གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟན་རྒྱམ་གྱི་རྣམ་ཐར་ཡིན།

2009-10-31 11:53:00 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅༅།།རི་བོ་སྤྲིན་དཀར་ཀྱི་ལྭ་ཐོད་ལ་ཅན།།ཁྱོད་ལ་ན་བུན་འདི་མཛེས་མོར་དེ།།དྲག་པོའི་འཐོར་རླུང་ཞིག་སླེབ་ཙ་ན།།མགོན་རྗེས་ལུས་རྗེན་ཏུ་འགྲོ་ཉེན་ཡོད།།ནགས་ཀླུང་རྩི་སྨན་གྱི་ཡོ་ལང་ཅན།།ཁྱོད་ལ་ལྕུགས་ཕྲན་འདི་མཛེས་མོད་དེ།།སྟོན་དགུན་རེག་བྱ་ཡི་བྲན་ཙ་ན།།སྐུ་རྐྱང་དབུ་རྐྱང་དུ་འགྲོ་ཉེན་ཡོད།།ཁུ་བྱུག་རྒྱུད་མང་གི་སྒྲ་དབྱངས་ཅན།།ཁྱོད་ཀྱང་ཆར་བསིལ་འདིས་འཚོ་མོད་དེ།།གྲང་རེག་ཁ་ངར་གྱིས་བརྡོལ་ཙ་ན།།བྷོ་ཌའི་སྨན་ལྗོངས་ནས་བྲོས་དོགས་ཡོད།།ནེའུ་སིང་མེ་ཏོག་གི་འཛུམ་ཞལ་ཅན།།ཁྱོད་ཀྱང་གེ་སར་གྱིས་ཁེངས་མོད་དེ།།དྲུག་པའི་ཧོར་ཟླ་དེ་སོང་ཙ་ན།།ཐལ་བའི་མདོག་ངན་ཞིག་འཆར་ལས་ཆེ།།པདྨ་འདབ་སྟོང་གི་ལང་ཚོ་ཅན།།ཁྱོད་ཀྱང་གཡུ་སྦྲང་འདིས་བཀུར་མོད་དེ།།ཆབ་རོམ་གཏོང་བ་ལ་བབ་ཙ་ན།།གྲོགས་པོ་ལྔ་ལམ་དུ་འགྲོ་དོགས་ཡོད།།རྩྭ་ཐང་བསིལ་འཇམ་གྱི་རེག་བྱ་ཅན།།ཁྱོད་ཀྱང་གཡུ་མདོག་འདིས་མཛེས་མོད་དེ།།ཉི་མ་ལྷོར་བསྒྲོད་ཀྱི་མཐར་སླེབ་ཚེ།།རྩ་སྐྱའི་གྲགས་ངན་ཞིག་འཐོབ་ཀྱིས་དོགས།།ལོ་ཏོག་འབྲུ་སྔོན་གྱི་རྩི་བཅུད་ཅན།།ཁྱོད་ཀྱང་ཞིང་ས་ནས་བརྗིད་མོད་དེ།།བ་མོའི་ཚེ་གེགས་ཞིག་བྱུང་ཙ་ན།།ཁོང་རུལ་སྙིང་སྟོང་དུ་འགྲོ་དོགས་ཡོད།།གཞོན་ནུ་བསྟན་རྒྱལ་གྱི་མིང་རྒོད་ཅན།།ཁྱོད་ཀྱང་གསོན་ཡུལ་དུ་སྣང་མོད་དེ།།གཤིན་རྗེའི་བཀའ་ཁྲིམས་ཀྱིས་དེད་ཙ་ན།།གཅེར་བུ་ལག་སྟོང་དུ་འགྲོ་ཉེན་ཆེ།།ཆོས་གཏམ་རྣ་ལམ་དུ་གྲགས་ནས་ཡོད།།འཆི་ཆོས་བློ་ཐོག་ཏུ་བླང་བ་མེད།།བྱུང་ངན་སྣ་འདྲེན་གྱི་འགོང་རྒན་ཁྱོད།།རང་ཕུང་རང་བརླག་ཞིག་བྱེད་ངེས་ཡོད།།ལྷ་ཆོས་རྟེན་དྲུང་ན་བཞུགས་བཞིན་དུ།།སྡིག་སྤྱོད་ཁ་ཟས་སུ་ཟ་ལུགས་ལ།།ཐར་བའི་རེ་བ་དེ་ཟད་པར་མཆི།།བར་དོའི་འཕྲང་རིང་དུ་ལྟད་མོ་ལྟོས།།གསོན་ཚེ་རྣམ་གཡེང་གི་ཡོ་ལང་འགྱེད།།འཆི་ཁ་སེན་རྗེས་ཀྱིས་བྲང་རྒོག་འགེང་།།བར་དོའི་འཇིགས་སྐྲག་གི་འཁོར་ལོ་བསྐོར།།དེ་འདྲ་བསྟན་རྒྱམ་གྱི་རྣམ་ཐར་ཡིན།། ཞེས་པའང་གཞོན་ནུ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་པའོ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།