གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་ཞབས་དྲུང་ཚངས་སྲས་བཞད་པའི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།

2011-07-06 17:38:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

   
༄༅། །གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ནོམ་ཆི་ནོ་མོ་ཀྲང་རྒྱ་ཞབས་དྲུང་རིན་པོ་ཆེ་ཞེས་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དམ་པ་དེ་ཉིད་ནི།  གནའ་དུས་གླིང་རྗེ་གེ་སར་རྒྱལ་བོས་བདག་ཏུ་བཟུང་བའི་གླིང་ས་མཐོང་བ་ཀུན་སྨོན་ཏུ་གྲགས་པའི་གཡུ་ལུང་སུང་མདོ་རུ་གཞིས་ཆགས་པའི་དངུལ་རྭ་ལྷ་སྡེ་ཞེས་འབྲོག་སྡེ་ཆེན་པོ་དེ་ཉིད་ཀྱི་ནང་ནས།  ཡབ་རྔ་བ་རྒྱ་མཚོ་དང་། ཡུམ་མུ་ཐལ་མ་ཅིག་སྐྱིད།  གཉིས་ཀྱི་སྲས་སུ་རབ་ཚེས་མེ་སྤྲེལ་ ༡༨༩༦ ལོའི་རྒྱལ་ཟླའི་ཚེས་བཅོ་ལྔའི་ཉིན་སྐྱེས་བུ་དམ་པའི་མཚན་ལྟས་བཞིན་སྐུ་བལྟམས།  དགུང་ལོ་ལྔའི་སྟེང་ཀུན་མཁྱེན་བཞི་བ་མཆོག་གིས་དམ་པ་གོང་མའི་སྤྲུལ་སྐུར་ངོས་འཛིན་མཛད།  ལོ་དེའི་ལྷ་བབས་དུས་ཆེན་ལ་ཁྲི་འདོན་མཛད་དེ་ཀུན་མཁྱེན་བཞི་བ་མཆོག་གི་དྲུང་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ལ་བསྒྲུབས་ཏེ།  མཚན་ལ་སྐལ་བཟང་དཀོན་མཆོག་རྒྱ་མཚོ་ཞེས་གསོལ།
  དགུང་གྲངས་བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ཏེ།  དགེ་བའི་བཤེས་གཉིན་དམ་པ་གྲགས་པ་མཐའ་ཡས་པ་ཡོངས་འཛིན་དུ་བསྟེན་ནས་མཚན་ཉིད་རིག་པའི་གཞུང་ལ་སློབ་གཉེར་བྱས།  དགུང་གྲངས་ཉི་ཤུའི་སྟེང་ཀུན་མཁྱེན་མཆོག་ནས་བསྙེན་པར་རྫོགས།  དགུང་གྲངས་ཉེར་གཅིག་པ་མེ་འབྲུག  ༡༩༡༦ ལ་ཀུན་མཁྱེན་བཞི་བ་ཆེན་པོའི་བཀའ་ལུང་ལྟར།  རྒྱལ་བའི་ལུང་གིས་ཟིན་པའི་དགེ་ལྡན་རི་བོའི་ནུབ་ཞོལ།  ཁུ་ཆུང་གསེར་ལྡེལ་ཞེས་གླང་ཆེན་ཉལ་བའི་འཁྲིས་སུ་དགེ་ལྡན་དམ་ཆོས་ཀུན་རྒྱས་གླིང་ཕྱག་འདེབས་མཛད་དེ་འདུ་ཁང་གི་ཕྱི་རྩིག་པ་གསེར་ཏོག་རྒྱལ་མཚན་ཆོས་འཁོར་སོགས་དང་།  ནང་སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་དང་བཅས་པ་ནང་ཆེན་རང་གི་ཁུར་བླངས་ནས་བཞེངས་གྲུབ་པ་ན།  དགུང་ལོ་སོ་བཞི་བ་ལྕགས་སྦྲུལ་ལ་དམ་པ་གང་ཉིད་ཀྱི་ཆོས་ཁྲི་མཛད་དེ་ཀུན་མཁྱེན་མཆོག་ལ་བཅའ་ཡིག་དང་།  བླ་བྲང་བཀྲ་ཤིས་འཁྱིལ་ནས་དགེ་རྒན་དང་ཞལ་ངོ་གདན་དྲངས་ཏེ།  གྲོང་གི་སེར་སྡེ་དགོན་པར་བསྲེས་ནས་མཉམ་འཚོགས་བྱས།  དུས་འཁོར་སྒྲུབ་མཆོད་སོགས་ཀྱི་འཆད་ཉན་དང་དབྱར་དགག་གསོ་གསུམ་གྱི་འདུལ་བའི་ཕྱག་ལེན་དང་།  སྒྲིག་ལམ་ཀུན་སྤྱོད་ཕྲ་ཞིང་ཞིབ་པ་བཙུགས་ནས་བཤད་སྒྲུབ་ཀྱི་རྒྱལ་མཚན་སྲིད་ན་མཐོ་བར་བྱས།
  དགུང་ལོ་སོ་དྲུག་ཆུ་ལུག་ལ་གདན་ས་རང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་བོ་བསྩལ།  དགུང་ལོ་སོ་བདུན་སྟེང་སྨད་དུ་ཆིབས་བསྒྱུར་གཉིས་པ་མཛད་དེ་ཆོས་སྡེ་དུ་མ་དང་དད་ལྡན་ཡོངས་ལ་ཟབ་ཆོས་མང་དུ་བསྩལ།  དེའི་སྐབས་པཎ་ཆེན་སྐུ་འཕྲང་དགུ་བ་མཆོག་གི་མདུན་ནས་དུས་འཁོར་ལྷན་སྐྱེས་སོགས་ཟབ་ཆོས་དུ་མ་གསན།  པཎ་ཆེན་མཆོག་ནས་ཀྱང་།  མགོན་པོ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཆེས་ཆེར་མཐོ་བ་གཟིགས་པས་ནོམ་ཆི་ནོ་མོ་ཧང་ཞེས་པའི་ཐམ་ཀ་དང་།  བཀའ་ཤོག  གདུགས་རྟ་དར་བཅུ་གསུམ་སོགས་ཐུན་མིན་གྱི་བཀའ་གསུང་བསྩལ།  དགུང་གྲངས་ཞེ་དྲུག་པ་ལྕགས་སྦྲུལ་ལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ཕེབས་ནས་འཆད་ཉན་དམར་བའི་ཕྱོགས་ལ་ཕྱག་རྗེས་དང་།  མི་ཏྲ་རྡོར་འཕྲེང་སོགས་ཟབ་ཆོས་མང་དུ་བསྩལ།  དགུང་གྲངས་ང་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་དང་།  བྱམས་མེ་ཐང་སྐོར་ལ་དུས་འཁོར་དབང་ཆེན་ཐེངས་གཉིས་པ་དང་གསུམ་པ་བསྩལ།  དགུང་ལོ་ང་བཞིའི་ཐོག་སླར་ཡང་གདན་ས་རང་ནས་དུས་འཁོར་དབང་ཆེན་ཐེངས་བཞི་བ་བསྩལ།  དགུང་གྲངས་ང་ལྔ་བ་ལྕགས་སྟགས་ལ་ཡང་བསྐྱར་བཀྲ་ཤིས་འཁྱིལ་གྱི་ཆོས་ཁྲིར་ལོ་ངོ་མཐོང་གཉིས་ལ་བཞུགས་པ་དང་།  སྨད་མ་དགོན་གྲོང་གསུམ་ལ་དུས་འཁོར་དབང་ཆེན་ཐེངས་ལྔ་བ་བསྩལ།  དགུང་གྲངས་རེ་གསུམ་པ་ས་ཁྱི་ལོར་གདན་སར་དུས་འཁྲུགས་ཀྱིས་གཏོར་བཅོམ་ཐེབས་པའི་དབང་གིས་དབུས་སུ་བྱོལ་ཏེ་གནས་ཆེན་རྣམས་ལ་གནས་མཇལ་བྱེད་སྐབས།  འོལ་ཁ་ཆོང་ལུང་ནས་ཉེས་མེད་འཛིན་བཟུང་བྱས་ཏེ་ལྷ་སར་བཙོན་དུ་བཅུག  དགུང་གྲངས་རེ་ལྔ་བ་ལྕོགས་བྱི་ལོར་བཙོན་འོག་ནས་སྐུ་མྱ་ངན་ལས་འདས་སོ།
  དེ་ཡང་དམ་འདི་ཉིད་ལ་སྤྲུལ་སྐུའི་མིང་ཙམ་མ་ཡིན་པར།  མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ།  བཙུན་པའི་ཡོན་ཏན་བསླབ་གསུམ་ཉམས་ལེན།  བཟང་བོའི་ཡོན་ཏན་བྱམས་སྙིང་རྗེ་སོགས་ཐུན་མོང་དུ་སྣང་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་གཤིས་གསུང་ལས་སྐྱེས་པའི་སློབ་མ་ཡང་།  གསང་བདག་སྤྲུལ་བའི་སྐུ་སྡེ་བ་གསེར་ཁྲི།  མཁན་ཆེན་སྤྲུལ་བའི་སྐུ།  དབལ་མང་སྤྲུལ་པཎྜི་ཏའི་སྤྲུལ་སྐུ།  མཚན་སྒྲོགས་མཁན་པའི་སྤྲུལ་སྐུ།  ཤིང་བཟའ་སྤྲུལ་བའི་སྐུ་སོགས་གདན་ཁྲི་མཐོ་བའི་སྤྲུལ་སྐུ་མང་པོ་དང་།  ཀུན་མཁྱེན་དྲུག་པའི་ཡོངས་འཛིན་དཀོན་མཆོག་བསམ་འགྲུབ།  དགེ་བའི་བཤེས་གཉེན་དམུ་དགེ་བསམ་གཏན་རྒྱ་མཚོ།  དམེ་ཤུལ་འཇིགས་མེད་ཚང་།  རྗེ་མཁན་ཟུར་དགེ་འདུན་རྒྱ་མཚོ་སོགས་ལུང་རྟོགས་བསྟན་པའི་བདག་པོ་བགྲང་ལས་འདས་པ་དང་།  བཀའ་རྩོམ་གྱི་སྐོར་ལ་སྤྱོད་འཇུག་ཆེན་མོའི་འགྲེལ་བ་སོགས་མདོ་སྔགས་ཀྱི་གཞུང་དང་རྒྱུད་སྡེའི་ཆོ་ག་རིག་གནས་ཀྱི་སྐོར་སོགས་པོད་དྲུག་ཙམ་ཡོད་མོད།  གཞུང་དང་མཚན་ཉིད་ཀྱི་སྐོར་ཤོག་དྲིལ་དུ་ཡོད་པ་རྣམས་ང་བརྒྱད་ལོར་བླ་བྲང་གཟིམས་ཁང་ནང་ནས་བོར་བརླག་བྱས་སོང་།  ད་སྐབས་ཡོད་པ་ཀུན་མཁྱེན་ལྔ་བའི་རྣམ་ཐར་ཆེན་མོ་སོགས་དེབ་གསུམ་པར་དུ་བསྐྲུན་པའོ།།
                                   ༧ སྤྱི་ལོ་ ༢༠༡༡   ཟླ་༧   ཚེས་༢  ཉིན་རང་ཤག་ནས་ཟིན་བྲིས་སུ་ཕབས།

རྩོམ་ཁུངས། རྨ་བཟོད་འཁྱམ་པོའི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།