབས་བཅོལ་བ་དང་།     ནང་ཆོས་ཀྱི་མཁས་པ་དང་གྲྭ་བ།     ཆབ་སྲིད་ཀྱི་མི་སྣ་སོགས་མི་རིགས་མང་བོ་ཡང་གནས་དེར་འཛོམས་ནས་ཆབ་སྲིད་ཀྱི་གནས་བབ་བགྲོ་གླེང་བྱས་པ་རེད།     སྤྱི་ལོ་༡༩༥༠་ལོའི་ནང་དུ་རྒྱ་ནག་གིས་བོད་ཀྱི་སྐུ་དྲག་མི་སྣ་ཞིག་བརྒྱུད་ནས་ཁུ་ནུ་བ་མཐར་ཕྱིན་ལགས་ལ་བོད་ཡིག་གསར་འགྱུར་མེ་ལོང་གི་སྟེང་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་ཁག་པར་སྐྲུན་མི་བྱེད་པར་རེ་བ་བཏོན་ཏེ་འགུག་ཐབས་བྱས་ཡོད་ནའང་ཁོང་གིས་རྩ་བ་ནས་ཁས་ལེན་བྱས་མེད་པ་རེད།     ཡིན་ནའང་།    མཐར་ཕྱིན་ལགས་ནི་དགུང་ལོ་མཐོན་པོར་བསླེབས་ཡོད་པས་གསར་འགྱུར་གྱི་ལས་དོན་མུ་མཐུད་དུ་ལེགས་བསྒྲུབ་བྱེད་པར་དཀའ་ངལ་བྱུང་བ་དང་།      གཞན་ཡང་།    རྡོ་རྗེ་གླིང་དུ་བོད་ཀྱི་བཙན་བྱོལ་བ་རྣམས་ཀྱིས་བོད་མིའི་རང་དབང་ཚགས་པར་གསར་འཛུགས་བྱས་པའི་རྐྱེན་གྱིས།    སྤྱི་ལོ་༡༩༦༣་ལོར་བོད་ཡིག་གསར་འགྱུར་མེ་ལོང་པར་སྐྲུན་བྱེད་པར་མཚམས་འཇོག་བྱས་པ་རེད།       བོད་ཡིག་གསར་འགྱུར་མེ་ལོང་ནི།     ཁུ་ནུ་བ་མཐར་ཕྱིན་ལགས་ཀྱི་མི་ཚེའི་གང་གི་རླབས་ཆེ་བའི་བྱ་གཞག་ཅིག་དང་།      བོད་རང་བཙན་དང་རང་དབང་གི་ཐོག་ལ་བདེན་དཔང་གལ་ཆེན་ཞིག་ཆགས་ཡོད།     ཨ་རིའི་ཡ་ལེ་སློབ་གྲྭ་ཆེན་མོ་དང་།     ཁུ་ལན་རྦེ་ཡ་སློབ་གྲྭ་ཆེན་མོ་གཉིས་ཀྱི་དཔེ་མཛོད་ཁང་གིས།      སྤྱི་ལོ་༡༩༢༧་ལོ་ནས་༡༩༦༣་ལོའི་བར་གྱི་བོད་ཡིག་གསར་འགྱུར་མེ་ལོང་གི་ཚགས་ཤོག་༩༧་སྡུད་སྒྲིག་བྱས་ཏེ་ཤོག་ངོས་༡༢༠༠་ཡོད་པའི་༼མཐར་ཕྱིན་ཕྱོགས་བསྒྲིགས༽་ཅེས་པའི་དེབ་ཅིག་བཟོས་ཡོད།     དེའི་ནང་དུ་འདྲ་པར་དང་།     ཡིག་ཆ།    གནས་འཕྲིན།    དུས་དེབ་སོགས་མང་བོ་ཞིག་ཚུད་ཡོད།     བོད་ཡིག་གསར་འགྱུར་མེ་ལོང་ནི།     བོད་ནི་རྒྱ་ནག་ལས་རང་བཙན་ཡིན་པར་ཁྱབ་བསྒྲགས་བྱེད་པར་ཤུགས་རྐྱེན་ཡོད་པའི་འབོད་སྒྲ་ཞིག་ཏུའང་གྱུར་བ་རེད།       སྤྱི་ལོ་༡༩༧༦་ལོར་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་ལགས་སྐུ་གྲོངས་པ་རེད།        མཁས་དབང་དགེ་འདུན་ཆོས་འཕེལ་ནི།    སྤྱི་ལོ་༡༩༣༤་ལོའི་དཔྱིད་ཀར་ལྷ་ས་རུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཤག་ཏུ་རྒྱ་གར་གྱི་པཎྜི་ཏ་ར་ཧུ་ལ་དང་ཐེངས་དང་བོར་ཐུག་འཕྲད་གནང་བ་རེད།    ར་ཧུ་ལ་ནི་རྒྱ་གར་གྱི་ནང་བའི་མཁས་དབང་ཞིག་ཡིན་པར་མ་ཟད།    རྒྱ་གར་དམར་ཕྱོགས་ཚོགས་པའི་ཚོགས་མི་དང་།      རྒྱ་གར་ཞིང་བའི་མཉམ་འབྲེལ་ཚོགས་པ་གསར་འཛུགས་གནང་མཁན་གྱི་གྲས་སུའང་ཡོད་པ་རེད།     ར་ཧུ་ལ་བོད་དུ་ཐེངས་གཉིས་ལ་ཕེབས་པ་དང་།     དེའི་དམིགས་ཡུལ་ནི།    རྒྱ་གར་དུ་ཉམས་རྒུད་དུ་ཕྱིན་ཟིན་པའི་གནའ་བོའི་ལེགས་སྦྱར་སྐད་ཀྱི་དཔེ་རྙིང་ཁག་བོད་ཀྱི་དགོན་སྡེ་ཁག་གི་དཔེ་མཛོད་ཁང་ལ་འཚོལ་ཞིབ་ཀྱི་ཆེད་དུ་ཡིན་པ་དང་།      ཁོང་ལ་དགེ་ཆོས་ཀྱིས་རོགས་རམ་དང་སྐད་སྒྱུར་གནང་བ་ལ་བརྟེན་ནས་ཕལ་ཆེར་ལོ་གཅིག་གི་རིང་དུ་ལྷ་ས་དང་།   ཞྭ་ལུ་དང་།    གཞིས་ཀ་རྩེ་དང་།    ས་སྐྱ་སོགས་སུ་དཔེ་རྙིང་འཚོལ་ཞིབ་ཀྱི་སྐོར་སྐྱོད་དུ་ཕེབས་པ་རེད།    དེར་བརྟེན།    ར་ཧུ་ལ་ཡིས་དགེ་ཆོས་ལ་རེ་བ་བཏོན་ཏེ།      ཁོང་དང་མཉམ་དུ་རྒྱ་གར་དུ་ཕེབས་ཏེ་ནང་བའི་གནས་ཆེན་ཁག་ལ་གཟིགས་སྐོར་མཛད་རྒྱུར་སྐུལ་མ་གནང་བ་རེད།   དེར་བརྟེན།     ཁོང་གཉིས་ཀྱིས་བོད་ཀྱི་དགོན་སྡེ་ཁག་ནས་རྒྱ་གར་གྱི་དཔེ་རྙིང་ཁ་ཤས་བསྣམས་ནས་རྒྱ་གར་ལ་ཕེབས་པ་རེད།    དཔེ་རྙིང་དེ་དག་དེང་སང་རྒྱ་གར་པ་ཏྲི་ན་འགྲེམ་སྟོན་ཁང་དུ་ཡོད།      ཁོང་གཉིས་རྒྱ་གར་དུ་འབྱོར་བའི་རྗེས་སུ་ར་ཧུ་ལ་ཡིས་དགེ་ཆོས་རྒྱ་གར་གྱི་ནང་བའི་ཚོགས་པ་དང་ནུབ་ཕྱོགས་ཀྱི་ནང་བའི་མཁས་དབང་མི་སྣ་ཁག་ལ་ངོ་སྤྲོད་གནང་ཞིང་།     རྒྱ་གར་གྱི་མཁས་དབང་ཁ་ཤས་ཀྱི་མདུན་དུ་དགེ་ཆོས་ཀྱིས་ལེགས་སྦྱར་གྱི་སྐད་སློབ་སྦྱོང་དང་ཨིན་ཡིག་ཡར་རྒྱས་སུ་བཏང་བ་རེད།       སྤྱི་ལོ་༡༩༣༧་ལོར་པཎྜི་ཏ་ར་ཧུ་ལ་ཡིས་ཨིན་ཇིའི་གཞུང་ལ་ངོ་རྒོལ་བྱས་ཏེ་རྒྱ་གར་རང་བཙན་ཐོབ་པའི་ཆེད་དུ་ལས་འགུལ་སྤེལ་བའི་ཉེས་མིང་གི་འོག་ཏུ་ར་ཧུ་ལ་ཨིན་ཇིའི་རྒྱ་གར་སྲིད་གཞུང་གིས་འཛིན་བཟུང་བྱས་ཏེ་བཙོན་ལ་བཅུག་པ་རེད།      དགེ་ཆོས་ཀྱིས་རྒྱ་གར་དུ་རང་གི་མི་ཚེ་ལ་གསར་བཏོད་བྱེད་པའི་བྱ་གཞག་གི་ཉམས་མྱོང་མང་བོ་བསགས་པ་དང་།      སངས་རྒྱས་ཀྱི་གནས་ཆེན་ཁག་དང་དཔེ་མཛོད་ཁང་སོགས་ལའང་གཟིགས་སྐོར་དུ་ཕེབས་པ་རེད།     དགེ་ཆོས་ནི་རྒྱ་གར་དུ་ལོ་བཅུ་གཉིས་སུ་བཞུགས་པའི་རིང་ལ་འབྲུག་ཡུལ་དང་འབྲས་ལྗོངས་དང།   རྡོ་རྗེ་གླིང་།    ཀ་ལོན་སྦུག     ཀུ་ལུ་མ་ན་ལེ།   ཀ་ལི་ཀ་ཏ།    བྷོ་རྡུ་ག་ཡ།   ཝ་ར་ན་སི།    སིང་ག་ལ་སོགས་སུ་གཟིགས་སྐོར་དུ་ཕེབས་ནས་ཉམས་མྱོང་གསར་བ་དང་།    ལྟ་བ་གསར་བ་དང་།     ཤེས་རྟོགས་གསར་བ་མང་བོ་བྱུང་ཡོད།     ཁོང་གིས་ས་གནས་དེ་དག་ཏུ་རྩོམ་ཡིག་དང་ཡིག་རིགས་སྣ་མང་གི་ཡིག་ཆ་ཁག་དང་རི་མོ་སོགས་མང་བོ་བྲིས་ཡོད།       དགེ་ཆོས་ལ་རྒྱ་གར་དུ་རྒྱུས་མངའ་ཆེས་ཤོས་ནི་ཀ་ལོན་སྦུག་ཡིན་པ་དང་།    དེ་ནི་རྒྱ་གར་དང་བོད་ཀྱི་འགག་སྒོ་ཞིག་ཡིན་པར་མ་ཟད།      སྤྱི་ལོ་༡༩༤༠་ལོའི་ནང་དུ་རྒྱལ་ཁབ་དང་ས་གནས་འདྲ་མིན་གྱི་ཆབ་སྲིད་ཀྱི་མི་སྣ་མང་བོ་འཛོམས་སའི་གནས་ཤིག་ཏུ་གྱུར་བ་རེད།     དགེ་ཆོས་ཀྱིས་ཀ་སྦུག་ཏུ་ཁུ་ནུ་བ་མཐར་ཕྱིན་དང་མཉམ་དུ་བོད་ཡིག་མེ་ལོང་གསར་འགྱུར་པར་སྐྲུན་གྱི་ཕྱག་ལས་གནང་ནས་ཡུན་རིང་བཞུགས་པ་དང་།   ཁོང་གིས་ཐེངས་དང་བོར་བོད་ཡིག་གསར་འགྱུར་མེ་ལོང་གི་སྟེང་དུ་རྩོམ་ཡིག་དང་ཡིག་སྒྱུར་གྱི་ལས་དོན་སྒྲུབ་འགོ་བརྩམས་ནས་རྩོམ་ཡིག་མང་བོ་པར་སྐྲུན་དང་འགྲེམ་སྤེལ་བྱས་ཏེ་བོད་ལ་བཏང་བ་རེད།   གཞན་ཡང་།    དགེ་ཆོས་ཀྱིས་མ་ཧཱ་བྷོ་དྷ་ཚོགས་པའི་དུས་དེབ་སོགས་སུ་གསར་འགྱུར་དང་རྩོམ་ཡིག་མང་བོ་བྲིས་ཡོད།       དགེ་འདུན་ཆོས་འཕེལ་ནི་བོད་ཡིག་གསར་འགྱུར་མེ་ལོང་གི་རྩོམ་པ་པོ་དང་ཡིག་སྒྱུར་བའི་ཕྱག་ལས་གནང་ནས་ཁོང་གི་ལྟ་བ་གསར་བའི་རྩོམ་ཡིག་མང་བོ་བྲིས་པ་ལ་བརྟེན་ནས་སྐད་གྲགས་ཆེན་པོར་གྱུར་པ་རེད།     འོན་ཀྱང་།    དགེ་ཆོས་ཀ་ལོན་སྦུག་ཏུ་བཞུགས་པའི་སྐབས་སུ་དཔེ་དེབ་མང་བོ་ཞིག་བྲིས་ཡོད་ནའང་དེ་དག་གི་ཁ་བྱང་དུ་རྩོམ་པ་པོ་གཞན་གྱི་མིང་བཀོད་ཡོད།   དཔེར་ན།   ཀླུ་སྒྲུབ་དགོངས་རྒྱན་དང་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་སོགས་ཡོད་པ་ར་མ་ཟད།     ཁོང་གིས་བྲིས་པའི་དཔེ་དེབ་ཁ་ཤས་བོར་བརླག་ཏུ་ཕྱིན་པ་རེད།     དགེ་ཆོས་ནི་ཏུན་ཧོང་དུ་རྙེད་པའི་དུས་རབས་༧་ནས་༩་བར་གྱི་བོད་ཀྱི་རྒྱལ་རབས་ཀྱི་གནའ་བོའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་བོད་རིགས་མཁས་དབང་དང་བོ་དེ་ཡིན་པ་རེད།      དགེ་ཆོས་ཀྱིས་༼འདི་ནི་ངའི་ས་ཆ་དང་།   འདི་ནི་ངའི་མི་དམངས།༽་ཞེས་པའི་བརྗོད་གཞི་སྤེལ་ནས་བོད་རིགས་ཡོངས་རྫོགས་མཐུན་སྒྲིལ་དང་གཅིག་གྱུར་ཡོང་བའི་ཐུགས་རེ་གནང་བ་དང་།   ཁོང་གིས་བོད་མི་རིགས་ལ་བཅིངས་བའི་བརྩེ་སེམས་མཚོན་པའི་རྩོམ་ཡིག་ཁག་ནི་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེན་པོ་ཆགས་ཡོད།      དེར་བརྟེན།    ཨ་རིའི་ཁུ་ལམ་རྦེ་ཡ་སློབ་གྲྭ་ཆེན་མོའི་བོད་ཀྱི་ནང་ཆོས་ཀྱི་ཆེད་ལས་མཁས་པ་རྦེར་ནར་སྒྲུ་ལགས་ཀྱིས་སྤྱི་ལོ་༡༩༣༧་ལོར་རྒྱ་གར་ཀ་ལོན་སྦུག་ཏུ་དགེ་ཆོས་ལགས་ཨ་རིའི་ཁུ་ལམ་རྦེ་ཡའི་སློབ་གྲྭ་ཆེན་མོ་ལ་ཕེབས་པར་གདན་འདྲེན་ཞུས་པ་རེད།    ཡིན་ནའང་།   འཛམ་གླིང་དམག་ཆེན་གཉིས་པའི་རྐྱེན་དབང་གིས་དགེ་ཆོས་ཨ་རིའི་སློབ་གྲྭ་ཆེན་མོ་སོགས་སུ་ཕེབས་པའི་གོ་སྐབས་བྱུང་མེད།     སྐུ་ཞབས་རྦེར་ནར་སྒྲུ་ནི་སྤྱི་ལོ་༡༩༣༦་ལོར་རྒྱ་གར་དང་བོད་ལ་གཟིགས་སྐོར་དུ་ཕེབས་ནས་སྔགས་ཀྱི་ཡོ་གའི་སྒོམ་སྒྲུབ་ལ་ཉམས་ཞིབ་བྱས་པ་དང་ལྷ་ས་རུ་ཟླ་བ་བཞིའི་རིང་དུ་བསྡད་ནས་དགའ་ལྡན་ཁྲི་བ་དང་ར་སྒྲེང་རིན་པོ་ཆེ་སོགས་ལའང་ཐུག་འཕྲད་གནང་སྟེ་ཕྱིར་ཨ་རི་ལ་ཕེབས་ནས་སྔགས་ཀྱི་ཡོ་གའི་སྒོམ་སྒྲུབ་ཀྱི་སློབ་གྲྭ་བཙུགས་པ་དང་དེའི་སྐོར་ཀྱི་དཔེ་དེབ་སོགས་བརྩམས་པ་རེད།    དགེ་ཆོས་ནི་བོད་ཀྱི་གནའ་རབས་སྤྱི་ཚོགས་ཀྱི་ཁྲོད་དུ་ཆོས་ལུགས་དང་ཆབ་སྲིད་གཉིས་ཀྱི་ཐོག་ཏུ་དེང་རབས་ཀྱི་བསམ་བློའི་སྔོན་ཐོན་པ་ཞིག་དང་།     འཛམ་གླིང་གི་གནས་སྟངས་ལ་མཁྱེན་རྟོགས་ཡོད་པའི་མངོན་གསལ་ཅན་གྱི་མི་སྣ་ཞིག་ཏུ་ཆགས་ཡོད།     སྤྱི་ལོ་༡༩༣༩་ལོར་མཁས་དབང་དགེ་འདུན་ཆོས་འཕེལ་དང་བོད་ཀྱི་ཁམས་པའི་ཚོང་བ་སྦོམ་མདབ་ཚང་གཉིས་ཀྱིས་ཀ་ལོན་སྦུག་ཏུ་༼ནུབ་བོད་ལེགས་བཅོས་སྐྱིད་སྡུག༽་ཚོགས་པ་བཙུགས་པ་རེད།    ཚོགས་པ་འདིའི་དམིགས་ཡུལ་ནི།      བཀས་བཀོད་རྒྱུན་འཛིན་དང་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱས་ནས་བོད་ཀྱི་དེང་དུས་ཀྱི་ཤེས་ཡོན་དང་།    ལག་རྩལ་དང་།        དམག་དོན་སོགས་ཡར་རྒྱས་སུ་གཏོང་རྒྱུ་དེ་རེད།      གཞན་ཡང་།     དགེ་ཆོས་ཀྱིས་ཀ་སྦུག་ཏུ་བོད་རིགས་ཀུན་འཕེལ་དང་བུ་རབ་དགའ་གཉིས་ལ་ཨ་རུ་ན་ཅལ་ནས་ལྷ་སའི་བར་གྱི་ལམ་ཡིག་གི་ས་ཁྲ་ཞིག་ཀྱང་བྲིས་པ་རེད།      རྗེས་སུ།    མི་དེ་གཉིས་རྒྱ་ནག་དང་ར་ཤི་ཡའི་གསང་མྱུལ་ཡིན་པར་བཤད་ཡོད།    ས་ཁྲ་དེའི་ནང་དུ་ཨ་རུ་ན་ཅལ་སོགས་ཀྱི་བཙན་རྫོང་དང་དམག་སྒར་དང་དམག་སྡེའི་འགོ་ཁྲིད་བཅས་ཀྱི་གནས་ཚུལ་ཞིབ་ཚགས་པོས་བཀོད་ཡོད།     རྒྱུ་མཚན་དེ་དག་ལ་བརྟེན་ནས།     ཨིན་ཇིའི་རྒྱ་གར་སྲིད་གཞུང་གིས་དགེ་ཆོས་ཀ་ལོན་སྦུག་ཏུ་སྡོད་མི་ཆོག་པའི་བརྡ་ཁྱབ་བཏང་བ་རེད།      སྤྱི་ལོ་༡༩༤༦་ལོའི་ཟླ་བདུན་པའི་ཚེས་༡༥་ཉིན་ལ།     དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་མ་འོངས་པའི་ཆེད་དུ་ཐུགས་རེ་ཟབ་མོ་ཞིག་བཅིངས་ནས་རང་གིས་ལོ་མང་རིང་དུ་བསགས་པའི་ཡིག་ཆ་དང་ཤོག་དྲིལ་སྣ་མང་ཡོད་པའི་ཡིག་སྒམ་ཁ་ཤས་བསྣམས་ཏེ་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ཀ་ལོན་སྦུག་ནས་ཐོན་ཏེ་འབྲུག་ཡུལ་དང་མོན་རྟ་དབང་བརྒྱུད་ནས་སིམ་ལའི་ཆིངས་ཡིག་དང་འབྲེལ་བ་ཡོད་པའི་གལ་ཆེ་བའི་ས་གནས་ཁག་ལ་གཟིགས་རྟོགས་དང་ཉམས་ཞིབ་ཞོར་དུ་བོད་ཀྱི་ལྷ་སར་ལོག་པ་རེད།    སྐབས་དེར།    ཨིན་ཇིའི་རྒྱ་གར་སྲིད་གཞུང་གི་གནོན་ཤུགས་ཀྱི་འོག་ཏུ་བོད་ཀྱི་བཀའ་ཤག་སྲིད་གཞུང་གིས་དགེ་འདུན་ཆོས་འཕེལ་ལ་མ་ཉེས་ཁ་གཡོག་གི་སྐྱོན་འཛུགས་བྱས་ནས་འཛིན་བཟུང་བྱས་ཏེ་བཙོན་ལ་བཅུག་པ་རེད།    དགེ་འདུན་ཆོས་འཕེལ་ལྷ་སའི་བཙོན་ཁང་དུ་ལོ་གསུམ་ལ་བཞུགས་ནས་གློད་གྲོལ་བཏང་བའི་སྐབས་སུ་ཁོང་གི་ཡིག་ཆ་ཁག་དང་ལོ་རྒྱུས་ཀྱི་ཤོག་དྲིལ་བཅས་ཚང་མ་བོར་བརླག་ཏུ་ཕྱིན་ཚར་བས།       ཁོང་ཉིད་ཐུགས་སྐྱོ་བ་ཆེན་པོའི་ངང་ནས་སྤྱི་ལོ་༡༩༥༡་ལོར་ལྷ་སའི་བར་སྐོར་དུ་སྐུ་གཤེགས་པ་རེད།    །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།