གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉན་ལོ་ཙཱ་པ་དར་མ་གྲགས་ཀྱི་རྣམ་ཐར་མར་མེ་སྒྲོན་ཡག་ཅེས་བྱ་བ།

2012-04-07 00:46:00 ཚངས་དབང་དགེ་འདུན་བསྟན་པ། ཀློག་གྲངས། མཆན ཡོད།

  བོད་ཡུལ་དམངས་ཁྲོད་ཀྱི་བཤད་རྒྱུན་ལ།རྭ་ལོ་མཐུ་ཡིས་གཉན་ལོ་བསྒྲལ།།གཉན་ལོའི་རོ་ཡིས་རྭ་ལོ་བསྒྲལ།།ཅེས་པ་ལྟར།རྭ་ལོ་དང་གཉན་ལོ་གཉིས་ཕན་ཚུན་མཐུ་རྒྱག་རེས་བྱས་པའི་མཐར་གཉི་ཀར་འདས་ཟེར་བ་དང་།གསང་སྔགས་བདེ་ཆེན་མཁར་དགོན་པའི་རྒྱབ་རིར་སྒྲུབ་ཁང་གཉིས་ཡོད་ལ། གཅིག་ནི་རྭ་ལོ་ཙཱ་བའི་སྒྲུབ་ཁང་དང་གཞན་ཞིག་ཡོད་པ་དེ་ནི་གཉན་ལོ་ཙཱ་བས་རྭ་ལོ་ཙཱ་བ་ལ་མཐུ་རྒྱག་སྐབས་ཀྱི་མཚམས་ཁང་ཡིན་ཞེས་ཟེར་སྲོལ་ད་ལྟའི་བར་མཆིས་མོད།འོན་ཏེ།བཙན་པོ་ནོ་མིན་ཧན་གྱི་༼འཛམ་གླིང་རྒྱས་བཤད༽་ལས།དེ་ནས་ཤར་ཕྱོགས་སུ་སྐྱེ་ཆུའི་བྱང་འགྲམ་ན་གཉན་ལོའི་མགོན་ཁང་གཉན་མགོན་ཕུག་ཏུ་གྲགས་པ། ཞེས་གསལ་བས།མགོན་ཁང་ཡིན་པར་བཤད་དོ།།
   ཏཱ་ར་ནཱ་ཐའི་༼གཤེན་རྗེ་གཤེད་ཀྱི་ཆོས་འབྱུང༽་དུ།ཕྱིས་ཀྱི་ཁ་སྐད་འཁྱམ་པོ་ལ།རྭ་ལོ་དང་གཉན་ལོ་ནང་རྒྱས་བྱུང་ཞེས་ཀུན་ལ་གྲགས་པ་ནི་མི་བདེན་ཏེ།ནག་པོའི་རྒྱུད་ནག་ཚོས་བསྒྱུར་བ་ལ་གཉན་ལོས་བཅོས།དེ་ལ་རྭ་ལོས་བཅོས་པས་ཀྱངམཚོན།གཉན་ལོ་དང་སྔགས་པ་ནང་རྒྱས་བྱུང་བ་དེ་ནི།བླ་མ་རྡོ་ལོ་ཙཱ་བ་ཡིན་ཞེས་སྐྱོ་བའི་ཡིག་རྙིངས་ཁུངས་མ་རྣམས་ལས་བཤད།དེ་ཡང་གཉན་ལོ་དང་རྡོ་ལོ་གཉིས་བསྡུད་ཁོངས་ལ་རྩོད་པ་བྱུང་བས།གཉན་ལོ་ན་རེ།ནང་བར་ཁྱོད་ཀྱི་མགོ་ལ་ཕུར་བ་རྩངས་སོབ་ཅིག་བྱ་ཡི།ཅེས་ལན་བསྐུར་བས།རྡོ་ལོ་ན་རེ།ཁྱོད་དག་ངན་སྔགས་འདྲས་སྦོས་པ་ཡིན་ཏེ་འོང་།དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་སུ་ཡི་བདོ།ཁྱོད་རང་ཟོབས་ཤིག་ཟེར།རྡོ་ལོས་བརྡུང་སྟངས་བྱེད་ཀྱིན་ཡི་དམ་ཆོས་སྐྱོང་བསྐུལ་བས།གཉན་ལོའི་ཐུགས་ཀར་ལྷོག་འབུར་ཆེན་པོ་བྱུང་སྟེ།ཅང་མ་ལོན་པར་གྲོངས་ཟེར་བར་འདུག རྡོ་ལོ་ཙཱ་བ་དེ་ཕྱིས་དེང་སང་གྲགས་ཆུང་ཡང་ཁ་ཆེ་ལཀྵྨིཾ་གྱི་སློབ་མ་ཡིན།ཆོས་རྣམ་གྲངས་མི་མཁྱེན།རྡོ་རྗེ་འཇིགས་བྱེད་ཁོ་ན་ལ་ཆིག་འདྲིལ་མཛད། ཡི་དམ་གསང་ཡང་མི་གསང་། གཞན་ལ་འཆད་ཀྱང་མི་འཆད།     མཐུ་སྟོབས་ཐོགས་པ་མེད་པ་ཅིག་ཡོད་ཟེར་བ་འདུགཅེས་གསུངས་པས་གཉན་ལོ་ཙཱ་བ་དང་མ་མཐུན་པ་དེ་རྭ་ལོ་མིན་པར་བཤད། ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼བསྟན་རྩིས་ཀུན་བཏུས༽་ལས།དུས་འདི་ཙམ་ན་རྭ་ལོའི་མཐུ་སྒྲུབ་ཀྱིས་འགོས་ཁུག་པ་ལྷས་བཙས།སྲས་དར་མ་མདོ་སྡེ།ཟངས་མཁར་ལོ་ཙཱ་བ།རྒྱུས་ལོ་ཙཱ་བ།སྐྱོ་འདུལ་འཛིན།གཉན་ལོ་ཙཱ་སོགས་སྡེ་སྣོད་འཛིན་པ་བཅུ་གསུམ་བགྲོངས་པར་གྲགས།ཞེས་པ་དང་།གཞན་ཏཱ་ར་ནཱ་ཐའི་༼གཤིན་རྗེ་གཤེད་ཀྱི་ཆོས་འབྱུང༽་ལས།བསད་པས་ཚེ་རིང་འགྲུབ་པ་ནི། །རྭ་རྒན་ལོ་ཙཱའི་ཁྱད་ཆོས་ཡིན།།ཞེས་ཁ་ཤོམ་ཆེ་བ་སོགས་ལ་བརྟགས་ན་གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་གསལ་རེད་འདོད།                   
     ༼དུང་དཀར་ཚིག་མཛོད༽་དུ།གཉན་ལོ་དར་མ་གྲགས།འདི་ཉིད་རྒྱ་གར་དུ་ལོ་བཅུ་གཉིས་བཞུགས།པཎྚི་ཏ་མ་ཏི་བསྟེན།པཎྚི་ཏ་པུཎྱེ་ཤྲཱི་གདན་དྲངས་ཏེ་༼སྤྱོད་འཇུག་འགྲེལ་ཆེན༽་དང་།སྒྲོལ་མ།ཆོས་སྐྱོང་ལ་སོགས་ཆོས་མང་དུ་བསྒྱུར།ཁྱད་པར་དུ་མགོན་པོ་ཞལ་བཞི་པ་སྤྱན་དྲངས། ཕྱིས་རྭ་ལོ་དང་མཐུ་འགྲན་པས་གཉིས་ཀ་གཤེགས་སྐད།ཞེས་གསལ།ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར༽་ལས།རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ལོ་བཅུ་བདུན་བཞེས་པའི་ཚེ་ཁ་ཆེར་སློབ་གཉེར་ལ་བརྫངས།    དེའི་ཚེ་རྭ་ལོ།གཉན་ལོ།ཁྱུང་པོ་ཆོས་བརྩོན།རྡོ་སྟོན། བཙན་ཁ་བོ་ཆེ་རྣམས་དང་འགྲོགས་ནས་བྱོན་པས། མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རགས་པ་རྣམས་སྤྱན་དྲངས་ནས་མེ་ཕོ་འབྲུག་གི་ལོའི་ཆོས་འཁོར་མཛད་པ་དང་ཐུག་ཅེས་གསལ།ལོ་རྒྱུས་གཞན་དུ།གཉན་ལོ་དང་མངའ་བདག་རྩེ་ལྡེ་གཉིས་ཀྱི་བར་ལ་ཕྲ་མ་བརྒྱབ་སྟེ།མི་མཐུན་འགལ་རྐྱེན་ཆེ་ཞིག་བྱུང་ནས་ཅུང་ཟད་མིན་ན་གཉན་ལོས་མངའ་བདག་རྩེ་ལ་མཐུ་བརྒྱབ་ནས་བགྲོང་རྩིས་བྱེད་གྲབས་བཤད།འདིའི་མེ་འབྲུག་ནི་རབ་བྱུང་དང་པོའི་མེ་འབྲུག་ཡིན་ལ།སྤྱི་ལོ་ལྟར་ན་༡༠༧༦ལོར་འཁེལ་ཡོད།
     སྤྱིར་གཉན་ལོ་ཙཱ་བའི་ལོ་རྒྱུས་ཀྱི་སྐོར་དཔལ་མགོན་གདོང་བཞི་བའི་སྐབས་སུ་ཉུང་ངུ་ཞིག་ལས་གང་དུ་ཡང་མི་གསལ་བས།འདིར་༼སྒྲུབ་ཐབས་ཀུན་བཏུས༽་སུ་ཅུང་ཟད་རྒྱས་པ་ཞིག་བཞུགས་པ་ཆ་ཚང་འགོད་པར་བྱ་སྟེ། དེ་ཡང་དེ་ཉིད་ལས།༼དཔལ་མགོན་གདོང་བཞི་བའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཏ་ཐཱ་ག་ཏ་རཀཥི་ཏས་མཛད་པ་བཞུགས་སོ།།༽ ་བྱ་བ་ལས།གཉན་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་རྒྱ་གར་དུ་ཆོས་སློབ་ཏུ་བྱོན་ནས།བླ་མ་སནྡྷེ་པ་ཆེན་པོ་རཏྣ་ཀིརྟི་དང་རྡོ་རྗེ་གདན་པ་སོགས་ལས་ཆོས་མང་དུ་གསན། རིག་པའི་གནས་ལྔ་ལ་མཁས་པར་མཁྱེན་ནས་བོད་ལ་ལོག་འབྱོན་ཁར།བླ་མ་སནྡྷེ་པ་ལས་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དབང་ཞུས་བས་།ངས་མི་འོང་།ཁ་སརྦཱཎིའི་ལྷོ་ཕྱོགས་ཀྱི་རི་སུལ་གྱི་ནགས་གསེབ་ཅིག་ན་ང་ཡི་མཆེད་མོ་རྣལ་འབྱོར་མ་ཀུ་སཱ་ལི་བ་བྱ་བ་ཞིག་གསང་བ་འདུས་པའི་སྒྲུབ་པ་མཛད་ཅིང་ཡོད་པས་དེར་སོང་ལ་ཞུས་ཤིག ཁྱེད་དང་ལས་ཀྱི་འབྲེལ་བ་ཡོད་པས་དབང་དང་གདམས་ངག་གནང་བར་འདུག་གི་གསུངས། ཁ་སརྤཱ་ཎིའི་ལྷོ་ཕྱོགས་ཟེར་བའི་རྒྱུ་མཚན་ཡང་དགེ་བསྙེན་ཞི་བའི་གོ་ཆས་རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཁ་སརྤཱ་ཎི་དངོས་སུ་སྤྱན་དྲངས་ནས་དེ་ཝིཀོ་ཊ་ནང་བཞུགས་ཤིང་། དེའི་ལྷོ་ཕྱོགས་ཀྱི་རི་སུལ་ན་ཡོད་པས་དེ་སྐད་བྱ་བ་ཡིན་ནོ།། གོང་ལྟར་བླ་མ་སནྡྷེ་པའི་བཀའ་བཞིན་མཛད་ནས་གཉན་ལོ་བྱོན་པས། ཇི་ལྟར་གསུངས་པ་བཞིན་རི་སུལ་གྱི་ནགས་གསེབ་ན་ཤིང་སྡོང་བོ་ཆེན་པོ་ཞིག་གི་ཁོག་པ་ན་རྣལ་འབྱོར་མ་དཔོན་གཡོག་བཞི་གདའ་སྐད། དེའི་ནང་ནས་གཡོག་མོ་གསུམ་རེས་མོས་ཀྱིས་གྲོང་འདབས་ན་ཕར་ཕྱིན་ཏེ་འཚོ་བ་བཙལ་ནས་སྒྲུབ་པ་མཛད་ཀྱིན་འདུག་པ་ལ། ལོ་ཙཱ་བས་བླ་མས་ལུང་བསྟན་པའི་རྣལ་འབྱོར་མ་ཡིན་མིན་བརྟག་པའི་ཕྱིར་གཡོག་མོ་རྣམས་ལ་ཁྱེད་རྣམས་རྣལ་འབྱོར་མ་ཡིན་ན་ནུས་ཅིག་སྟོན་དང་གསུངས་པས། གཅིག་གིས་བྲང་གཤགས་ནས་ཁོག་པའི་ནང་ནས་བླ་མ་གསང་འདུས་ཀྱི་ལྷ་གྲངས་དང་མཉམ་པའི་མར་མེ་བསྟན་པས་ངེས་ཤེས་སྐྱེས་ནས་གཙོ་མོ་ལ་ཕྱག་དང་མཎྚལ་ཕུལ་ཏེ་གསང་བ་འདུས་པའི་དབང་བསྐུར་ཞུས་པས་ཁྱོད་ལ་སུས་ལུང་བསྟན་གསུངས། ང་ལ་བླ་མ་སནྡྷེ་པས་ལུང་བསྟན་ཞུས་པས། ངས་འཇམ་པའི་རྡོ་རྗེ་ལས་གནང་བ་མ་ཐོབ་པས་ཁྱོད་རང་སྡོད་ཁོམ་ན་ལོ་གཅིག་ནས་དབངབསྐུར་བྱ་གསུངས། དེ་བཞིན་བགྱི་ཞུས་པས། འོ་ན་ཁྱོད་ལ་འཐབ་འཁོབ་ཀྱི་མི་ངན་དང་།གཅན་གཟན་དང་།དུག་སྤྲུལ་ལ་སོགས་པའི་འཚེ་བ་འབྱུང་དགོས་ཡོད་པས་གྲོང་འདབས་པ་ཀི་ན་བྲམ་ཟེ་མདོག་སྔོ་བ། མི་རྐང་གི་གླིང་བུ་ཐོགས་པ་ཅིག་ཡོད་པས་དེ་དང་འགྲོགས་ལ་ཅི་ཟ་ཅི་འཐུང་གི་ཕུད་ནས་བྱིན།ཅི་འབྱོར་བའི་མཆོད་པ་དང་བསྙེན་བཀུར་གྱིས་ཤིགངས་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབ་གསུངས། དེ་བཞིན་བྱས་པས་ལོ་གཅིག་་སོང་ནས་ད་ངས་ལྷ་ལ་གནང་བ་ཐོབ་བས་དབང་བྱ་ཡི། ཚོགས་ཀྱི་ཡོ་བྱད་ཚོལ་ཅིག་གསུངས་ནས་གསེར་ཞོ་གསུམ་ལ་ཞོ་གང་ལ་འབྲས་ཁལ་བཅུ་གསུམ་བླངས་ནས་ཆང་བྱས།ཞོ་གང་ལ་ཤ་དང་། ཞོ་གང་ལ་སྤོས་ལ་སོགས་པ་གཞན་དགོས་པའི་ཡོ་བྱད་རྣམས་བསྒྲུབས་ནས་ཁྱེར་ཏེ།རྣལ་འབྱོར་མའི་དྲུང་དུ་ཕྱིན་ནས་ཚོགས་རྫས་རྣམས་ཕུལ།གདན་མང་པོ་བཤམས་ཚར་བ་དང་། རྣལ་འབྱོར་མའི་ཞལ་ནས་མགྲོན་སྤྱན་དྲོངས་ཤིག་གསུང་བ་ལ་བདག་གིས་མི་རྙེད་ཞུས་པས།འོ་ན་ཁར་སེང་(ཁ་སང་)གི་གྲོགས་པོ་བྲམ་ཟེ་དེ་བོས་གསུངས་ནས། བྲམ་ཟེ་བོས་པ་དེས་སྦྲག་གསེབ་ནས་མི་རྐང་གི་གླིང་བུ་ཕྱུང་སྟེ་བུས་མ་ཐག་ཕྱོགས་བཞི་མཚམས་བརྒྱད་ནས་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཕོ་མོ་རྒྱན་ཆ་ལུགས་མི་འདྲ་བ་དུ་མ་དང་།ཞིང་སྐྱོང་བཀའ་སྡོད་བསམ་གྱིས་མི་ཁྱབ་པ་འདུས་ནས་གྲལ་ལ་འཁོད་ཅིང་། ཚོགས་ཀྱིས་ཚིམ་པར་བྱས་པས་མཉེས་ཏེ་དབང་ཡོངས་སུ་རྫོགས་པར་གནང་། དེ་ནས་གདམས་པ་རྒྱ་མཚོ་ལྟར་གསན་ཅིང་། སྤྱིར་ཐུན་མོང་མ་ཡིན་པའི་གདམས་པ། ཐུགས་དམ་གསང་བ་འདུས་པ་དང་། ཨུཥྞིཥ། སྦྱོར་བ་ཡན་ལག་དྲུག་པ། སྒྲོལ་མའི་སྒྲུབ་ཐབས། ཆོས་སྐྱོང་གི་གདམས་པ་དང་ལྔ་གནང་ངོ་།། ཁྱད་པར་དུ་ཆོས་སྐྱོང་འདི་དངོས་སུ་གནང་སྟེ། དབང་གི་དུས་སུ་བྲམ་ཟེ་དེ་ལ་ཁྱོད་ཀྱིས་འདིའི་གཡོག་གྱིས། འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས་ཤིག་ཅེས་བཀའ་བསྒོས་ནས་མི་ལ་མི་ངོ་སྤྲོད་པ་བཞིན་དུ་དངོས་སུ་གནང་བ་ནི་ཆོས་སྐྱོང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན་པས་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པས་སྒྲུབ་ཐག་ཉེ་བའི་གདམས་པ་ཤིན་ཏུ་ཐུགས་རྩིས་ཆེ་བ་ཡིན་ནོ།།
        དེ་ནས་བླ་མ་གཉན་ལོ་ཙཱ་བས་རྒྱ་གར་ནས་བོད་ལ་འབྱོན་དུས་བལ་ཡུལ་ཕན་ཆད་དུ་དངོས་སུ་འགྲོགས་པ་ལ། བོད་ཀྱི་སྣེ་ཟིན་ནས་དངོས་སུ་མ་བྱུང་། དགོས་སྐབས་ཆེ་དུས་དངོས་སུ་ཡོང་ཞེས་གྲགས། བླ་མ་གཉན་ལོ་ཙཱ་བ་ཆེན་པོ་ཁ་ཆེ་ཁྲི་སྟན་ནས་པུ་ཧྲང་ལ་བྱོན་པས་མངའ་བདག་རྩེ་ལྡེའི་བསམ་པ་ལ་ང་རྒྱལ་པོ་ཡིན། མངའ་རིས་སྟོད་ན་ང་ལས་གྲགས་ཆེ་བ་དང་དབང་སྟོབས་ཆེ་བ་མེད་པས་ལོ་ཙཱ་བ་ང་མཇལ་དུ་ཡོང་ནས་ཕྱག་འཚལ་སྙམ་པ་ལ། བླ་མ་གཉན་གྱི་ཐུགས་དགོངས་ལ། ང་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་སློབ་མ་ལོ་ཙཱ་བ་ཆེན་པོ་ཡིན། ཁྱད་པར་དུ་རྡོ་རྗེ་གདན་པ་དང་། བླ་མ་སནྡྷེཔ་རིན་ཆེན་གྲགས་པ། མར་མེ་མཛད་བཟང་བོ་རྣམས་ཀྱི་ཆོས་བརྒྱུད་འཛིན་པ་ཡིན་པས་བཙད་པོས་ང་ལ་ཕྱག་དང་སྣ་ལེན་སོགས་བྱེད་དམ་སྙམ་ནས་བླ་མ་ཚོང་བ་མང་བོ་དང་འགྲོགས་ནས་བྱོན་དུས་མངའ་བདག་ལ་རྒྱ་གར་ནས་ཕྲ་མ་བྱུང་སྟེ། གཉན་ལོ་ཟེར་བ་འདིས་རྒྱ་གར་གྱི་ངན་སྔགས་ཐམས་ཅད་བསླབས་ནས་སོང་བས་དེར་གཤའ་མ་མི་བྱེད་ཟེར་བ་དང་། རྒྱལ་པོ་ཡང་ངན་ཆགས་ཆེ་བས་འཁྲུལ་ནས་བདེན་སྙམ། བློན་པོ་དཔའ་རྩལ་དང་ལྡན་པའི་རྟ་བ་སུམ་ཅུ་བླ་མ་བགྲོང་དུ་བཏང་བས། བླ་མའི་མནལ་ལམ་དུ་རྒྱལ་པོས་བརྫངས་པའི་བློན་པོ་གདུག་པ་ཅན་རྣམས་མཁྱེན་ཏེ་ཚོང་བ་རྣམས་ལ་ཕྱེ་ཕུད་སྤུས་ཤིག ངེད་རང་ཚོ་ལ་བར་ཆད་ཅིག་ཡོང་བར་འདུག་པས་ཆོས་སྐྱོང་རྣམས་ལ་གཏོར་མ་ཆེན་པོ་བཏང་དགོས་པར་འདུག་གསུངས་ནས། གཏོར་མའི་རྒྱུ་ལ་སྤོད་འབྲུ་སྨན་སོགས་བཏབ་ནས་ཕུལ། ཞིང་སྐྱོང་ཆེན་པོ་ཙཏུརྨུཁ་འདི་ལ་གསོལ་བ་བཏབ་ཅེས་སྔགས་བཟླས་པ་ཙམ་གྱིས་ཚོང་བ་རྣམས་ཀྱི་མཐོང་སྣང་ལ་མོན་པ་སྔོན་པོ་ལྔ་གར་བྱེད་པ། བྲོ་བྱེད་པ་གཉིས།གྲི་སྐོར་བྱེད་པ་གཉིས། ཇོ་མོ་ཞྭ་ཐེབས་ཅན་གཅིག བྱ་བ་ནས། ཕྱིར་ལོག་ནས་ཡོང་བས་བླ་མ་དཔོན་སློབ་རྣམས་ཕེབས་གྲུབ་འདུག་པ་དང་ལོ་རྒྱུས་རྣམས་རྒྱལ་པོ་ལ་ཞིབ་པར་ཞུས་པས་མངའ་བདག་རྒྱལ་པོའི་བསམ་པ་ལ། བླ་མ་འདི་ཆོས་སྐྱོང་བྲན་དུ་ཁོལ་ནུས་པ་ཞིག་འདུག་སྙམ་པས་སླར་འགྱོད་པ་སྐྱེས་ནས་བཤགས་པ་ཕུལ། ཞབས་སྤྱི་བོར་བླངས་བས་རྒྱལ་པོ་རང་མ་གྲོངས་ཙམ་བྱུང་ཡང་། བློན་པོ་ལ་ལ་ཁ་ནས་ཁྲག་སྐྱུགས་ནས་ཤི། ལ་ལ་བརྒྱལ། ལ་ལ་སྨྱོ། ལ་ལ་རེངས།ལ་ལ་འབོགས་ཏེ་ཐམས་ཅད་ཤི་བས་ཆོས་སྐྱོང་གི་ནུས་མཐུ་ཡིན་པར་གྲགས་སོ།།ཞེས་གཉན་ལོ་དང་རྩེ་ལྡེ་གཉིས་བར་ལ་མི་མཐུན་པའི་རྐྱེན་ངན་ཞིག་བྱུང་བའི་དབང་གིས། དུས་ཕྱིས་སུའང་རྩེ་ལྡེའི་གདུང་རྒྱུད་རྣམས་ལ་གནོད་པ་ཡོད་པར་སྣང་སྟེ། རྒྱལ་དབང་ལྔ་བས་མཛད་པའི་༼རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར༽་དུ། བཀའ་ལས། ད་ལམ་དཔལ་མགོན་གྱི་གཏོར་ཆེན་བྱས་པའི་བཀོད་པ་ཞིག་རི་མོར་འབྲི་དགོས་པ་འདུག་གསུངས་པ་ལྟར་བྲིས་པའི་འོག་ཏུ་བན་དྷེས་གཏོར་ཟོར་འཕེན་པ། གཏོར་རྒྱབ་ཀྱི་ཚུལ་དུ་ཆོས་སྐྱོང་ཆེན་པོའི་སྐུ་ཞིག་དང་། གཏོར་ཆེན་གྱི་སྟེང་དུ་ཞལ་ཁྲ་ཅན་གྱི་སྐུ། རྒྱབ་ངོས་སུ་ཨ་ཙ་རའི་གཟུགས་ཤིག་ཀྱང་བྲིས་ཤིག་གསུངས། དེ་དག་ཀྱང་ཞལ་གཟིགས་ཡིན་པར་སྣང་ངོ་།།དེ་གྲུབ་པ་དང་ཕྱག་ནས་གཏོར་ཏེ་འདི་སྐད་དུ།གུ་གེ་བདག་པོའི་གདོང་བརྒྱུད་འདི་ལ་མངའ་བདག་ཙེ་ལྡེ་བྱ་བ་ཞིག་བྱུང་འདུག་པ་དང་། བླ་མ་གཉན་ལོ་ཙཱ་བ་གཉིས་བཟློས།བླ་མས་མངའ་བདག་ལ་ཆོས་སྐྱོང་འདི་རྦད་པས་རྟགས་མངོན་སུམ་དུ་བྱུང་།གུས་བཏུད་དང་བཤགས་པ་ཕུལ་འདུག་ཀྱང་། དེ་ནས་ད་ལྟའི་བར་དུ་གོང་མའི་ཞལ་ངོ་ན་རིམ་ལ་ལོ་དུས་སུ་ཤངས་ཁྲག་འཆོར་བའི་ཉེན་ཡོད་པར་འདུག གནས་བརྟན་མང་ཐོས་ལ་གནང་བའི་བཀའ་ཤོག་ཕེབས་དོན་ཀྱང་གཅིག་ལ་ཤངས་ཁྲག་འཆོར་བ་འདི་ཕྱིས་སུ་མི་འོང་བའི་ཐུགས་དམ་སྐྱབས་འོག་དགོས་ཚུལ་དུ་འདུག་པ་བཞིན།ངས་གཏོར་ཆེན་གྱི་ནང་དུ།གོང་མ་རང་གིས་གནང་བའི་གསེར་གྱི་ཕུད་བླུག་སྟེ།ལྷ་མི་མཐུན་སྦྱོར་གྱི་ཚུལ་བྱས་པ་ཡིན།རྟེན་འབྲེལ་གྱི་ལྟས་ཀྱང་བཟང་པོ་བྱུང་།སྔར་ཕན་གོང་མས་གཟིགས་སར།མགོན་པོ་འདིའི་སྐུ་ཁྱེར་ས་མེད་པ་འདུག་སྟེ།ད་རེས་འདི་བསྐུར་གཏོང་གསུངས། ཞེས་འཁོད་པར་གཞིགས་ནའང་ཤེས་ཐུབ་བོ།།
  གཉན་ལོ་ཙཱ་བའི་མཚན་དངོས་ལ་དར་མ་གྲགས་ཟེར་ཞིང་།མགོན་པོའི་གདོང་བཞི་བའི་བླ་བརྒྱུད་དུ། དྲི་མེད་སྦས་པ་རིན་ཆེན་རྣམ་པ་གཉིས།།བསོད་སྙོམས་པ་དང་གཉན་ལོ་དར་མ་གྲགས།།ཞེས་གསལ།རིན་ཆེན་རྣམ་པ་གཉིས་ནི། རིན་ཆེན་རྡོ་རྗེ་དང་རིན་ཆེན་གྲགས་པ་ལ་བྱ་ཡི།འདིའི་སྐབས་ཀྱི་བསོད་སྙོམས་པ་ནི་རྩ་མི་སངས་རྒྱས་གྲགས་ཡིན་ནམ་སྙམ་ད་དུང་དཔྱད་པར་བྱ། འདི་ཉིད་ཀྱི་འགྱུར་ལ།   ༼གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་༽་བྱ་བ་ལས། བཀའ་འགྱུར་ལས།དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ།བསྟན་འགྱུར་ལས།དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བྱང་ཕྱོགས་ཀྱི་ལམ་ལ་མཁས་པ་ཆེན་པོ་སློབ་དཔོན་ཟླ་བའི་འོད་དང་།མིང་གཞན་རིན་ཆེན་རྡོ་རྗེ་མྱུ་གུས་མཛད་པ། འདི་ནི་མང་ཡུལ་གྲོང་གི་ལྷ་ཁང་ཀ་རུ་དང་ཨག་ཙར་སྒང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་ཁོ་ན་ཉིད་བཅུ་བ་སློབ་དཔོན་རྒྱན་པས་མཛད་པ།འཕགས་པ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་པའི་ཐབས། གཏོར་མ་དང་བཅས་པ་དང་།དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་དྲན་གསལ་དཔལ་ནག་པོ་ཞབས་ཀྱིས་མཛད་པ་རྣམས་ཏེ་དེ་ལྟར་ཚེ་བདག་ལ་ཆོས་སྐོར་གསུམ་མོ།། ཛམྦྷ་ལའི་སྒྲུབ་ཐབས་རྒྱལ་པོ་ཨཱརྱ་མ་ཏིས་མཛད་པ། མཎྜལ་གྱི་ཆོ་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པའི་ཞལ་སྔ་ནས་མཛད་པ། སྟོང་ཉིད་བདུན་ཅུ་བའི་འགྲེལ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། འདིའི་གཞུང་གྲངས་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་གིས་ལྷག་པའོ།། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་དང་། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་བཤད་པ་སློབ་དཔོན་ཆེན་པོ་སུ་ན་ཡ་ཤྲཱིས་མཛད་པ། མི་འཁྲུགས་པའི་སྒྲུབ་ཐབས་སློབ་དཔོན་དཔའ་པོ་རྡོ་རྗེས་མཛད་པ། མི་འཁྲུགས་པའི་སྒྲུབ་ཐབས་སློབ་དཔོན་ཛེ་ཏཱ་རིས་མཛད་པ། ཞེས་པ་དང་། གཞན་འགྲོ་མགོན་འཕགས་པས་མཛད་པའི་༼གསན་ཡིག༽་ལས། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྒྱ་ཆེར་འགྲེལ་བ་པཎྚི་ཏ་ཆེན་པོ་སཱུན་ཡ་ཤྲཱི་མི་ཏྲ་དང་། དགེ་བའི་བཤེས་གཉེན་གཉན་ལོ་ཙཱ་པས་བསགསལ་ལོ།།
        ཏཱ་ར་ནཱ་ཐའི་ཞལ་ནས། སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ། རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས།ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ།། ཞེས་པ་ལྟར་ངེད་ཀྱིས་རྩོམ་སྒྲིག་བྱས་པའི་གཉན་ལོའི་ལོ་རྒྱུས་འདི་ད་ཕན་གཉན་ལོའི་ལོ་རྒྱུས་འཁོད་ཡོད་པ་རྣམས་ལས་རྒྱས་ཤོས་ཡིན་པར་གསལ་ལོ།།ཀློག་པ་པོ་གསེར་ཐལ་ཚུལ་ཁྲིམས་ཀྱི་རེ་བ་ལྟར་རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།   
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།