གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅།།ཨ་རིག་གུར་དགོན་ནམ་ཨ་རིག་དགོན་ཆེན་གྱི་ལོ་རྒྱུས་མདོར་བསྡུས།

2015-02-28 09:52:17 ཞོ་བཟང་དགེ་འདུན་ཚུལ་ཁྲིམས། ཀློག་གྲངས། མཆན ཡོད།

 
  ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་ལས།---ཨ་རིག་གུར་སྒར་རམ་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་ནི། དུས་རབས་དང་ཕྱི་ལོ་ནམ་ཞིག་ལ་བླ་མ་སུ་ཞིག་གིས་བཏབ་པར་ཁ་ཚོན་གཅོད་མི་ཐུབ་མོད། ཨ་རིག་པ་རྣམས་ཀྱི་ངག་རྒྱུན་ལ་ཨ་རིག་དགོན་ཆེན་ལ་མི་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་པར་བཤད་པ་ལའང་བདེན་པ་ཡོད་དེ། སྔོན་ཨ་རིག་གུར་སྒར་ཀེ་ཐོ་རི་བོའི་འདབས་སུ་དགོན་པ་ཆགས་ཡོད་དུས་གྲུབ་ཆེན་ཉོབ་བམ་ཡོན་ཏན་དབང་ཕྱུག་དང་སྐྱིད་མོ་ཡག་ཟེར་བ་གཉིས་ཀེ་ཐོའི་མཚམས་ཁང་དུ་བསྙེན་མཚམས་ལ་བཞུགས། རབ་བྱུང་དགུ་བའི་ཤིང་བྱི༼ ཕྱི་ལོ༡༥༦༤༽ལོར་ཁོ་གཉིས་ལ་སྲས་ཤིག་འཁྲུངས། ཉིན་ཞིག་མཚམས་ཁང་དུ་བྱིས་པ་ངུ་བའི་སྒྲ་དགོན་པའི་གྲྭ་བ་ཚོས་ཐོས་ནས་ཁོ་གཉིས་ལ་སྡིགས་དམོད་མང་པོ་བྱས། གྲུབ་ཆེན་ཉོབ་ཚང་གིས་དགོན་པར་བཤད་རྒྱུར། བྱིས་པ་འདི་ཁྱོད་ཚོར་མི་མཁོ་ན་ང་ལའང་དགོས་མཁོ་ཅང་མེད་ཟེར་ནས་གཡང་གཟར་དུ་འཕངས་པ་ན་རྡོ་ཕ་བོང་ཞིག་གི་སྟེང་དུ་ལྷུང་ཡང་བྱིས་པ་ལ་སྐྱོན་མ་བྱུང་། རྗེས་མར་བྱིས་པ་དེ་ནི་ཀི་རྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་མཆོག་ཡིན་ལ། ད་ལྟ་ཡང་བྱིས་པ་མར་འཕངས་སའི་རྡོ་ཕ་བོང་ཡིན་ཟེར་བ་ཞིག་བྲག་ཀེ་ཐོའི་རི་འདབས་སུ་ཡོད་ཟེར་རོ།།
  ཡང་རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས༼ ཕྱི་ལོ༡༦༥༡ ༽ལོར་སྐྱང་རྩེ་སྐུ་ཕྲེང་བཞི་བ་དགེ་བཤེས་བསྟན་པ་རིན་ཆེན་མཆོག་ཨ་རིག་ཡུལ་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཨ་རིག་དགོན་ཆེན་དུ་བཞུགས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས། ཞེས་དང་། སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་ལས། མདོ་སྔགས་གང་ལའང་རྣམ་དཔྱོད་ཐོགས་པ་མི་མངའ་བའི་མཁས་དབང་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཁོང་རབ་བྱུང་བཅུ་གཅིག་པའི་ལྕགས་ཕག༼ ཕྱི་ལོ༡༦༧༡ ༽ལོར་རང་ཡུལ་དུ་བྱོན་ནས་འབལ་མང་རའི་རྒྱབ་ཏུ་གུར་དགོན་དུ་བཞུགས་ནས་སྒྲུབ་པ་ཁོ་ན་མཛད་ཅེས་པ་སོགས་ལ་གཞིགས་ན། རབ་བྱུང་དགུ་བའི་མཇུག༼ ཕྱི་ལོ༡༥༦༤༽ལ་ཨ་རིག་གུར་དགོན་ཡོད་པར་ཐག་བཅད་ཆོག་ལ། ཨ་རིག་གི་རྒན་རབས་པ་དག་གིས་ཀྱང་ཨ་རིག་གུར་སྒར་ནི་ཨ་རིག་གི་མ་དགོན་ཡིན་པར་བཤད་པ་དང་། དེ་བས་སྔོན་ཨ་རིག་དགོན་ཆེན་གྱི་གྲྭ་བ་ཞིག་ཡིན་ན་ཨ་རིག་རྭ་རྒྱ་དགོན་པ་དང་ཨ་རིག་གཙང་དགོན་པ་སོགས་ལ་ཕེབས་ཚེ་སྔོན་འགྲོ་ཅི་ཡང་མེད་པའི་སྒོ་ནས་ཐད་ཀར་དུ་ཚོགས་ལ་ཕེབས་ཆོག་པ་དང་། ཨ་རིག་རྭ་རྒྱ་དགོན་པ་དང་ཨ་རིག་གཙང་དགོན་པ་སོགས་ཀྱི་གྲྭ་བ་ཞིག་ཡིན་ན་ཨ་རིག་དགོན་ཆེན་གྱི་ཚོགས་ལ་ཕེབས་དགོས་ཚེ་ཐོག་མར་དགེ་སྐུལ་སོགས་ལ་འཇུག་སྒོའི་རིམ་པ་རྣམས་ཞུས་རྗེས་མ་གཏོགས་ཚོགས་ལ་ཕེབས་མི་ཆོག་ཟེར། ཨ་རིག་གུར་སྒར་ནི་སྔོན་བཤད་སྒྲུབ་གཉིས་འཛོམས་ཀྱི་ཆོས་སྡེ་ཆེན་པོ་ཞིག་ཡིན་པས་ཨ་རིག་དགོན་ཆེན་དུ་གྲགས་པར་བཤད་དོ།།
  ཡིན་ནའང་། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཆོག་གིས་མཛད་པའི་མདོ་སྨད་ཆོས་འབྱུང་ལྟར་ན། བྱ་བྲལ་དགེ་བཤེས་ངག་དབང་བསོད་ནམས་མཆོག་གིས་རབ་བྱུང་བཅུ་གསུམ་པའི་ས་ཕག༼ ཕྱི་ལོ༡༧༧༩ ༽ལོའི་ལོ་འགའི་སྔོན་ལ་ཨ་མྱེས་ཁྲབ་ཆེན་རི་བོའི་མདུན་རོལ་གྱི་རྡོ་རྫོང་གད་པ་གཡང་ར་ནས་རི་ཁྲོད་པའི་དགོན་པ་ཨ་རིག་རྡོ་རྫོང་དགོན་པ་བཏབ་ནས་མཚན་ཉིད་ཀྱང་རྒྱས་པར་བཙུགས།
  ཁོང་གིས་བསྡུས་གྲྭ་ཞིག་ཀྱང་བརྩམས་ཏེ་དགོན་པ་ལེགས་པོ་བྱུང་མཚམས་སུ་སྐུ་སྙུང་བཞེས། མཚན་ཉིད་བཞག་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་མཆོག་ལ་གསང་འདུས་ཀྱི་དབང་ཞུས། འབུལ་བ་གཏོས་ཆེ་བ་བཏེགས། གྲྭ་ཚང་དུ་རྒྱུད་མཚན་ཉིད་གང་བཙུགས་ན་ལེགས་ཞུས་པར་མཚན་ཉིད་བཙུགས་ན་ལེགས་ཤིང་དགོན་པ་ཡུན་རིང་དུ་གནས་བ་དང་དགོན་མིང་ལ་དགའ་ལྡན་ཆོས་འཕེལ་གླིང་ཐོགས་གསུངས། དེང་སང་དགོན་པ་མཚོ་སྔོན་གྱི་སྟོད་དུ་ཡོད་པ་ལ་ཨ་རིག་གུར་སྒར་ཞེས་འབོད་སྲོལ་ཡོད། ཅེས་དང་། དབལ་མང་པཎྜི་ཏའི་རྣམ་ཐར་ལས་ཀྱང་། ནགས་རྡོ་རྫོང་སོགས་ཨ་རིག་གི་ས་ཕྱོགས། འབལ་གཞུང་སྟོད་སྨད་སོགས་དེ་ཕྱོགས་དབྱིབས་བཀོད་གོ་བ་རགས་ཙམ་ཆགས། དངོས་པོའི་ཆེ་ཆུང་གི་འབྲེལ་ལྡན་ཐམས་ཅད་ལ་བྱམས་པས་དམ་བཅས་པའི་གཟུངས་སོགས་རྣ་བར་བསྒྲགས་ཅི་ཐུབ་བྱས། ཉེ་ཞོ་མེད་པར་སྟོན་མཇུག་གདན་སར་འབྱོར། གང་རྙེད་བླ་བྲང་ལ་ཕུལ། བསམ་སྦྱོར་རྣམ་དག་གི་སྒོ་ནས་སྐྱབས་འཇུག་ཞུས་པར་སླར་སྨོན་ལམ་བཏབ་ཆོག་གསུངས། འདི་དུས་མཚོ་སྔོན་ནས། བྱ་བྲལ་དགེ་བཤེས་བསོད་ནམས་དང་མཇལ། སེར་འབྲས་དགེ་གསུམ་ལ་གྲགས་པའི་དགེ་བཤེས་འགྲན་ཟླ་མེད། ཨ་རིག་བེ་ཧུ་མཁས་གྲུབ་ཀྱིས་བཀུར་ནས་མཚན་ཉིད་གྲྭ་ཚང་གུར་སྒར་ཞིག་ཀྱང་བཏབ་ཅེས་གསུངས་འདུག་མོད་བྱ་བྲལ་ཚང་དབུས་ནས་ཨ་རིག་ཡུལ་དུ་ཕེབས་ནས་ཨ་རིག་གུར་སྒར་གྱི་ཆོས་འཆད་ཉན་ཡར་རྒྱས་སུ་བཏང་བ་མ་གཏོགས་གསར་དུ་བཏབ་པ་མིན་པར་སྙམ་སྟེ། བཤད་རྒྱུན་ལའང་། ཨ་རིག་དགོན་ཆེན་ནི་ཨ་རིག་གི་མ་དགོན་ཡིན་ཟེར་བ་དང་ཨ་རིག་དགོན་ཆེན་ལ་མི་ལོ་ལྔ་བརྒྱའི་ལོ་རྒྱུས་ཡོད་ཟེར་བའི་བཤད་རྒྱུན་ལས་ཅུང་འཕྱི་ཡོད་པར་འདོད་པས་དཔྱོད་ལྡན་དག་གིས་དཔྱད་གཞིར་སྣང་ངོ་།།
  ༼ རྡོ་རྫོང་གད་པ་གཡང་ར་ཞེས་པའི་མིང་ཐོགས་དོན་ནི། ཨ་རིག་གི་མེས་པོའི་གཉེན་སྟོན་སྐོར་གྱི་བཤད་པ་གཏམ་གྱི་རུ་མ་ལས། བློན་ཆེན་པོས་གོ་ཁྲབ་གྱོན་འདྲ་ཞིག་ཡོད་ནོ།། ས་རྡོ་རྫོང་ཨ་མྱེས་ཁྲབ་ཆེན་ཡིན་ནས་ཟེར་གི། ཕྱག་དར་དཀར་ཐད་ལ་འཐེན་འདྲ་ཞིག་ཡོད་ནོ།། ས་རྡོ་རྫོང་ཁ་ལམ་རིང་མོ་ཡིན་ནས་ཟེར་གི། རྟ་ར་རར་སྲུང་རྟགས་བཏགས་འདྲ་ཞིག་ཡོད་ནོ།། ས་རྡོ་རྫོང་གད་པ་གཡང་ར་ཡིན་ནས་ཟེར་གི། འདི་ཨ་རིག་དགོན་ཆེན་ཆགས་སའི་གནས་གཞི་ཡིན་ནས་ཟེར་གི། ཞེས་པའི་སྟོན་བཤད་འདི་ལས་ཀྱང་སྐབས་དེའི་ཨ་རིག་དགོན་ཆེན་ཆགས་ཡོད་སའི་མདུན་གྱི་ཨ་མྱེས་ཁྲབ་ཆེན་རི་བོ་དང་རྡོ་རྫོང་ཁ་ལམ་རིང་མོ། གད་པ་གཡང་ར་སོགས་སྟོན་བཤད་འདི་ལས་་གསལ་བོར་བསྟན་ཡོད་པས་ཤེས་ཐུབ་པོ།། ༽
  མངའ་རིས་སྐུ་ཕྲེང་གཉིས་པ་ཧུ་ཐོག་ཐུ་བསྟན་པ་རབ་རྒྱས་ཚང་ཨ་རིག་ཏུ་སྐུ་འཁྲུངས་པ་མངའ་རིས་ཚང་གིས་མ་བླུས་པས་ཨ་རིག་དགོན་ཆེན་དུ་ཕེབས་ནས་འཆད་ཉན་གྱི་གྲུ་ཆར་བར་མེད་དུ་ཕབ། སྐབས་དེར་རེབ་གོང་རྫོང་སེར་དགོན་པ་ཡང་འཐོར་ཞིག་ཏུ་སོང་བས་རྫོང་སེར་ཚང་གིས་བྱ་བྲལ་དགེ་བཤེས་བསོད་ནམས་གྲགས་པར་དགོན་པ་གྲགས་ཆེན་ཞིག་ཡོད་པ་གོ་ནས་དགོན་པར་ཚོགས་དུང་གཉིས་ཡོད་པ་ཁྱེར་ཡོང་སྟེ་ཨ་རིག་གུར་སྒར་ལ་ཕུལ་ཏེ་དགོན་དེའི་ཆོས་གྲྭར་ཞུགས་ནས་བསྡད། རྡོ་རྫོང་གད་པ་གཡང་ར་ནས་ལོ་ངོ་སུམ་ཅུ་ལྷག་ཏུ་བསྡད་རྗེས། ཨ་རིག་གི་རུ་བ་རྣམས་དུས་རབས་བཅུ་དགུ་བའི་མགོ༼ ཕྱི་ལོ༡༨༠༥ ༽ ལོའི་ཡས་མས་སུམཚོ་སྔོན་པོའི་ཕྱོགས་སུ་རུ་སྤོས་པ་དང་ལྷན་དུ་ཨ་རིག་གུར་སྒར་ཡང་རུ་བ་རྣམས་དང་ལྷན་དུ་གནས་དེར་འབྱོར། དེ་ནས་རིམ་བཞིན་ཧྭང་ངེའི་རི་རྒན་དང་། ཧོལ་ཁའི་ཤྭ་ར་ལ་ཙེ། བློན་པོ་གསེར་ཆེན་གྱི་མདུན་ལུང་། བོ་རོ་ཆུ་འགག ཐུར་རྒོན་མདོ། ལུང་རྒན་ཐང་། བ་ལུ་མ། ད་ལྟའི་དགོན་ཤུལ་རྒྱབ་ལུང་མདོ། གྲམ་དཀར། དུང་སོ། མུ་རི་ཁེར་རྩ། ལམ་ལུང་ཞོལ་མ་སོགས་སུ་གནས་སྤར་བ་དང་།
  རབ་བྱུང་བཅུ་དྲུག་པའི་མེ་ཁྱི༼ ཕྱི་ལོ༡༩༤༦ ༽ལོར་ཡང་བསྐྱར་ད་ལྟའི་དགོན་ཤུལ་འདི་ནས་གཏན་སྡོད་བྱས་ཏེ་བྱ་བྲལ་ཚང་དང་། མངའ་རིས་ཚང་། ཕག་སེ་ཚང་སོགས་ཀྱིས་རིམ་བཞིན་བསྐྱངས་སོ།།
  རབ་བྱུང་བཅོ་ལྔ་བའི་ཆུ་སྟག ༼ ཕྱི་ལོ༡༩༠༢ ༽ལོར་ཨ་རིག་དགོན་པའི་ཨ་ལགས་ཕག་སེ་ཚང་སྐུ་མྱ་ངན་ལས་འདས་ནས་རྫོང་སེར་ཚང་དང་རྒན་པ་ཁ་ཤས་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་སྐུ་མདུན་དུ་ཕེབས་ནས། ཨ་ལགས་ཕག་སེ་ཚང་གི་བསྔོ་ཞུས་དང་། རྫོང་སེར་སྤྲུལ་སྐུ་བསྙེན་བསྒྲུབ་བྱས། ཕག་སེ་ཚང་ཞལ་མ་བཞུགས་ཤིང་མངའ་རིས་སྤྲུལ་སྐུ་བག་ཡངས་མཛད་སྟབས་ཨ་རིག་དགོན་པའི་ཆོས་སྲིད་ཀྱི་སྐུ་དོན་ལ་བཀོད་ཁྱབ་བྱེད་མཁན་རྫོང་སེར་ཚང་དང་། བྱ་བྲལ་ཚང་། མ་ཁྱེ་ཆུང་བ་གསུམ་གང་འོས་ཀྱི་ཞུ་བར་ཞལ་བཀོད་ཞུས་པར། སྒྲིག་ལམ་གཙོ་བོར་གྱུར་བའི་སྐུ་དོན་གང་ཡོད་རྒན་མང་ཚོགས་འདུས་ཀྱིས་ཁུར་བཞེས་མཛད་དེ་ཤ་གང་ཚ་དང་གྲོས་མཐུན་དགོས་གསུངས་པ་བཞིན། ཨ་རིག་དགོན་ཆེན་གྱི་ལས་དོན་ཐམས་ཅད་རབ་བྱུང་བཅུ་དྲུག་པའི་ས་ཁྱི༼ ཕྱི་ལོ༡༩༥༨ ༽ལོའི་བར་དུ་དགོན་པའི་རྒན་པ་བཅུ་གསུམ་གྱིས་ཐག་གཅོད་བྱས་པས་ཐུགས་མཐུན་ཁྲིམས་གཙང་གི་དགོན་པ་འདི་ལྟ་བུ་དཀོན་ཞེས་སྔོན་རབས་པ་དག་གིས་གླེང་། འདི་དུས་ཨ་རིག་དགོན་ཆེན་ལ་འདུ་ཁང་ཆེན་མོ་སྦྲེ་འདོམ་ཆིག་སྟོང་སུམ་བརྒྱ་ལས་གྲུབ་པ་གཅིག་དང་མཆོད་པའི་འདུ་ཁང་གཅིག་དང་། སྨྱུང་གནས་འདུ་ཁང་། དགེ་ཕྱུག་སྟོང་དཔོན་ཐུབ་བསྟན་གྱིས་བཞག་པའི་འདུ་ཁང་། དབྱར་གནས་འདུ་ཁང་བཅས་རིན་ཐང་བྲལ་བའི་རྟེན་དང་བརྟེན་པ་མང་པོ་བཞུགས། ཐོས་བསམ་གླིང་དང་རྒྱུད་སྡེ་གཅིག་ལྕོགས་སུ་བཙུགས་ཡོད་པས་མཚོ་སྔོན་པོ་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེ་གྲས་དང་ཐུགས་མཐུན་ཁྲིམས་གཙང་གི་དགོན་པ་མིང་གྲགས་ཅན་ཞིག་ཡིན་པས། དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ་ཚང་གིས་ཀྱང་། གངས་ཅན་བོད་ཀྱི་དྭངས་མ་ཨ་རིག་གི། དགོན་ཆེན་ཁྲིམས་ལྡན་འདུས་པའི་རྒྱ་མཚོ་ཆེ།། ཞེས་བསྔགས་བརྗོད་མཛད་ཡོད་དོ།།
  སྔ་གཞུག་ཏུ་དགོན་འདི་ལ་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ། སྐུ་མཆེད་དགེ་འདུན་བསྟན་པ་རབ་རྒྱས། དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ། ལྡེ་ཚའི་ཨ་ཁུ་གྲགས་པ་དར་རྒྱས། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། དངུལ་རྭའི་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་རོ།།
  ང་བརྒྱད་ལོར་ཆོས་ལུགས་བསྒྱུར་བཀོད་བྱེད་དུས་དགོན་སྡེ་འདིར་ཁྲི་ཆེན་དང་ཁྲི་ཆུང་ཞེས་གཉིས་ཡོད་པ་ལས། མཁན་པོ་དང་ཧུ་ཐོག་ཐུའི་ཆོ་ལོ་ཡོད་པ་ལྟ་བུ་ཞིག་ཡིན་ཚེ་ཁྲི་ཆེན་གྱི་གོ་གནས་ཡོད་ལ་དེ་དག་ནི། བྱ་བྲལ་ཚང་དང་། མངའ་རིས་ཚང་། རྫོང་སེར་ཚང་། ལྷོ་བ་ཧུ་ཐོག་ཐུ་ཚང་། ཕག་སེ་ཚང་། མ་ཁྱེ་ཆེ་བ་ཚང་། དགོན་ལུང་མཁན་ཟུར་རྡོ་བ་ཚང་སོགས་ཡིན། རབ་འབྱམས་པའི་མཚན་བཏགས་ལྟ་བུ་ཐོབ་པའི་དགེ་བཤེས་ཞིག་ཡིན་ཚེ་ཁྲི་ཟུར་རམ་ཁྲི་ཆུང་གི་གོ་གནས་ཡོད་ལ་དེ་དག་ནི། སོག་རྩ་ཚང་། བཙན་པོ་ཚང་། སྨྲ་ཁམས་ཚང་། ཧོར་ཚང་། ལྡོང་ཚང་། གླིང་ཚང་། ཆོས་མཛད་ཚང་། མ་ཁྱེ་ཆུང་བ་ཚང་། རུ་སར་ཚང་བཅས་ཡིན། ད་དུང་དགོན་པ་འདི་ནས་ཧོར་དགེ་བཤེས་བསོད་ནམས་གྲགས་པ་དང་། གླིང་དགེ་བཤེས་འཇམ་དབྱངས་རྒྱ་མཚོ། སྨྲ་ཁམས་དགེ་བཤེས་བློ་བཟང་ཡར་འཕེལ། རུ་སར་དགེ་བཤེས་བློ་བཟང་ཆོས་འཕེལ། ཨ་གནམ་དགེ་བཤེས་སྐལ་བཟང་རྒྱ་མཚོ། ཤིང་སྡེ་དགེ་བཤེས་འཇམ་དབྱངས་ལེགས་བཤད་སོགས་མཁས་པའི་ཁྱུ་མཆོག་སྟག་སེང་ཁ་སྤྲད་པ་ལྟ་བུ་མང་པོ་བྱུང་ངོ་།། སྔོན་དགོན་འདི་ལ་སྒར་བ་བཅུ་དྲུག་དང་གྲྭ་བ་ཉིས་བརྒྱ་ལྷག་ཡོད་པ་ཡོངས་རྫོགས་ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཕལ་ཆེར་ལྷག་ལུས་མེད་པར་བྱས་སོ།།
  དེ་ཡང་རབ་རྒྱན་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ༼ ཕྱི་ལོ༡༩༧༨ ༽ལོར་ཆོས་དད་རང་མོས་ཀྱི་མགོ་བརྩམས་ཏེ། བདེ་སྐྱིད་ཀྱི་ཉི་མ་གཞོན་ནུ་འཛིན་མའི་ཁྱོན་ལ་སྤྲོས་པར་བརྟེན། ཨ་རིག་ཡུལ་དུ་འང་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ༼ ཕྱི་ལོ༡༩༨༠ ༽ལོར་རྣམ་འདྲེན་ཐུབ་པའི་དབང་བོ་ལྷ་ལས་བབས་པའི་དུས་ཆེན་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་མངའ་རིས་བློ་བཟང་ལུང་རྟོགས་རྒྱ་མཚོ་དང་། སྨྲ་ཁམས་བློ་བཟང་ཚུལ་ཁྲིམས་བསྟན་འཛིན། ཧོར་སྐལ་བཟང་ལེགས་བཤད་རྒྱ་མཚོ། མ་ཁྱེ་སྐལ་བཟང་བསྟན་འཛིན་རྒྱ་མཚོ། ཞབས་དྲུང་བློ་བཟང་ལུང་རིགས་རྒྱ་མཚོ། ལྡོང་བློ་བཟང་བསྟན་པའི་རྒྱལ་མཚན། དགེ་སློང་བཀྲ་ཤིས་རྒྱ་མཚོ། དབུ་མཛད་རབ་རྒྱས། རྒྱ་ཉག་ཤེས་རབ། རྒྱ་ཉག་བཤད་སྒྲུབ་སོགས་ཀྱིས་གུར་གྱི་བཙན་ཁང་དང་། རེ་འདོམ་དྲུག་བརྒྱ་ལྷག་གི་འདུ་ཁང་གསར་དུ་ཕུབ་སྟེ་ཆོས་ཀྱི་སྒོ་མོ་དངོས་སུ་ཕྱེས་པ་དང་ལྷན་དུ་བླ་གྲྭ་རྣམས་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བ་ལ་མངོན་པར་ཕྱོགས་པར་གྱུར་ཏོ།།
  ལོ་འདིར་ཨ་རིག་དགོན་ཆེན་གྱི་ཆོས་ཁྲིམས་པ་ལྡོང་བཀྲ་ཤིས་རྒྱ་མཚོ་དང་། དབུ་མཛད་རྒྱ་ཉག་ཤེས་རབ། སྦྱིན་བདག་བསོད་ནམས་སོགས་ཀྱིས་བཟང་གོས་དང་ལྷ་རྫས་ཀྱི་དངོས་པོའི་སྐྱེས་དང་བཅས་སྔོན་ཆད་དགོན་སྡེ་འདིར་དགེ་བའི་བཤེས་བཤེས་གཉེན་ཆེན་མོ་དཔའ་རིས་བློ་བཟང་རབ་གསལ་ཚང་གིས་བརྩམས་པའི་རྗེའི་རྣམ་ཐར་གྱི་བཤད་པ་ཞིག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་ཚོགས་སུ་འདོན་སྲོལ་ཡོད་པ་བསྟན་པ་ཉམས་འགྲིབ་ཀྱི་སྐབས་སུ་དཔེ་ཡང་ཆུད་ཟོས་སུ་གྱུར། དེར་མ་ཟད་བློ་ན་ཡོད་པའང་ཆལ་ཆོལ་དུ་གྱུར་བས་གསར་བ་ཞིག་རྩོམ་དགོས་པའི་སྐུལ་མ་དང་དོན་གཉེར་ནན་ཏན་མཛད་པའི་ངོར། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ཚང་གིས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བཀོད་པའི་རབ་ཏུ་བྱེད་པ་དད་པའི་སྒོ་འབྱེད་ཅེས་བྱ་བ་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ལ་གྲུབ་པར་མཛད།
  ཟད་པ་ཞེས་པ་མེ་སྟག༼ ཕྱི་ལོ༡༩༨ ༽ལོར་མངའ་རིས་ཚང་དང་ལྡོང་བཀྲ་ཤིས་རྒྱ་མཚོ། རྒྱ་ཉག་བཤད་སྒྲུབ། ལུག་མང་ཚུལ་ཁྲིམས་སོགས་མི་སྣ་བཅུ་གསུམ་ལ་འགོ་བའི་མིང་བཏགས་ནས་འདུ་ཁང་སྟེང་འོག་ཡོངས་ལ་གྱན་དྲུག་ཅུ་ཅན་ཞིག་གསར་བཞེངས་བྱས་ནས་སྐྱ་བཟོ་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་འདི་ནས་བཟུང་ཨ་རིག་གུར་སྒར་ནི་ཁང་དགོན་དུ་གྱུར། རྗེས་སོར་རིམ་གྱིས་དགོན་དེར་བཙན་ཁང་ཆེན་མོ་དང་། མ་ཎི་འཁོར་ཁང་། བདེ་གཤེགས་མཆོད་རྟེན་བརྒྱད། རྨི་གྲུ་བཞི་མ་སུམ་བརྒྱ་ལྷག་ཡོད་པའི་སྦྲ་གུར་ཆེན་མོ། བཙུན་མོ་དམར་ཡག་མའི་རིའི་སྟེང་གི་དབྱེན་ཟླུམ་མཆོད་རྟེན། མངའ་རིས་ཚང་གིས་སོག་གུར་གྱི་དབྱིབས་ལྟར་བཞེངས་པའི་བྱམས་ཁང་། སྨྲ་ཁམས་ཚང་གིས་བཞེངས་པའི་ཨ་རིག་ཇོ་ཁང་ཆེན་མོ། ད་ལྟ་གོང་རིམ་གྱིས་རོགས་སྐྱོར་འོག་གསར་དུ་བཞེངས་བཞིན་པའི་འདུ་ཁང་ཆེན་མོ་བཅས་ཡོད།
  ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ༼ ཕྱི་ལོ༢༠༠༡ ༽ལོའི་དཔྱིད་ཀར་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་ཨ་རིག་དགོན་ཆེན་དུ་ཕེབས་ནས་ཕྱག་དབང་སོགས་བསྩལ། ལོ་འདིར་དགེ་སློང་དམ་ཆོས་ཡར་འཕེལ་གཙོ་བྱས་གྲྭ་བཙུན་སྐོར་ཞིག་གིས་དམར་ཟས་བཅད་པ་མ་ཟད། འདུ་ཁང་དང་། བཙན་ཁང་། ཇ་ཁང་བཅས་ཀྱི་ནང་དུ་དམར་ཟས་འཁྱེར་མི་ཆོག་ཅེས་ཐག་བཅད་པར། ས་ཕྱོགས་མང་པོ་ནས་གཟུར་གནས་མཁས་པ་དག་གིས་བསྔགས་བརྗོད་བླ་མེད་ཐོབ། ད་ལྟ་དགོན་པ་འདི་ལ་གྲྭ་ཤག་བཞི་བཅུ་ལྷག་དང་བླ་གྲྭ་སུམ་ཅུ་ལྷག་གིས་འཁོར་ལོ་གསུམ་གྱིས་བྱ་བས་དུས་འདའ་བཞིན་ཡོད་དོ།།
  ཆོས་ཐོག་གི་སྐོར་ལ། སྔར་སྲོལ་ལྟར་རྒྱ་ལོ་སྨོན་ལམ་དང་། བཞི་བའི་སྨྱུང་ཆེན། དྲུག་པའི་མཆོད་པ། དབྱར་གནས་ཆེན་མོ། དགུ་བའི་མ་ཎི། བཅུ་བའི་ལྔ་མཆོད་སོགས་ཡོད་ལ། ང་བརྒྱད་ཡར་སྔོན་ལ་ཐོས་བསམ་གླིང་བའི་དུས་བཞིའི་ཆོས་ཐོག་ལ་རྩོད་པ་དང་སྐུ་རིམ་རྣམ་གསུམ་བཅས་ཡོད། ཆོས་ཐོག་མེད་པའི་སྐབས་སུའང་རྒྱུན་ཇ་འཚོགས་ནས་མ་ཎི་དང་བསང་གསེར་སྐྱེམས་བཅས་ཉིན་རྒྱུན་གསུངས་བཞིན་ཡོད་དོ།།
  ༼དགོན་འདི་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང(祁连县)ཨ་རིག་ཡུལ་ཚོ་དང་འདབས་འབྲེལ་ནས་ཆགས་ཡོད། ༽ བོད་རྒྱལ་ལོ༢༡༤༡ལོའི་ཟླ༩པ་སྔོན་མའི་ཚེས༢༢ཉིན།
ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་ལས།--ཅུང་ལྷག་བྱུང་སོང་བས་འདིར་གསལ་བཤད་ཀྱིས་ཚུལ་དུ་བཀོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།