གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའི་རྣལ་འབྱོར་ཆེན་པོ་མ།

2009-01-24 01:54:00 རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི ཀློག་གྲངས། མཆན ཡོད།

༅།།ཨ་ཧོ།ནམ་མཁའི་རྣམ་འབྱོར་ཆེན་པོ་གཉུག་མའི་དབྱིངས་སུ།།ལྷུན་གྲུབ་གཞོན་ནུ་བུམ་པ་འོད་ཀྱི་ལུས་ཅན།།ཟུང་འཇུག་ཐོགས་མའི་སངས་རྒྱས་མཁྱེན་བརྩེའི་འོད་ཟེར།།མི་འབྲལ་སྙིང་དབུས་པདྨོར་ངལ་འཚོ་མཛོད་ཅིག།ངེད་ཅག་བརྒྱུད་པ་བཟང་པོའི་བུ་ཆུང་གཞོན་ནུ།།རྟོགས་པའི་རྩལ་ཤུགས་རྫོགས་པ་རེ་ཞིག་མེད་ཀྱང་།།ཕ་མེས་རིག་འཛིན་བརྒྱུད་པའི་ཤུལ་ལམ་མཐོང་བས་།།ད་ནི་ཐེག་མཆོག་རྒྱལ་པོས་ཡིད་ཁ་གང་ཡོད།།ཐེག་པའི་ནང་ན་མཐོ་བ་ཨ་ཏི་ཡོ་ག།ཐབས་ཀྱི་ནང་ན་བདེ་བ་སྒོམ་མེད་ཅོག་བཞག།བྱུང་རྒྱལ་ཉམས་ཀྱི་ངང་ནས་སྣང་བ་གདོད་འདེད།།ད་ནི་ཅི་ཡང་མི་འདོད་རོ་ཉ་རྒྱག་འདོད།།དཔྱད་ཀྱང་བཞག་སོ་མི་རྙེད་རྟོག་པ་ཉིང་འཁྲུལ།།བལྟས་ཀྱང་བལྟ་ཡུལ་མི་མཐོང་རྟེན་མེད་གནས་མེད།།ལྟ་བ་བྱར་མེད་ངང་དུ་སྒོམ་པ་རང་བཞག།ད་ནི་བྱ་བ་བློས་བཏང་གཅིག་པུར་ཉལ་འདོད།།ངོ་བོ་ཀ་དག་ཟེར་ཡང་དག་པས་མི་ཚིམ།།གཞི་གྲོལ་གཉུག་མ་ཟེར་ཡང་གྲོལ་སར་མི་འཇོག།རྟོགས་ལྡན་འུད་ཀྱིས་བསླུས་པ་མང་ཞིག་མཐོང་བས།།ད་ནི་འགྲིགས་འགྲིགས་ཡིན་ཡིན་སྨྲ་སྙིང་མི་འདོད།།དག་པ་ཀ་ནས་དག་སྟེ་ཡང་དག་མི་དགོས།།གྲུབ་པ་ལྷུན་གྲུབ་ཡིན་ཏེ་ད་གྲུབ་ཅི་བགྱི།།བསལ་བཞག་སེམས་ཀྱི་སྤྲོས་པ་ཤིགས་སེ་ཐོངས་ལ།།ད་ནི་གནས་ལུགས་ངང་ལ་ལྷོད་དེ་སྡོད་དང་།།བྱ་རྩོལ་སྤྲོས་པའི་ཞེན་འཛིན་ཡིད་ཀྱི་འཆིང་ཐག།རྩོམ་མེད་ཐ་མལ་སྡོད་པ་འཁྲུལ་བའི་ཡོ་ལང་།།རྩོ་དང་མི་རྩོ་ཟེར་བ་རྟོག་པའི་རྫུན་རིས།།ད་ནི་གཏད་མེད་ངང་ལ་གང་དགར་ཉལ་འདོད།།སྣང་བ་ཕྱི་ན་མེད་དེ་ཆོས་སྐུའི་རིག་གདངས།།སྟོང་བ་ནང་ན་མེད་དེ་མཉམ་ཉིད་ཁྱབ་གདལ།།ཟང་ཐལ་ཕྱི་ནང་མེད་པའི་ཡིན་ལུགས་ཤེས་ནས།།ད་ནི་མི་སྤྲོ་མི་བསྡུ་ཙོག་གེར་སྡོད་འདོད།།ཟབ་མོ་རིག་པ་རྣོ་ཡང་ཕིགས་མི་འདུག།གནས་ལུགས་ཐོས་པ་མང་ཡང་གོ་མཁན་དཀའ་བས།།གཉུག་མ་ཚིག་གིས་མཚོན་དུས་ཡོད་ཡོད་མི་འདྲ།།ད་ནི་རྟོག་གེ་སྒོག་པོའི་སྤྲོས་པ་གཅོད་འདོད།།གཞུང་བརྒྱ་སྤུ་རིས་འབྱེད་པའི་བརྗོད་སྒྲོས་མེད་ཀྱང་།།རང་བཞག་ཡངས་པ་ཆེན་པོའི་ལྟ་སྟངས་གཅིག་གིས།།སྤྲོས་པའི་གྲྭ་ཟུར་འབུམ་ཕྲག་གཅིག་ཆར་ཆོད་ན།།ཐ་སྙད་ཚིག་སྐམ་མུར་པ་འགྲམ་པའི་གཅོག་རྡོ།།ཚེ་གང་ཆོས་ར་འགྲིམས་ནས་འཆི་ཁ་ལག་སྟོང་།།མགོ་ཐོད་སྒོམ་ལ་བཞག་ནས་སྐྱེ་ཤིའི་ཁ་བརྒྱུད།།དེ་དང་དེ་འདྲའི་ངལ་བ་འབྲས་མེད་བཞག་ནས།།གདོད་མའི་ནང་དབྱིངས་ཆེན་པོར་སིབ་ཀྱིས་འཇུག་འདོད།།འཁོར་བ་སྡུག་བསྔལ་ཟེར་ཡང་རྟོག་པའི་རང་མདངས།།ཞི་གྱུར་མྱང་འདས་ཟེར་ཡང་སེམས་ཀྱི་ཆོས་ཉིད།།འཁོར་འདས་རིག་དང་མ་རིག་ལག་པའི་ལྟོ་རྒྱབ།། འཆི་མེད་བྱང་ཆུབ་ཞི་བ་ཐག་རིང་མི་བཞུགས།།སྒྲིབ་བྲལ་དབྱིངས་རིག་དབྱེར་མེད་གཉུག་མའི་གཞི་ཀློང་།།ཁམས་གསུམ་རྟོག་པའི་འཇུག་ལྡང་ཤུགས་ཀྱིས་དེངས་པས།།ཀློང་ཆེན་ཡེ་ཤེས་དམ་པའི་མེ་ལོང་གཅིག་ཏུ།།ཆོས་ཀུན་མཉམ་པར་ཟླུམ་པ་སྒོར་གྱི་སྐྱེལ་སོ།།ཨ་ཧོ་དགའ་འོ་སྐྱིད་དོ་རྡོ་ཤོད་སྨྱོན་པ།།ཕ་གཅིག་ཀུན་མཁྱེན་བརྒྱུད་པའི་གཞུང་ལུགས་མཐོང་ནས།།ཚུར་མཐོང་བྱིས་པའི་ངག་ལ་དགའ་བ་མི་སྐྱེ།། ཐེག་མཆོག་རྫོགས་ཆེན་བསམ་ན་ཁྱད་ཆོས་འདུག་གོ། དེ་སླད་རྟེན་འབྲེལ་བཟང་པོའི་ཁ་གཡང་བོས་པས།།གནས་སྐབས་རིག་འཛིན་དགྱེས་པའི་འཛུམ་དཀར་མཐོང་ཞིང་།། མཐར་ཐུག་ཁྱད་ཆོས་དྲུག་ལྡན་གདོད་མའི་དབྱིངས་སུ།། འོད་གསལ་་བུ་འདྲེས་པའི་དགའ་སྟོན་ཞུའོ།།

ཅེས་པའང་རྡོ་རོང་གི་སྨྱོན་པ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་སྨོན་ཚིག་རྐང་བ་དུམ་ཆོད་བྱས་པ་དགེ་ཞིང་བཀྲ་ཤིས།།

 

རྩོམ་ཁུངས། མགོ་ལོག་ཁུལ་རྩོམ་སྒྱུར་ལས་ཁུངས་ཀྱིས་བསྒྲིགས་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།