གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བྱ་ང་ཡི་སྐད་ཆ།

2008-11-03 20:32:00 གྲུབ་པའི་དབང་ཕྱུག་ངག་དབང་ཚོགས་ ཀློག་གྲངས། མཆན ཡོད།

རི་བྱ་ང་ཡི་སྐད་ཆ།།
དབུ་ནག་བོད་ལ་གཏམ་རྒྱུད།།
རྫ་སྤང་མཚམས་སུ་གནས་པའི།།
བྱ་རྒྱལ་གོང་མོའི་སྐད་ཆ།།
མ་ཀི་འགྲོ་དྲུག་སེམས་ཅན།།
མིག་འཕྲུལ་ལས་ལ་སྤྱོད་པ།།
རི་དྭགས་སྐོམ་པའི་སྨིག་རྒྱུ།།
ཆུ་ལ་མཐོང་ནས་འཚོལ་ཡང༌།།
ལྟོ་རུ་ཕྱིན་པ་མི་འདུག།
ལུས་སེམས་སོས་དལ་མེད་པའི།།
སྡུག་བསྔལ་ལས་ལ་སྤྱོད་ཀྱང༌།།
མཐར་ཐུག་འབྲས་བུ་མི་འདུག།
ཟོ་ཆུན་ཁྱུད་མོ་བཞིན་དུ།།
ཡང་ཡང་འཁོར་བའི་སེམས་ཅན།།
སུན་པ་ཡིད་ལ་ཨེ་ཤར།།
སྐྱབས་མཆོག་བླ་མས་གཟིགས་དང༌།།
ཐར་འདོད་བློ་སྣ་ཡོད་ན།།
གོ་དཀའ་འདི་ལ་ཉོན་དང༌།།
དབྱར་གསུམ་སྐྱེས་པའི་མེ་ཏོག།
ཁ་ཏོག་ལྔ་རུ་འཚེར་བའི།།
འདབ་མ་ཟེའུ་འབྲུ་ལྡན་པ།།
ས་གཞི་ཀུན་ཏུ་ཁྱབ་པ།།
བུང་བ་འཁོར་ཞིང་གླུ་སྙན།།
འབུ་སྲིན་མང་པོའི་སྤྱོད་འགྲོས།།
མཐོང་ན་ཡི་མུག་གོ་དཀའ།།
བར་ཆད་གློ་བུར་འབྱུང་བ།།
ཁྲི་གདུགས་ཉི་མའི་ཚད་པ།།
ཐོག་དང་སེར་བས་བྲབས་ན།།
ཁ་དོག་ཉམས་དང་ཤུལ་མེད།།
ལུས་རྟེན་འཛོམས་པའི་འབུ་ཚོ།།
ཆུ་ཤུལ་རྩྭ་སྦུར་གསེབ་ལ།།
རོ་ཚོགས་ཐང་མ་བརྡལ་འདུག།
འཇིག་རྟེན་བྱ་བྱེད་དེ་ལྟར།།
ཚིག་དོན་དེ་ལ་གོ་དཀའ།།
འཛམ་གླིང་སྐྱེས་པའི་ཕོ་མོ།།
གོ་དཀའ་འདི་ལ་ཉོན་དང༌།།
བརྩེགས་པའི་ས་མཁར་རྡོ་མཁར།།
རྨང་རྡོ་སྲ་བརྟན་བླངས་ཀྱང༌།།
ཤི་བའི་ནངས་བར་མི་འདུག།
སྒྱུ་མ་ཡིན་པར་གོ་དཀའ།།
ཁ་བད་སྒེའུ་སྐར་འཛོམས་ཀྱང༌།།
སྙིང་བོ་མེད་པར་གོ་དཀའ།།
པད་འཇའ་གསེར་བད་བརྒྱན་པ།།
ཀུན་སློང་རྣམ་དག་སྒོ་ནས།།
བཞེངས་བའི་གཙུག་ལག་མ་གཏོགས།།
འཇིག་རྟེན་བརྩེགས་པའི་མཁར་ལ།།
སྙིང་བོ་མེད་པར་གོ་དཀའ།།
རྒྱལ་སྲིད་སྐྱོང་བའི་རྒྱལ་བོ།།
སྒྱུ་མའི་རྒྱལ་སར་སྤྱོད་དུས།།
ཀུན་ལ་ཕན་པའི་རྒྱལ་ཁྲིམས།།
དགུང་ལ་ཉི་ཟླ་ཤར་བཞིན།།
ལུགས་གཉིས་ཁྲིམས་ཀྱིས་སྐྱོངས་མཛོད།།
སྙིང་གཏད་ཐུབ་པ་གོ་དཀའ།།
རྒྱལ་སྲིད་མཐོ་བའི་མཐོ་རོགས།།
བློན་འབངས་འཁོར་ལ་རག་ལས།།
བློ་གཏད་ཐུབ་པའི་མི་ཆེན།།
བློ་ཁོག་ཡངས་ལ་རྩལ་ལྡན།།
བློ་རྒྱུད་ཆོས་ཁ་དཀར་བ།།
སྡེ་དཔོན་བདེ་ལ་བཀོད་པའི།།
དེ་འདྲའི་བློན་འབངས་གོ་དཀའ།།
རང་འདོད་ཕུག་ལ་བཅུག་པའི།།
གཡོ་ཁྲམ་ཅན་གྱི་མི་ངན།།
ཁ་མཁས་ཕྱི་བསྒྱུར་ནང་ལྡག།
ཞུམ་ཞུམ་མང་པོས་ཞུ་བ།།
འཕྲལ་འཕྲལ་བདེན་བདེན་འདྲ་ཡང༌།།
དེ་འདྲའི་ཁ་ལ་ཉན་ན།།
རང་གཞན་གཉིས་ཀ་ཕུང་ཡོང༌།།
ཆོས་སྲིད་བསྟན་ལ་གནོད་པའི།།
མི་ངན་ཚར་གཅོད་བྱེད་པའི།།
དེ་འདྲའི་རྒྱལ་བློན་གོ་དཀའ།།
བླ་ཆེན་བསྟན་འགྲོའི་དོན་བྱེད།།
རྒྱལ་བསྟན་འཛིན་པའི་བླ་མ།།
གོ་དཀའ་འདི་ལ་ཉོན་དང༌།།
རང་རྒྱུད་བརྟུལ་བའི་བླ་མ།།
གཞན་དོན་མཛད་པ་ཡིན་ན།།
གཞི་རྟེན་མི་འགྱུར་ཚུལ་ཁྲིམས།།
སོ་སོར་ཐར་བའི་སྡོམ་པ།།
རང་སྲོག་བཞིན་དུ་སྲུངས་དང༌།།
ལྟ་སྤྱོད་རྒྱལ་བའི་བཀའ་བཞིན།།
ཉིས་བརྒྱ་ལྔ་བཅུའི་སྲུང་ཚུལ།།
ཡིད་ལ་འབྲལ་མེད་ཆོངས་ཤིག།
འགྲོ་ལ་ཕན་པའི་སྙིང་རྗེ།།
ཕྱོགས་རིས་མེད་པའི་འགྲོ་དོན།།
ལུས་ངག་ཡིད་ཀྱི་ཕན་པ།།
དགྲ་ཉེན་མེད་པའི་སྤྱོད་པར།།
རྒྱལ་སྲས་སེམས་དཔའི་ལག་ལེན།།
རྟག་ཏུ་བརྩེ་བར་སྐྱོངས་མཛོད།།
མཚན་ལྡན་གཙུག་གི་ནོར་བུ།།
རྟག་ཏུ་སྤྱི་བོར་ཁུར་དང༌།།
དབང་བཞིའི་ཆར་རྒྱུན་ཕོབས་དང༌།།
སྣང་གྲགས་ལྷ་སྔགས་ཡེ་ཤེས།།
རོལ་བར་རང་ངོ་སྤྲོད་པའི།།
རང་ཞལ་ཡང་ཡང་མཇལ་བ།།
དེ་འདྲའི་བླ་མ་གོ་དཀའ།།
ཕྱི་ཚུལ་བླ་མའི་ཚུལ་བཟུང༌།།
ཟོལ་ཟོག་བླ་གོས་འོད་འབར།།
རང་རྒྱུད་མ་བཏུལ་དབང་བསྐུར།།
ང་ཆེ་སྙམ་པའི་ང་རྒྱལ།།
ལྷ་སྔགས་ཏིང་འཛིན་བོར་བའི།།
གྱེར་དབྱངས་སྟོང་བས་ཅི་བྱ།།
རང་འདོད་ཕུག་ལ་བཅུག་ནས།།
ཅི་རག་སྙམ་པའི་བླ་གྲྭ།།
གཟུགས་བྱད་ལེགས་པོ་ཡོད་ཀྱང༌།།
ཞེན་ཆགས་དབང་གིས་སྤྱོད་འགྲོས།།
འཇིག་རྟེན་ཕལ་ལས་ལོད་བྱུང༌།།
བདུད་ཀྱི་ཕྱེ་གཏོར་འགམ་པའི།།
དམྱལ་བའི་གཏིང་རྡོ་སྒྲུབ་པ།།
ལུས་ངག་ཡིད་ལ་གོ་དཀའ།།
ཆོས་བྱེད་རི་ཁྲོད་འགྲིམ་པའི།།
རྟོགས་ལྡན་ཕོ་མོས་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
དབེན་གནས་རི་ཁྲོད་འགྲིམ་དང༌།།
གཞན་དོན་ཕྱོགས་མེད་འབྱུང་སོགས།།
གང་ཤར་སྤྱོད་པར་གཤེགས་དུས།།
སྡོམ་གསུམ་རྒྱན་གྱིས་རབ་བརྒྱན།།
བསླབ་གསུམ་ལྡན་པའི་རྟོགས་ལྡན།།
ཆགས་མེད་ཞེན་མེད་འགྲོ་དོན།།
ཁྱེར་སོ་གསུམ་གྱི་མཛད་སྤྱོད།།
ཕྱོགས་རིས་མེད་པར་སྐྱོངས་མཛོད།།
རང་རང་བློ་དང་འཚམ་པའི།།
ཆེ་ཆུང་ཐེག་པའི་ཆོས་བཤད།།
དཔལ་ལྡན་བླ་མའི་བཞེད་པ།།
རིས་མེད་འགྲོ་ལ་སྤེལ་མཛོད།།
ནོར་དང་ལོངས་སྤྱོད་བཀུར་སྟི།།
ཞེན་མེད་སྒྱུ་མར་རོལ་བའི།།
དེ་འདྲའི་རྟོགས་ལྡན་གོ་དཀའ།།
བླ་བཙོང་ཆོས་པའི་རྐང་འདྲེན།།
ཟོལ་ཟོག་ཅན་གྱི་རྫུ་འབག།
ཉམས་རྟོག་མེད་པའི་མིག་ཧྲིག།
གཏུམ་མོ་མེད་པའི་རས་གཟན།།
མཉམ་བཞག་མེད་པའི་སྒོམ་ཐག།
བསྐྱེད་རྫོགས་མེད་པའི་རལ་བ།།
མ་མཐོང་མངོན་ཤེས་འཆད་དང༌།།
མ་མཇལ་ལྷ་ཞལ་མཇལ་མདོག།
མ་རྟོགས་ཉམས་རྟོགས་སྐྱེས་མདོག།
མ་ཞིག་འཁྲུལ་ཞིག་ཡིན་མདོག།
སྤྱོད་པ་དུས་དང་མ་འབྲེལ།།
གྲུབ་ཆེན་སྤྱོད་ཡུལ་ཡིན་མདོག།
བག་མེད་ཤ་ཆང་ནག་སྤྱོད།།
རྐང་འདྲེན་དམྱལ་བའི་གཏིང་རྡོ།།
དེ་འདྲས་འདི་འདྲ་གོ་དཀའ།།
ཁྲིམས་ལྡན་བཙུན་པ་རྣམས་ཀྱིས།།
གོ་དཀའ་འདི་ལ་ཉོན་དང༌།།
འདུས་སྡེའི་སྒྲིག་ལ་འདུག་དུས།།
སྒྲིག་མཐུན་ཉམ་ཆུང་གྱིས་དང༌།།
མཐར་ཐུག་བཙན་ས་ཟིན་ཡོང༌།།
བླ་མ་ཆོས་ཁྲིམས་པ་ཡིས།།
མ་མཐོང་བ་ཡི་ས་རུ།།
ངན་སྤྱོད་ཁྲམ་ལས་མ་བྱེད།།
རང་རྒྱུད་ལེགས་པར་བཏུལ་མཛོད།།
གོ་དཀའ་མཆོག་ཏུ་བཤད་པ།།
ཚིག་སྙན་འདི་ལ་ཉོན་དང༌།།
དགེ་བསྙེན་དགེ་ཚུལ་དགེ་སློང༌།།
རང་རྒྱུད་བཏུལ་བའི་བཙུན་པ།།
རང་འདོད་མེད་པའི་རྒྱན་ཆ།།
གཞན་གནོད་གཞིར་བཅས་སྤོངས་དང༌།།
གཞན་ཕན་གཞིར་བཅས་སྒྲུབས་མཛོད།།
ཆོ་ག་ཆོས་སྤྱོད་གྱེར་དབྱངས།།
ཕྱག་རྒྱ་སྟངས་སྟབས་གར་འཆམ།།
ཀུན་སློང་རྣམ་དག་ལྷོད་མེད།།
བརྩོན་འགྲུས་བཟང་བོས་སྦྱངས་ནས།།
མདོ་སྔགས་རྒྱུད་ནས་གསུངས་པའི།།
དཔལ་ལྡན་བླ་མའི་བཞེད་དོན།།
བྱས་ཚད་ཆོས་སུ་འགྲོ་དང༌།།
བླ་མས་གང་གསུང་བཀའ་སྒྲུབས།།
མཆེད་ལྕམ་འདུས་སྡེར་བཀུར་སྟི།།
དག་སྣང་བཟང་བོ་ཡོད་པའི།།
དེ་འདྲའི་བཙུན་པ་གོ་དཀའ།།
ངན་སྤྱོད་ཁྲམ་ལས་བྱེད་པའི།།
བསྟན་པའི་ཆོམ་རྐུན་ཕུང་བྱེད།།
རང་མཚང་ངན་པ་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
འདུས་པའི་གྲལ་དུ་འདུག་སྐབས།།
ཆོས་སྤྱོད་ཆོ་ག་བོར་ནས།།
ལོང་གཏམ་བག་མེད་ལས་སྤྱོད།།
ཕྱག་རྒྱ་གར་སྟབས་བོར་ནས།།
དགེ་བསྐོས་མ་མཐོང་ས་རུ།།
གོ་ཆ་མཚོན་ལ་བྱི་དོར།།
རྫས་དང་མདའ་ཆ་ཡང་སྒྲུབ།།
འདུས་སྡེ་བླ་མར་ལྐོག་ཁ།།
མཆེད་དང་བླ་གྲྭའི་བར་དུ།།
དབྱེན་ཁ་མང་བོས་དཀྲུག་དང༌།།
དབང་དང་སྒྲུབ་པའི་དཀྱིལ་འཁོར།།
སྒྲོན་མེ་གཅིག་ལ་བལྟ་ཞིང༌།།
སྲོག་གིས་བསྡུས་པའི་མཆེད་ལ།།
བསམ་སྦྱོར་ངན་པས་སྡང་བ།།
དགེ་འདུན་སྤྱི་ཡི་ནོར་ལ།།
ཧབ་ཐོབ་བྱེད་དང་ཚོང་འཕྲོག།
གཡོ་རྒྱུ་ཅན་གྱི་པན་འཁྲེབ།།
འཆི་བ་སྙིང་ནས་ཨེ་གོ།
ཆགས་ཞེན་སྐྱེ་བོ་ལས་ལོད།།
ཆགས་སྤྱོད་ངན་དགུ་ཅན་གྱི།།
དགེ་འདུན་དཀྲུག་པའི་གསོར་རྡོ།།
མི་ཆེན་བློན་འབངས་རྣམས་ཀྱི།།
གོ་དཀའ་འདི་ལ་ཉོན་དང༌།།
མི་ཆེན་གཡོ་སྒྱུ་མེད་པ།།
རང་འདོད་ཆུང་བའི་གྱད་བློན།།
གཞན་ཕན་སྒྲུབ་པའི་དཔའ་བོ།།
རྒྱལ་ཁྲིམས་སྲུང་བའི་སོ་པ།།
མི་ཆོས་ལྷ་ཆོས་ཟུང་འབྲེལ།།
དེ་འདྲའི་བློན་འབངས་གོ་དཀའ།།
རྒྱལ་སྲིད་ཆོས་ཀྱིས་སྐྱོང་བའི།།
བློན་འབངས་བཟང་བོ་འདི་ལྟར།།
རང་རྒྱུད་མདའ་བས་དྲང་བ།།
ནོར་ལ་འདོད་པ་ཆུང་བ།།
ཁ་མཆུ་རྩོད་པ་ཐུག་དང༌།།
རྒྱལ་ལ་ཞུ་བ་བྱུང་དུས།།
རང་གཞན་ཁྱད་པར་མ་བྱེད།།
རྒོད་ཞན་ཤུགས་ལ་མ་བསྐུར།།
ནོར་ཟས་ཕག་ནས་མ་ཟ།།
འདི་ཕྱི་གཞིག་པ་བྱེད་དང༌།།
ཞུ་བ་དྲང་བོར་ཕུལ་བའི།།
དེ་འདྲའི་མགྲོན་གཉེར་གོ་དཀའ།།
མི་ངན་ཕལ་གྱི་སྤྱོད་པ།།
གོ་དཀའ་འདི་ལ་ཉོན་དང༌།།
ཉམ་ཆུང་རྒོད་པོའི་བདེ་སྡུག།
དྲང་བོར་ཞུ་བ་མི་འབུལ།།
རང་ཕྱོགས་རྒྱལ་དང་གཞན་ཕམ།།
ཕུགས་སུ་བཅུག་པའི་འགོང་བོ།།
ཡང་ན་ནོར་རྫས་ལྐོག་ཟན།།
ཀ་ཆ་ཅི་འདོད་སྤྱད་ནས།།
བདེན་རྫུན་གོ་ལོག་ཞུ་བའི།།
བླ་བཙོང་དྲག་དྲག་འདོད་པ།།
སྡེ་དཔོན་མགོ་སྐེ་འབྱེད་པའི།།
གཡོ་ཅན་རྫུན་རྐྱལ་ཁ་མཁས།།
སྡེ་དཔོན་ཕུང་བའི་མི་ངན།།
གོ་བ་མེད་པའི་གླང་རྒན།།
འདི་ཕྱི་མེད་པའི་སྡིག་རྒན།།
དམྱལ་བས་གཏིང་རྡོ་དེ་འདྲས།།
འདི་འདྲའི་གོ་བ་གོ་དཀའ།།
སྟག་ཤར་རྣམས་ཀྱིས་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
དྲིན་ཆེན་བྱས་པའི་ཕ་མ།།
སྙིང་དང་མིག་བཞིན་བཙའ་དགོས།།
དྲིན་ལན་བྱམས་པས་སྐྱོངས་དང༌།།
རང་ལ་ཕན་པའི་ཁ་ཏ།།
བྱམས་དང་གྱོང་བོས་ཅི་སྨྲས།།
ཁ་ཏ་དེ་ལ་ཉོན་དང༌།།
མི་བསླུ་བ་ལ་ཐག་ཆོད།།
བཀུར་སྟི་བཟང་བོ་བྱས་པས།།
སྙན་གྲགས་ལེགས་པོ་འཐོབ་ཡོང༌།།
རང་རྒྱུས་མེད་པའི་མི་དེའི།།
བཟང་བཟང་ཡག་ཡག་མཐོང་ཡང༌།།
བློ་གཏད་སྙིང་གཏམ་མ་སྔ།།
ཉེ་ཡ་ཤག་པོས་བསླུས་པ།།
གཏམ་རྒྱུད་མང་བོ་ཨེ་གོ།།
བློ་གཏད་མེད་པའི་མི་དེ།།
བཟང་བཟང་མང་པོ་ཡིན་མདོག།
བློ་སྙིང་གཏད་པའི་ཚིག་འདྲ།།
བྱ་བྱེད་སྣ་ཚོགས་བྱེད་པ།།
འཕྲལ་འཕྲལ་བཟང་བཟང་འདྲ་ཡང༌།།
རང་རྒྱུས་མི་ལ་མ་བསྐུར།།
སྔ་ཕྱི་ཅི་ཡོང་མ་བསམ།།
གློ་བུར་བྱ་བྱེད་མ་སྔ།།
སྤུན་ཟླ་ཆུང་མ་བུ་ཚ།།
མཛའ་བཤེས་རྟག་ཏུ་འགྲོགས་ལ།།
མཐུན་འཇུག་བཀུར་སྟི་རེམ་ཙམ།།
ཐང་ལྷོད་མེད་པར་བགྱིད་དགོས།།
རང་མཚང་རང་གིས་བརྟག་དགོས།།
མི་ལ་ཁྲེལ་ཁ་མ་ཆེ།།
མཐོ་དམན་མེད་པ་ཀུན་ལ།།
ངོ་ལྐོག་མེད་པའི་བྱ་སྤྱོད།།
རང་རྒྱུད་དྲང་བ་མཆོག་གཅེས།།
རང་རྩིས་ཆུང་ཞིང་གཞན་ཕན།།
ལྷག་བསམ་བཟང་བོའི་སྟག་ཤར།།
ཀུན་གྱི་གཙོ་བོར་འགྱུར་ཡོང༌།།
དེ་འདྲའི་སྤྱོད་པའི་མི་མཆོག།
དུས་ཀྱི་དབང་གིས་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
གོ་དཀའ་ངན་པའི་རྗེས་བཏུལ།།
མི་ངན་ཐ་མའི་སྤྱོད་པ།།
དྲིན་ཆེན་ཕ་མ་རྒས་རྩ།།
དྲིན་ལན་ངན་འཇལ་བཏང་ནས།།
ཟས་གོས་ཐ་མ་སྟེར་དང༌།།
གྱོང་ཚིག་རྡེག་རྡུང་མང་བོས།།
ཨར་གཏད་ཡིད་ཕམ་བྱེད་པའི།།
ཁྲེལ་མེད་དམྱལ་བའི་གཏིང་རྡོ།།
སྤུན་ཟླ་བུ་ཚ་མི་དུམ།།
ངོ་ཤག་ལྐོག་ལབ་ཆེ་བ།།
གསར་འགྲོགས་ཆེ་ཞིང་རྫུན་རྐྱལ།།
ཕན་སེམས་ཁ་ཏས་བསྐྱངས་ལ།།
གོ་ལོག་དགྲ་རུ་ལྟ་བ།།
བཟང་བོས་ཁ་ལ་མི་ཉན།།
གཡོ་ཅན་རྫུན་རྐྱལ་ངན་པ།།
རང་རྒྱུད་བསླུ་བའི་མགོ་སྐོར།།
བཟང་བཟང་མང་པོ་སྨྲ་དུས།།
ཧ་གོ་མེད་པའི་གླང་རྒན།།
གསང་གཏམ་ངོམ་མཚང་ཡོད་ཚད།།
རང་རྒྱུད་དགྲ་ལ་བསྐུར་ནས།།
རང་གཞན་ཕུང་བའི་མི་ངན།།
གཞིག་ལོང་མེད་པའི་བྱ་སྤྱོད།།
ཕོ་སྒོ་མེད་པའི་ཚད་འདོད།།
ཅི་ཡང་མི་ཤེས་ཤག་སྨྲ།།
རང་ཕུང་རང་སྒྲུབ་བྱེད་པའི།།
མི་ངན་དེ་འདྲས་གོ་དཀའ།།
གོ་དཀའ་པི་ཝང་རྒྱུན་ཐག།
གོ་དཀའ་འདི་ལ་ཉོན་དང༌།།
ན་ཆུང་རྣམས་ཀྱིས་གོ་དཀའ།།
རང་ཁྱིམ་གོ་ལ་སྡོད་དུས།།
ཕ་མར་བཀུར་སྟི་བཟང་བོ།།
དྲིན་ལན་འཇལ་བའི་བུ་མོ།།
མིང་བོ་སྤུན་ཟླ་རྣམས་ལ།།
བྱམས་བརྩེའི་གཤིས་རྒྱུད་བཟང་བ།།
གཞན་གྱི་ཆུང་མར་འགྲོ་དུས།།
རང་འདོད་གཡོ་ཁྲམ་མེད་པའི།།
རྒན་རྒོན་བཟའ་མི་ཉམ་ཆུང༌།།
བཀུར་སྟི་བྱམས་པས་སྐྱོང་མཁན།།
སྤུན་ཟླ་ཆེ་ཆུང་མེད་ལ།།
མི་གཅིག་འདྲ་བའི་རྩིས་འཇོག།
གཞན་གཡེམ་ཆུང་ཞིང་གསང་ཐུབ།།
ནོར་གསོག་མཁས་ཤིང་མཛངས་ལྡན།།
བཟང་ངན་ཤེས་པའི་གོ་བ།།
གཉེན་འདུན་བྱམས་པས་སྐྱོང་མཁས།།
སྨྲ་ཉུང་ཆོས་ལ་དཀར་བ།།
ཁྱི་སྤྲང་སློང་མོ་ཀུན་ལ།།
སྦྱིན་བཏང་སྙིང་རྗེའི་རྩལ་ལྡན།།
དེ་འདྲའི་ན་ཆུང་གོ་དཀའ།།
གོ་དཀའ་ངན་དགུའི་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
ན་ཆུང་ངན་པའི་སྤྱོད་འགྲོས།།
ཕ་མར་དྲིན་ལན་མི་འཇལ།།
མིང་བོ་བཟའ་མི་རྣམས་ལ།།
འཁོན་འཛིང་ལྐོག་ལབ་ཆེ་བ།།
ཁྱོ་དད་ཆེ་ཞིང་རྫུན་རྐྱལ།།
གསར་འགྲོགས་སྐྱེན་ཞིང་ཁྲེལ་མེད།།
རང་ལུས་མི་ཐུབ་ནེས་ཁུར།།
གཞན་གྱི་ཆུང་མར་སོང་ན།།
དང་པོ་གསར་འགྲོགས་བཟང་བཟང༌།།
དེ་ནས་ངན་མཚང་མངོནཡོང༌།།
རྒན་རྒོན་ཕ་མ་ཉམ་ཆུང༌།།
རྡེག་རྡུང་བྱེད་དང་ཟས་སྐལ།།
གཅོད་ཅིང་ངན་དགུ་བྱེད་དང༌།།
སྤུན་ཟླ་དབྱེན་དང་བཟའ་དཀྲུག།
ངན་དགུ་ཚང་བའི་བདུད་མོ།།
ཕྱི་ཚུལ་ལེགས་ཀྱང་ནང་ངན།།
དུག་རྐྱལ་འདྲ་བའི་བུད་མེད།།
གང་ལ་ལུས་ངག་འགྲོགས་ལ།།
ཕན་པ་མེད་པའི་གནོད་སྐྱེལ།།
གསང་མི་ཐུབ་ཅིང་མིག་སེར།།
བཟང་ལན་ངན་འཇལ་རྐུན་བྱེད།།
བསམ་སྦྱོར་གནག་ཅིང་དབྱེན་ཆེ།།
ནག་སྤྱོད་སྡིག་ལ་དགའ་བ།།
ཆོས་ལ་ནི་གུས་འབར་ཤ།།
སྙིང་རྗེ་མེད་ཅིང་གཡོ་ཁྲམ།།
སྤྲང་ལོང་ཁྱི་སྤྲང་རྣམས་ལ།།
རྡེག་རྡུང་བྱེད་ཅིང་ངན་སྤྱོད།།
ངན་དགུ་ཐམས་ཅད་ཚང་བའི།།
ནག་མོ་དེ་འདྲས་གོ་དཀའ།།
གོ་དཀའ་འདི་ལ་ཉོན་དང༌།།
ཀུན་གྱིས་གོ་རྒྱུའི་གོ་དཀའ།།
འཇིག་རྟེན་འདི་ན་སྡོད་དུས།།
ཟས་གོས་ལོངས་སྤྱོད་ཆ་རྐྱེན།།
སྔོན་གྱི་ལས་འབྲས་དབང་གིས།།
ལོངས་སྤྱོད་གང་འཛོམས་མ་གཏོགས།།
ཀུན་སློང་ཁོ་ནས་མ་འཁྲུག།
བཤས་ཁེ་སྡུག་ལས་མ་ཆེ།།
ཅི་ཡོད་ཆོག་ཤེས་ཆེ་དགོས།།
ཞར་བྱུང་དགེ་བ་སྒྲུབ་ཐབས།།
དཀའ་ཚེགས་མེད་པའི་ཚོགས་བསགས།།
ནངས་ནུབ་བརྒྱ་ཕྱག་ཕུལ་དང༌།།
དཀོན་མཆོག་དགྱེས་པའི་མཆོད་པ།།
སྤོས་དང་མར་མེ་ཡོན་ཆབ།།
རྟག་ཏུ་འབུལ་ཞིང་བརྩོན་འགྲུས།།
ཐང་ལྷོད་མེད་པར་རེམ་དགོས།།
གངས་ཅན་ལྗོངས་ཀྱི་ཡི་དམ།།
ལྷ་གཅིག་སྔགས་གཅིག་ཁོ་ནས།།
ངན་སོང་སྐྱེ་སྒོ་གཅོད་པའི།།
ཡི་གེ་དྲུག་མ་སྒྲོངས་དང༌།།
འཇིག་རྟེན་འདི་ན་སྐྱེས་པའི།།
མཐོ་དམན་མེད་པའི་ཕོ་མོ།།
སྐད་ཅིག་ཡད་ཡུད་ཙམ་ལས།།
མི་རྟག་འཆི་ལ་ཉེ་འགྲོ།།
སྡུག་གསོག་སེར་སྣས་བཅིངས་པའི།།
ནོར་རྫས་རྩྭ་ཁའི་ཟིལ་བ།།
གཅིག་ཀྱང་འཁྱེར་དབང་མེད་དོ།།
ལོངས་སྤྱོད་བཟའ་མི་གཉེན་འདུན།།
མདང་གསུམ་རྨི་ལམ་བཞིན་དུ།།
ལུས་སེམས་བྲལ་དུས་སོ་སོར།།
གཅིག་པུར་འགྲོ་བ་ཨེ་གོ།
ཚེ་འདིར་དགྲ་འདུལ་གཉེན་སྐྱོང༌།།
ཆགས་སྡང་དབང་གིས་སྤྱོད་ཚད།།
རང་ཕུང་རང་བརླགས་ཨེ་གོ།
ཚེ་འདིར་སངས་རྒྱས་སྟེར་མཁན།།
མཚན་ལྡན་རྗེ་བཙུན་བླ་མས།།
ཐར་བ་ཐོབ་པའི་ཐེམ་སྐས།།
ངན་སོང་ཆུ་བོ་བརྒལ་བའི།།
གྲུ་ཟམ་ལྟ་བུའི་ཆོས་བཤད།།
ཀུན་ལ་གོ་དཀའ་གསུང་དུས།།
རྣ་བའི་དབང་བོས་ཉན་དགོས།།
ཚེ་འདིར་སངས་རྒྱས་ལག་བཅང༌།།
མཚན་ལྡན་བླ་མས་གསུངས་པའི།།
རང་སེམས་ངོ་བོ་སྐྱོངས་དང༌།།
བཟང་ངན་བདེ་སྡུག་ཤར་མཁན།།
གང་ཤར་ངང་དུ་བལྟས་པས།།
གསལ་སྟོང་བརྗོད་མེད་འདུག་པ།།
གནས་པ་ཁོ་ནར་ཨེ་གོ།
ཚོགས་དྲུག་གང་གི་སྒོ་ནས།།
གཞན་དུ་འགྱུ་ནས་འཕྲོས་སར།།
འགྱུ་བ་ཡིན་པ་ཨེ་གོ།
དེ་དག་སོ་སོར་དབྱེ་མཁན།།
རིག་པ་ཡིན་པར་ཨེ་གོ།
བཟང་ངན་བདེ་སྡུག་ཐམས་ཅད།།
རྩ་བ་བཅད་ན་རང་སེམས།།
ཆོས་སྐུ་ཡིན་པར་ཨེ་གོ།
ཉོན་མོངས་དུག་ལྔའི་རྟོག་ཚོགས།།
སྤང་བླང་མེད་པར་རང་གྲོལ།།
རྒྱལ་བ་རིགས་ལྔའི་དགོངས་པ།།
རང་ཆས་ཡིན་པར་ཨེ་གོ།
རང་ལུས་ཕུང་ཁམས་སྐྱེ་མཆེད།།
ཞི་ཁྲོ་དམ་པ་རིགས་བརྒྱའི།།
སྐུ་དང་ཞིང་ཁམས་དབྱེར་མེད།།
རང་ལ་ཡོད་པ་ཨེ་གོ།
གཞན་ནས་འཚོལ་རྒྱུ་མེད་པའི།།
སྣང་སྲིད་ཆོས་སྐུའི་རོལ་བ།།
སྤང་བླང་མེད་པར་སྐྱོང་དགོས།།
བདེན་གཉིས་ལམ་དུ་འཁྱེར་བའི།།
རྟེན་འབྲེལ་བསླུ་མེད་གོ་དགོས།།
རིམ་གཉིས་ཟབ་མོར་སྦྱངས་པས།།
ཐམས་ཅད་སངས་རྒྱས་འགྲུབ་པར།།
འགྲོ་བ་ཀུན་གྱིས་ཨེ་གོ།།
མ་རྟོགས་འགྲོ་ལ་སྙིང་རྗེ།།
མཐར་ཐུག་སངས་རྒྱས་འགྲུབ་པའི།།
བསྔོ་སྨོན་དགེ་ལ་འབུངས་མཛོད།།
ང་རང་རི་བྱ་གོང་མོས།།
མང་པོ་བཤད་པ་མི་ཁོམ།།
མདོར་བསྡུས་དེ་ཚོ་ཨེ་གོ།
མི་ཆོས་ལྷ་ཆོས་སྒྲུབ་ཐབས།།
རང་སེམས་གསལ་བའི་ངོགས་ལ།།
མེ་ལོང་གཟུགས་བརྙན་བཞིན་དུ།།
རྟེན་འབྱུང་དབང་དུ་ཤར་ཚད།།
ཡི་གེའི་ལམ་དུ་བཀོད་པ།།
ཀུན་ལ་དགེ་བར་གྱུར་ཅིག།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།