གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདག་ཞག་མཁན་པོའི་རྣམ་ཐར་དེ་མཐོང་ངམ།

2009-10-29 10:19:00 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅༅།།རྒྱ་ཡན་ཅོག་བཞག་རང་བྱུང་གི་རིག་པ།།ཡེ་བབ་རང་གནས་ཀ་དག་གི་ཆོས་ཉིད།།ལྟ་གྲུབ་མཁན་པོས་མཐོང་ས་ནས་མི་གདའ།།འཛིན་ཞེན་མེད་པའི་ཉེ་ལམ་ཞིག་དགོས་སོ།།གདལ་བ་ཆེན་པོ་ཀུན་ཁྱབ་ཀྱི་ཡེ་ཤེས།།རྟོག་པས་མ་བཟོས་ཀློང་ཆེན་གྱི་དགོངས་པ།།རྟོག་གེ་མཁན་པོས་མཐོང་ས་ན་མི་གདའ།།རང་བབ་འཇོག་པའི་ཉེ་ལམ་ཞིག་དགོས་སོ།།ཡེ་གྲོལ་གཤིས་ལུགས་མཐའ་བཞི་ལས་འདས་པའི།།ཀུན་བྱེད་སྙིང་པོ་བྱང་ཆུབ་ཀྱི་སེམས་མཆོག།དམིགས་གཏད་མཁན་པོས་མཐོང་ས་ནི་མི་གདའ།།དམིགས་མེད་འཇོག་པའི་ཉེ་ལམ་ཞིག་དགོས་སོ།།གཞི་མེད་རྩ་བྲལ་འོད་གསལ་གྱི་རིག་པ།།བསམ་བརྗོད་སྤྲོས་བྲལ་མཁའ་མཉམ་གྱི་ཡེ་ཤེས།།རྟོག་དཔྱོད་མཁན་པོས་མཐོང་ས་ན་མི་གདའ།།གཉུག་མར་འཇོག་པའི་ཉེ་ལམ་ཞིག་དགོས་སོ།།ཕྱལ་བ་ལྷུག་པ་རྟོག་བྲལ་གྱི་རང་མདངས།།སྐྱེ་འགགསགཉིས་མེད་དག་གསལ་གྱི་དགོངས་པ།།འདོད་ཞེན་མཁན་པོས་མཐོང་ས་ན་མི་གདའ།།བློ་འཛིན་མེད་པའི་ཉམས་ལེན་ཞིག་དགོས་སོ།།ཡེ་བཞག་རང་བཞག་གཞི་བཞག་གི་དགོངས་པ།། ཡེ་བདལ་ཕྱམ་བདལ་ཁྱབ་བདལ་གྱི་རང་རིག། གཏད་མེད་འཛིན་མེད་རྟོགས་མེད་ཀྱི་ཡེ་ཤེས།།ཅེར་གྲོལ་རང་གྲོལ་མཐའ་གྲོལ་གྱི་ཆོས་ཉིད།།འཇུར་དྲན་གཉེན་པོས་འཆིང་ས་ན་མི་བཞུགས།།སྤང་གཉེན་ཡེ་གྲོལ་ཐ་མལ་གྱི་ཤེས་པ།།མ་བྱས་ཡེ་ཟིན་རྩོལ་མེད་ཀྱི་འབྲས་བུ།།མ་བསྒྲོད་ཡེ་ཕྱིན་ཆོས་སྐུ་ཡི་རྒྱལ་ས།།མི་བསྒོམ་རྒྱུན་ཆད་མེད་པ་ཡི་སྒོམ་པ།།རྣམ་འབྱོར་སྤྱོད་པའི་ཉེ་ལམ་དེ་མཁྱེན་ནམ།།ལྟ་སྟངས་མཐོན་པོ་ནམ་མཁའ་ལ་བསྒྲིལ་བའི།།ཨུ་ཙུག་ཆཅན་གྱི་གླེན་སྒོམ་ལ་གཟིགས་དང་།།ཧ་ཤང་རྒན་པོའི་ཐ་ཚིག་གིས་བཅིངས་པའི། །འདག་ཞག་མཁན་པོའི་རྣམ་ཐར་དེ་མཐོང་ངམ།།

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།