བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་རྣམ་ཐར་མདོར་བསྡུས།

བེ་རི་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-26
 བྲག་དཀར་སྐུ་ཕྲེང་གསུམ་པ་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནི།རབ་བྱུང་བཅུ་བཞི་པའི་མེ་སྟག་ ༡༨༦༦ལོར་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་གྱི་འབྲུག་ལངས་གྲོང་དུ་ཡབ་བསམ་གཏན་ཚེ་རིང་དང༌།ཡུམ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།།དེ་ནས་དཀའ་ཆེན་རྡོ་རྗེ་འཆང་གིས་ཡང་སྲིད་མྱུར་དུ་འབྱོན་པའི་རིམ་གྲོ་བསྒྲུབ་རྒྱུ་དང༌།ཁྱེའུ་ལོ་རྟགས་མཐུན་པ་ཡུལ་གྲུ་སྟོད་སྨད་ཐམས་ཅད་དུ་ས་བོན་བསྡུ་རྒྱུ་དང༌།ཁྱེའུ་མིང་གྲངས་ས་བོན་བསྡུས་ཟིན་པ་དཀའ་ཆེན་རྡོ་རྗེ་འཆང་རང་གིས་གཟིགས་ནས་ཁྱེའུ་ཉི་ཤུ་རྩ་ལྔ་བསལ་ནས་པཎ་ཆེན་ཐམས་ཅད་མཁྱེན་བའི་སྤྱན་ལམ་དུ་ཕབ་རྒྱུ་མཛད།དེ་ནས་ཕྱག་མཛོད་སངས་རྒྱས་ཚེ་བརྟན་དཔོན་གཡོག་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་དུ་གཙང་ཕྱོགས་སུ་སོང་སྟེ།པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་སྐུ་མདུན་དུ་ཁྱེའུ་མིང་གྲངས་ཀྱིས་ས་བོན་ཡར་ཕུལ་བ་དང༌།པཎ་ཆེན་ཐམས་ཅད་མཁྱེན་པས་ཞིབ་ཏུ་གཟིགས་ནས་ད་ལོའི་ལོ་ཁུངས་འདིའི་ནང་བར་གཅོད་ཆེ་བས་ཕྱོགས་ཀྱི་གནས་ཁྱད་པར་ཅན་རྣམས་ལ་མཆོད་འབུལ་དང༌།ལྷག་ཏུ་བཀའ་འགྱུར་གང་མང༌།གནས་བརྟན་ཕྱག་མཆོད་སོགས་གང་མང་དགོས།རྗེས་སོར་ལོ་གསར་པའི་ནང་ལ་བར་ཆད་མེད་ན་ངོས་འཛིན་ཆོག་གསུངས།དེ་ནས་ཕྱག་མཛོད་སངས་རྒྱས་ཚེ་བརྟན་གྱིས་ཀྱང་ཕྱོགས་ཀྱི་གནས་ཁྱད་པར་ཅན་རྣམས་སུ་མཆོད་འབུལ་གསོལ་བཏབ་སོགས་ཞིབ་ཆ་བྱས་ནས་སླར་ཡང་པཎ་ཆེན་མདུན་ཕྱིར་བཅར་ནས་གསོལ་བ་བཏབ་པས།ད་རུང་ལོ་གཅིག་གཉིས་ལ་བར་ཆད་འདུག་པས་གསང་དགོས་གསུངས་བྱུང་བ་དང༌།ཕྱག་མཛོད་སངས་རྒྱས་ཚེ་བརྟན་ཡིད་རབ་ཏུ་ཕམ་ནས་མྱུར་དུ་ཡང་སྲིད་མཇལ་ཆོག་པ་ཞེས་ངུས་ཏེ་ཞུས་པས།པཎ་ཆེན་ཐམས་ཅད་མཁྱེན་པས་ཁྱོད་སེམས་ཆུང་མི་དགོས། ད་རུང་ཞབས་བརྟན་རིམ་གྲོ་ནན་ཏན་སྒྲུབས་དང་མཆོག་གི་སྤྲུལ་པའི་སྐུ་འགྲན་ཟླ་དང་བྲལ་བ་ཞིག་བྱོན་པ་ཐེ་ཚོམ་མི་དགོས་པས་བློ་བདེ་བ་གྱིས་གསུངས་ནས་གནང་སྦྱིན་དང་བཅས་ཏེ་རང་ཡུལ་དུ་བཀའ་མངགས་མཛད་པ་བཞིན་ཕ་ཡུལ་དུ་འོང་ནས་ཞབས་བརྟན་རིམ་གྲོ་སོགས་རྒྱ་ཆེན་པོ་བསྒྲུབས་ནས་ས་སྦྲུལ་ལོ་སླར་ཡང་གཙང་དུ་དགེ་སློང་བློ་བཟང་ཚེ་བརྟན་ཆེད་མངགས་ཀྱིས་སྐབས་དེ་དུས་པཎ་ཆེན་ཐམས་ཅད་མཁྱེན་པས། བླ་མ་བྱང་ཆུབ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་ཡིན་པ་ངོས་འཛིན་མཛད་དེ་ཕྱག་ཟམ་བཙུགས།མིང་ཡང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ་ནས།མཚན་བསྟོད་དང་ཞབས་བརྟན་ཟུང་འབྲེལ་མཛད་ནས་གནང་བས་དགེ་སློང་བློ་བཟང་ཚེ་བརྟན་རང་ཡུལ་དུ་འབྱོར་ནས་དཀར་པོ་ཞེས་པ་ས་སྦྲུལ་སྦྲུལ་ཟླའི་ཚེས་བཅུ་ལ་གཞི་ལུང་མཆོག་སྤྲུལ་དང༌།ནགས་ཚང་མཆོག་སྤྲུལ་གཉིས་ཀྱིས་གཙོ་བོ་མཛད་ནས་བླ་ཁག་དགོན་ཁག་ཧོར་ཁག་ཐམས་ཅད་འཛོམས་ནས་ཁྲུས་བྱ་ཞིང་ན་བཟའ་གསོལ་ལུགས་ལེགས་པར་བྱས།ཁྲི་སྟེང་དུ་བཞག་ནས་མཇལ་ཁ་ཞུ་མཁན་མང་པོ་ལ་ཕྱག་དབང་གནང་རྒྱུ་སོགས་བྱེད་དུ་བཅུག་པས་མི་ངུ་ཞིང་སྤོབས་པ་ཆེ་བ་བླ་མ་བགྲེས་པ་གཅིག་གི་སྤྱོད་ལམ་ལྟར་ཡ་མཚན་ཆེ་བ་འདུག་ཅེས་ཐམས་ཅད་སྤྲོ་བཞིན་དུ་ཕྱིར་ཕེབས།དེ་ནས་རབ་མྱོས་ཞེས་པ་ལྕགས་རྟ་ཟླ་བ་གཉིས་པ་བཅོམ་ལྡན་འདས་ཤཀྱ་ཐུབ་པ་སྟོང་གཟུགས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་ནག་པ་ཟླ་བའི་ཚེས་གཉིས་བཟང་པོར་བབས་བའི་དུས་སུ་བྲག་དཀར་རི་ཁྲོད་ཀྱི་གདན་ས་ལ་བླ་མ་དཔོན་པོ་ཡུལ་སྡེའི་གཙོ་བོ་མཐའ་དག་འཛོམས་ཏེ་ཚེ་དཔག་མེད་གྲུབ་རྒྱལ་ཐུགས་ཀྱི་ཞབས་བརྟན་ཕུལ་ནས་ཁྲི་སྟོན་རྒྱས་པར་བྱས།
དགུང་ལོ་ལྔ་ལ་ཁྲི་འདོན་དང་ཡོངས་འཛིན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་སོགས་བསླབས།དགུང་ལོ་དགུ་པར་བུ་རམ་སྣ་སྤྲུལ་པའི་སྐུ་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ་དང་སྙན་ངག ཐུན་མོང་མ་ཡིན་པ་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་བཤད་ཁྲིད་གསན།དགུང་ལོ་བཅུ་པ་ཤིང་ཕག་༡༨༧༥ལོར་འཁྲུངས་གསར་སྤྲུལ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་དཔལ་ལྡན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་གསོལ།རྒྱལ་རོང་བླ་མ་དཀོན་མཆོག་ཆོས་འཕེལ་ལས་འཇིགས་བྱེད་ཀྱི་དབང་དང༌།དབྱངས་ཅན་སྒྲ་མདོ་དང་རྩ་རླུང་འཕྲུལ་འཁོར་གྱི་ཁྲིད་སོགས་ཞུས།དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་པའི་ཆུ་རྟ་ ༡༨༨༢ ལོར་དབུས་སུ་བྱོན་ཏེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌།བློ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་གྲུབ་དབང་དྷརྨ་སེངྒེའི་བཀའ་ལུང་བཞིན་མི་ལོ་ལྔའི་རིང་ཆོས་གྲྭ་འགྲིམས་ཏེ་གཞུང་ཆེན་པོད་ལྔ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས།རྗེ་འདི་ཉིད་དང་ལྡན་མ་བློ་ཆོས་རིན་པོ་ཆེ་གཉིས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་ཐུགས་ཐོག་ནས་སྐྱོར་རྒྱུ་ཡོད་པའང་གྲགས་ཆེ།གདན་ས་གསུམ་ཀར་རྩོད་མེད་མཁས་པའི་མཚན་སྙན་རྒྱས། དགུང་ལོ་ཉི་ཤུ་པ་ཤིང་བྱ་ ༡༨༨༥ དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་གྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས།དགུང་ལོ་ཉེར་གཉིས་པ་མེ་ཕག་ ༡༨༨༧ ལོར་ཁམས་ཀྱི་མཁས་པ་ཆེན་པོ་སྔ་འགྱུར་བསྟན་པའི་གཙུག་རྒྱན་འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱལ་མཚན་གྱིས་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པར་དག་ཐེར་ཆེད་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་པ་རྗེའི་ལྟ་གྲུབ་ལ་ཟུར་ཟའི་ཟོལ་གྱིས་དབུས་གཙང་ཁུལ་དུ་འགྲེམས་པ་ལ།ཟབ་མོ་དབུ་མའི་གནད་ལ་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་དང་དེའི་ལན་དགག་པ།སླར་ཡང་དེའི་ཡང་ལན་ངན་ཁྲག་ཁུ་བ་འབྱིན་པའི་སྐྱུགས་སྨན་བཅས་པོད་ཆེན་གཅིག་མཛད།སྐབས་དེར་མདོ་དབུས་གང་ས་ནས་དགེ་ལྡན་པའི་མཁས་པ་མང་པོས་དགག་ལན་སྔ་ཕྱི་དུ་མར་མཛད་པའི་ཁྲོད་ནས་དཔལ་རིས་དགེ་བཤེས་བློ་བཟང་རབ་གསལ་དང་རྗེ་འདིའི་དགག་ཡིག་གཉིས་ལ་བསྟོད་བསྔགས་ཆེན་པོ་དང་འབྲེལ་དོན་ལ་ཁས་བླངས་པར་གྲགས།གྲུབ་དབང་དྷརྨ་སེང་གེ་ལས།གསོ་རིག་དང་གཅོད་ཀྱི་དབང་འཁྲིད།ྋགོང་ས་ལྔ་པ་ཆེན་པོའི་གསང་བ་རྒྱ་ཅན།ཀློང་ཆེན་སྙིང་ཐིག་གི་དབང་ལུང་འཁྲིད་གསུམ།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ཆོས་སྔ་འགྱུར་རྙིང་མའི་ཆོས་སྐོར་ཡང་མང་དུ་གསན་ཏེ།གསར་རྙིང་མཁས་གྲུབ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པར་གྱུར།དགུང་ལོ་ཉེར་གསུམ་པ་ས་བྱི་ ༡༨༨༨ ལོར་གྲུབ་དབང་དྷརྨ་སེང་གེའི་བཀའ་ལུང་ལྟར་མདོ་ཁམས་ཁུལ་དུ་ཕེབས་ཏེ་རྫོགས་ཆེན་མཁན་པོ་གཞན་ཕན་མཐའ་ཡས་ལས་སྤྱོད་འཇུག་ཆེན་པོ་དང༌།རྫ་སེ་རུང་འཇམ་དབྱངས་དབང་ཕྱུག་རབ་བརྟན།ཉ་རྒྱས་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་སོགས།མདོར་ན་ཁམས་ཁུལ་གྱི་གསར་རྙིང་གི་མཁས་གྲུབ་དུ་མའི་ཞབས་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་བཀའ་ལུང་མན་ངག་རྒྱ་ཆེར་མནོས།དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང༌།ཆོས་དབྱིངས་དགོན།བྲག་མགོ་དགེ་ཐར་ལུང་གི་ཧོར་བྲག་མགོ་ཆོས་སྒར་སོགས་གདན་སར་མཛད་དེ།བྱམས་ཆོས་སྡེ་ལྔ་དང༌།དབུ་མ་རྩ་འཇུག་བཞི་གསུམ།རིགས་ཚོགས།བསྟོད་ཚོགས་སོགས་ཀྱི་འཆད་འཁྲིད་མཛད།གཞན་ཡང༌།དཀར་མཛེས་དང་བྲག་མགོ།མི་ཉགགསེར་ཐར་སོགས་ཁམས་ཀྱི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌།རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱིས་མཚོན་བླ་མ་སོ་སོའི་གསུང་འབུམ་སྣ་ཚོགས་ཀྱི་ལྗགས་ལུང༌།བདེ་གསང་འཇིགས་གསུམ་དང༌།སྙིང་ཐིགཞི་གཅོད་དབང་ལུང་འཁྲིད་གསུམ།བྱང་ཆུབ་ལམ་རིམ་ཆེ་ཆུང་བཅས་ཀྱི་བཀའ་ཆོས་རྒྱ་ཆེར་གསུངས་ནས་ས་དགེ་རྙིང་གསུམ་དང༌།བཀའ་འབྲུག་བོན་གསུམ་རིས་སུ་མ་བཅད་པའི་སྐལ་ལྡན་གྱི་གདུལ་བྱ་ཤིན་ཏུ་མང་པོ་བསྐྱངས།ཧོར་བྲག་མགོ་ཆོས་སྒར་དུ་བཀའ་པོད་ལྔའི་བཤད་གྲྭ་བཙུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་པོད་ལྔ་པ་ཞེས་པ་ཕྱིས་སུ་གྲྭ་སར་ཕེབས་ནས་ཕ་ར་མཁན་ཆེན་པད་མ་རྒྱལ་མཚན་གྱི་ཡོངས་འཛིན་ཡིན་པ་སོགས་མདོ་སྔགས་གཉིས་དང་རིག་གནས་ལྔ་ལ་མཁས་པའི་དགེ་བཤེས་ཀྱང་དུ་མ་བྱུང༌།རྩོམ་ཆོས་ལེགས་བཤད་ཀྱང༌།བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན།སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར།ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་བ།བསྡུས་གྲྭ་དང་བློ་རྟགས།གྲུབ་མཐའ།ས་ལམ།ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན་གྱི་དཀའ་བའི་གནས་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང་སྐབས་དང་པོ་ནས་བརྒྱད་པའི་བར།དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ།རྣམ་འགྲེལ་མཐའ་དཔྱོད།འདུལ་བའི་སྤྱི་དོན་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ།ཆོས་མངོན་པ་མཛོད་ཀྱི་རྣམ་བཤད།སྔགས་ཀྱི་ས་ལམ།རྒྱུད་སྡེ་བཞིའི་རྣམ་བཞག་དང༌།ས་ལམ་གྱི་བགྲོད་ཚུལ་ཇི་ལྟ་བ་བཞིན་འཆད་པ་རྒྱུད་སྡེ་ནོར་བུའི་བང་མཛོད།བསྐྱེད་རྫོགས་ཀྱི་ཊི་ཀ་པོད་གཉིས།སྨན་གཞུང་དང༌།རྩིས་དཀར་ནགསྒྲ་འགྲེལ།སྙན་ངག་གི་དཔེར་བརྗོད།བསྟོད་ཚོགས་སྐོར་སོགས་པོད་ཆེན་བཅོ་བརྒྱད་རྩོམ་པར་གནང་ཞིང༌།རིག་གསར་གྱི་རླུང་འཚུབ་སྐབས་པར་ཤིང་ཡོངས་རྫོགས་འཕྲོ་བརླགས་སོང་འདུག་ཀྱང༌།སྟབས་ལེགས་ནས་གསུང་འབུམ་ཆ་ཚང་གཅིག་སྦས་སྐུང་བྱས་པས་འབྱུང་བཞིའི་ཀླུང་དུ་མ་ཐིམ་པར་བྲག་དགོན་རི་ཁྲོད་དུ་ཡོད་པ་དེ་ཉིད་དུས་ཕྱིས་ཨ་མེ་རི་ཁའི་ཇེ་སི་མན་གྱི་རོགས་སྐྱོར་འོག་སི་ཁྲོན་ཁྲིན་ཏུའུར་ཚར་གྲངས་བརྒྱ་ཐམ་པ་གློག་པར་བཏབ་སྟེ་འཛམ་གླིང་ཤར་ནུབ་ཀྱི་དཔེ་མཛོད་ཁག་ཏུ་བཞག་གནང་མཛད་འདུག་པ་ལྟར།ཁོ་བོ་ཨ་རི་ཨི་ཌི་ཨ་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ཕྱོགས་ཕེབས་དགེ་རྒན་བྱེད་པའི་སྐབས་དཔེ་མཛོད་ཁང་ཆེན་མོ་ནས་གསུང་འབུམ་བཅུ་དགུ་ཆ་ཚང་དངོས་སུ་མཇལ་བྱུང༌།རྗེ་འདིའི་ལོ་རྒྱུས་སྐོར།གངས་ཅན་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དང༌།གངས་ཅན་མཁས་པའི་མིང་མཛོད།མི་རིགས་རིག་གནས་ཕོ་བྲང་གི་གསུང་འབུམ་དཀར་ཆག་པོ་ཏ་ལའི་གསུང་འབུམ་དཀར་ཆག་སོགས་སུ།ལ་ལར་རྗེ་འདིའི་གསུང་འབུམ་པོད་དགུ་དང༌།འགའ་ཞིག་ཏུ་པོད་བཅུ་བདུན་ཟེར་བ་སོགས་སྣ་ཚོགས་བྱུང་བ་ནི་དཔེ་མཛོད་དེ་དང་དེའི་ནང་ཡོད་པའི་གླེགས་བམ་གྱི་གྲངས་ཀ་མཚོན་བྱེད་ཙམ་ལས་གསུང་འབུམ་ཡོངས་རྫོགས་ཀྱི་དཔེ་ཐོ་མཚོན་ནུས་པར་མི་སེམས་སོ།།
ད་དུང་དེབ་དེ་དག་ཏུ་རྗེ་འདི་ཉིད་མི་སྣ་གཉིས་སུ་བྱས་ཏེ་འཁྲུངས་ལོ་འཁྲུངས་ཡུལ་སྐུ་ཚེ་སོགས་ཀྱི་ལོ་རྒྱུས་ཁུངས་ལུང་གང་ཡང་མེད་པར་མང་པོ་བྲིས་འདུག་ལ།༼ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཟེར་བ་ཞིག་གིས་རྗེ་འདིའི་མཚན་ཡང་ལོག་པར་བྲིས་འདུག་པ་སོགས།༽ལོ་རྒྱུས་དངོས་ལ་མ་རེག་པ་དུ་མ་མཐོང་ཞིང༌།རྗེ་འདིའི་སྐུ་ཚེ་བྱུང་རིམ་ནང༌།མདའ་ལྔའི་ནུས་པ་སྙིང་ལ་ཞུགས་པའི་དཔོན་ཁག་དང་དགོན་ཁག་དུ་མས་མི་འཚམ་པའི་བྱ་ངན་དུ་མ་སྤེལ་མྱོང་བའི་ཚུལ་རྣམས་སྤྲོ་བར་མི་འདོད་ཅིང་རྣམ་ཐར་རྒྱས་པར་ཤེས་འདོད་ན།འཇམ་དབྱངས་རོལ་པའི་བློ་གྲོས་དང༌།བྲག་མགོ་ཀེའུ་ཚང་སྤྲུལ་སྐུ་རྣམ་གཉིས་ཀྱིས་མཛད་པའི་རྣམ་ཐར་པོད་ཆེན་གཉིས་པ་དེར་གཟིགས་དགོས།རྗེ་འདིའི་གསུང་ལས་སྐྱེས་པའི་སློབ་མ་ཡང༌།སྒོ་མང་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས།དགེ་སྟག་སྤྲུལ་སྐུ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུགབྲག་མགོ་ཀེའུ་ཚང་སྤྲུལ་སྐུ།སྟོང་སྐོར་ཞབས་དྲུང་སྤྲུལ་སྐུ།རྭ་ཧོར་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་དབང་པོ།རྒྱ་ཡི་མཁས་པ་ཆེན་པོ་བློ་བཟང་ཆོས་འཕགས་(འདིས་ལམ་རིམ་སོགས་རྒྱ་སྐད་དུ་བསྒྱུར་བ་དང་བྱེ་བྲག་བཤད་མཛོད་ཆེན་པོ་བོད་སྐད་དུ་བསྒྱུར་བར་མཛད)་སོགས་བསྟན་འཛིན་སྐྱེས་ཆེན་གྲངས་ལས་འདས་པ་བསྐྱངས།དེ་བཞིན་ཝ་ཤུལ་དཔོན་སོགས་སྟོབས་དང་འབྱོར་པས་ཕྱུག་པའི་ཆེ་རྒུ་དུ་མས་མཚོན་སློབ་ཚོགས་ཤིན་ཏུ་མང་པོ་བསྐྱངས།གསེར་བྲིས་ཀྱི་བཀའ་འགྱུར་དང༌།གསེར་ཟངས་ཀྱི་བྱམས་སྐུ་སོགས་རྟེན་གསུམ་དང་གཙུག་ལག་ཁང་དུ་མ་གསར་བཞེངས་མཛད་པས་མཚོན།བསྟན་ལ་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་བསྐྲུན་ཏེ་མཐར་དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ་༡༩༢༩ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།[1]
   [1]བྲག་དཀར་རྣམ་ཐར་ངོ་མཚར་སྐལ་བཟང་རྣ་བའི་བདུད་རྩི།རྭ་ཧོར་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་དབང་པོས་བརྩམས་པ་དང་།་འཇམ་དཔལ་བདེ་བའི་ཉི་མས་མཛད་པའི་རྣམ་ཐར་ཁ་སྐོང་བཅས་ན་གསལ་བ་ལྟར་བཀོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་རྣམ་ཐར་མདོར་བསྡུས།

2013-09-26 བེ་རི་འཇིགས་མེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།