གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་བསྐུལ་ལྕག་མཁའ་སྤྱོད་དབང་མོ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ།

2014-12-12 12:19:52 རྒྱ་ཚང་རི་ཁྲོད་པ་ཆོས་ཀྱི་སེངྒེ། ཀློག་གྲངས། མཆན ཡོད།


༄༅།།ན་མོ་གུ་རུ། ཁྱབ་བདག་ཧེ་རུ་ཀ་དཔལ་ཡབ་ཡུམ་དང་།།
དབྱེར་མེད་རྗེ་བཙུན་བློ་བཟང་འཕྲིན་ལས་ཞབས།།
བདག་སྙིང་པདྨ་དམར་པོའི་ཟེའུ་འབྲུ་རུ།།
འབྲལ་མེད་བཞུགས་ལ་ཤེས་རྒྱུད་བྱིན་གྱིས་རློབས།།
ཨིནྡྲ་ནཱ་རོ་ཏ་བ་མཻ་ཏྲིའི་ཞབས།།
བིཪྺ་དམ་པ་ལབ་སྒྲོན་མི་ལ་རྗེ།།
ཀུན་སྙིང་ཚར་ཆེན་ལ་སོགས་འཕགས་བོད་ཀྱི།།
རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་བདག་སྐྱོངས་ཤིག།
རང༷་བཞིན་འཁོར་བའི་གནས་ལ་ཡིད་འབྱུང་ནས།།
རང༷་ཉིད་སྒྲུབ་ལ་བསྐུལ་བའི་སྙིང་གཏམ་འགའ།།
རང༷་གི་རང་ལ་རྒྱང་གླུའི་ཚུལ་དུ་འཐེན།།
རང༷་སེམས་ཁུག་ལ་རང་གིས་རང་ལ་ཉོན།།
ཁྱོད་ནི་འཁོར་བའི་བཙོན་ལས་མྱུར་བ་རུ།།
ཐར་བར་བཞེད་ན་ལྷ་ཆོས་བྱ་དགོས་པས།།
བྱེད་ན་ཆོས་ནི་མདོ་རྒྱུད་གང་ལ་མོས།།
དངོས་གྲུབ་རེ་བའི་འདོད་ལྷ་སུ་ལ་ཞུ།།
ལན་སྨྲས་པ།
རྒྱལ་བའི་གསུང་རབ་གང་ཡང་མི་ཟབ་མེད།།
ཀུན་ལ་མོས་ཤིང་ཁྱད་པར་སྔགས་ལ་མོས།།
དེ་ཡི་ནང་ནས་རྣལ་འབྱོར་མ་རྒྱུད་ཀྱི།།
ཡང་རྩེ་འཁོར་ལོ་སྡོམ་པའི་ལམ་ལ་མོས།།
ཡི་དམ་ལྷ་ལ་མཆོག་དམན་མ་མཆིས་ཀྱང་།།
རིང་ནས་འདྲིས་པའི་བག་ཆགས་ལྷན་སྐྱེས་ཚུལ།།
ངང་བ་མཚོ་དང་བུང་བ་མེ་ཏོག་མེ་ཏོག་ལ།།
ཇི་བཞིན་བདག་ཡིད་རྡོ་རྗེ་བཙུན་མོ་ལའོ།།
གཅེས་པའི་སྲོག་ནི་ཤིན་ཏུ་ཕངས་མོད་ཀྱང་།།
མཁའ་འགྲོའི་དབང་མོ་དགྱེས་ཕྱིར་ད་ལྟ་ཉིད།།
སྒྱུ་ལུས་འདོར་དགོས་བྱུང་ཡང་སོམ་ཉི་ཙམ།།
མི་འཇུག་སྙིང་སྟོབས་ཁོ་བོའི་སྒོས་སྐལ་ཡིན།།
དེ་ལྟར་རེ་བའང་མཚན་མས་འཆིང་བ་མེད།།
ཅིའི་ཕྱིར་ཞེ་ན་རང་སེམས་གདོད་མ་ནས།།
རང་བྱུང་རྡོ་རྗེ་ཕག་མོར་ངེས་ཤེས་པས།།
སྤྲོས་བྲལ་ཀློང་དུ་གཉིས་འཛིན་མདུད་རྒྱ་གྲོལ།།
ཨེ་མ་ངེས་གསང་བདུད་རྩིའི་བཅུད་ལེན་གྱིས།།
མི་རིང་མཁའ་སྤྱོད་རིག་འཛིན་ཞིག་གྲུབ་ན།།
དེ་ལས་དགའ་དང་སྤྲོ་དང་ངོ་མཚར་ཞིག།
ས་སྟེང་སྣང་བའི་ཡུལ་ན་ཅི་ཞིག་འཚལ།།
ཡང་དྲིས་པ།
ཨེ་མ་ཟབ་ཟབ་གྲགས་པའི་གསང་ལམ་གྱིས།།
བསྒྲུབ་འབྲས་མཁའ་སྤྱོད་ཟེར་བའི་སྐད་པོ་ཆེ།།
བྱུང་ཁུངས་གང་ལགས་མིང་དོན་ཆེ་བ་གང་།།
སྨྲ་བར་འོས་ཀྱིས་གསལ་བར་བརྗོད་ཅེ་ན།།
ལན་སྨྲས་པ།
ཧ་ཧ་ཟབ་ཟབ་བཏགས་པ་སྙན་ཚིག་མིན།།
དུང་ཕྱིར་བྱེ་བ་ཕྲག་དྲུག་མ་རྒྱུད་ཀྱི།།
ཡང་རྩེ་བདེ་མཆོག་རྒྱུད་སྙིང་རྒྱ་བོད་ལྗོངས།།
གྲུབ་ཐོབ་བྱ་ཁྱུ་འཕུར་བཞིན་བྱོན་པའི་ལམ།།
ཡོན་ཏན་མ་ལུས་བདག་ལྟས་བརྗོད་མི་ལངས།།
ཅུང་ཟད་གསལ་བར་སྨྲས་ན་འདི་ལྟར་གདའ།།
མཁའ་སྤྱོད་ཆེན་པོ་བཅུ་གསུམ་སངས་རྒྱས་ས།།
ཆུང་ངུ་འཇའ་ལུས་རིག་འཛིན་རིམ་སངས་རྒྱ།།
ཕྱི་ལྟར་མཁའ་ལ་འགྲོ་བས་མིང་དོན་འབྲེལ།།
ནང་ལྟར་མཁའ་གསང་སྦྱོར་བས་མཚོན་དོན་འབྲེལ།།
གསང་བ་བདེ་སྟོང་དབྱེར་མེད་བརྡ་དོན་འབྲེལ།།
མཚན་དོན་དྲང་ངེས་ཕྱེ་ན་དེ་ལྟར་གདའ།།
ཕྱི་རུ་རྨད་བྱུང་ཞིང་ཁམས་ཉམས་སུ་དགའ།།
ནང་དུ་ལྷན་སྐྱེས་རྩེ་དགའ་ཟག་པ་མེད།།
གསང་བ་རིག་སྟོང་ཆོས་སྐུ་མཁའ་ལྟར་གདལ།།
མཁའ་སྤྱོད་གྲུབ་པའི་ཡོན་ཏན་དེ་ལྟར་གདའ།།
འདྲེན་པའི་བཤེས་གཉེན་ཧེ་རུ་ཀ་ཡབ་ཡུམ།།
གྲོགས་སུ་སྣང་བ་དཔའ་བོ་མཁའ་འགྲོ་དངོས།།
ལོངས་སུ་སྤྱད་བྱ་ཟག་མེད་འདོད་ཡོན་དང་།།
ཉམས་སུ་བླངས་བྱ་ཐེག་མཆོག་གསང་ཆེན་ཆོས།།
རིང་དུ་མ་ཡིན་ས་ལམ་མྱུར་དུ་རྫོགས།།
དཀའ་བས་མ་ཡིན་དགའ་བདེའི་ལམ་གྱིས་འགྲུབ།།
རྒ་ཤི་ན་མེད་འཇའ་ལུས་རྡོ་རྗེའི་སྐུ།།
རྟེན་དེར་ཚེགས་མེད་ཟུང་འཇུག་སངས་རྒྱས་བརྙེས།།
ཤིན་ཏུ་ངོ་མཚར་ནས་སྨྲས་པ།
ཨེ་མ་ཨེ་མ་མཁའ་སྤྱོད་རིན་པོ་ཆེ།།
ཨ་ཧོ་ཨ་ཧོ་མཆོག་ཏུ་ཡ་རེ་མཚན།།
ཨ་ལ་ལ་ཧོ་འདི་འདྲའི་གཏམ་སྙན་པོ།།
ཐོས་འདི་རྨི་ལམ་མིན་ན་ངོ་མཚར་ཆེ།།
སྙིང་ནས་སྒྲུབ་པ་ལ་བསྐུལ་ཕྱིར་དམ་བཅའ་བ་ལྟར་སྨྲས་པ།
ད་ནི་བློ་སྣ་མང་པོས་ཅི་ཞིག་བགྱི།།
བློ་མང་བྱ་མང་བྱ་བ་མཐར་ཕྱིན་མེད།།
བློ་རྩེ་གཅིག་དྲིལ་བྱས་ནས་རྩེ་གཅིག་ཏུ།།
འདི་ལ་ས་སྡེ་བཙུག་ལ་མི་འབད་རི།།
མནོག་ཆུང་ཚེ་འདིའི་འདུན་མ་སྣ་རེའི་ཕྱིར།།
སྐྱེ་བོ་འདི་དག་སྲོག་ཀྱང་འདོར་ཕོད་ན།།
དོན་ཆེན་འདི་འདྲའི་ཕྱིར་དུ་ཁོ་བོ་ཅག།
ལུས་སྲོག་ཐེད་ལ་འབོར་བ་སྨྲོས་ཅི་འཚལ།།
ལམ་གྱི་ཉམས་ལེན་རྩ་ལག་ཚང་བར་འདོམས་པ་སྨྲས་པ།
ཨེ་མ་ལམ་བཟང་སྒྲུབ་པའི་རྩ་བ་ཡང་།།
བླ་མའི་བྱིན་རླབས་ཉིད་ལ་རག་ལས་ཕྱིར།
ཟབ་ལམ་བླ་མའི་རྣལ་འབྱོར་སྲོག་ཤིང་དུ།།
བགྱིས་ཏེ་རྟེན་འབྲེལ་རྩ་བ་ཚུགས་པར་བྱ།།
༧ཐོག་མར་ཕྱི་དབང་བསྐུར་བའི་བཀའ་དྲིན་ཅན།།
ཕ་རྒན་ཆོས་ཀྱི་རྡོ་རྗེ་བཀའ་དྲིན་ཆེ།།
བཀའ་དྲིན་སྙིང་ནས་དྲན་པས་གསོལ་འདེབས་ཤིང་།།
ཐུགས་ཡིད་དབྱེར་མེད་བསྲེས་ནས་མཁའ་སྤྱོད་སྒྲུབས།།
བར་དུ་ནང་ཁྲིད་འབོག་པའི་བཀའ་དྲིན་ཅན།།
ཕ་རྒོད་རོལ་པའི་རྡོ་རྗེ་བཀའ་དྲིན་ཆེ།།
བཀའ་དྲིན་སྙིང་ནས་དྲན་པས་གསོལ་འདེབས་ཤིང་།།
ཐུགས་ཡིད་དབྱེར་མེད་བསྲེས་ནས་མཁའ་སྤྱོད་སྒྲུབས།།
ཐ་མར་གསང་ལམ་སྟོན་པའི་བཀའ་དྲིན་ཅན།།
ཡབ་རྗེ་མི་བསྐྱོད་རྡོ་རྗེ་བཀའ་དྲིན་ཆེ།།
བཀའ་དྲིན་སྙིང་ནས་དྲན་པས་གསོལ་འདེབས་ཤིང་།།
ཐུགས་ཡིད་དབྱེར་མེད་བསྲེས་ནས་མཁའ་སྤྱོད་སྒྲུབས།།
ཨ་ཧོ་སྙིང་ནས་སྒྲུབ་པ་བྱེད་སྙམ་ན།།
རྒྱལ་དང་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱིས།།
མགྲིན་གཅིག་བསྔགས་པའི་དབེན་པའི་དགའ་ཚལ་དུ།།
དམ་པའི་རྣམ་ཐར་སྐྱོངས་ལ་མཁའ་སྤྱོད་སྒྲུབས།།
དལ་འབྱོར་དོན་ཆེ་ཤིན་ཏུ་རྙེད་དཀའ་ཞིང་།།
མྱུར་དུ་འཇིགས་ངེས་ལུས་སྲོག་ཆུ་བུར་བཞིན།།
འཆི་བའི་རྐྱེན་མང་ནམ་འཆི་ཆ་མི་འཚལ།།
མི་རྟག་འཆི་དྲན་ངང་ནས་མཁའ་སྤྱོད་སྒྲུབས།།
ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་དང་།།
ཁྱད་པར་ངན་སོང་སྡུག་བསྔལ་བཟོད་དཀའ་བར།།
སྙིང་ནས་འཇིགས་དྲགས་དཀོན་མཆོག་སྐྱབས་འགྲོ་ཞིང་།།
བླང་དོར་ཕྲ་ཞིབ་ངང་ནས་མཁའ་སྤྱོད་སྒྲུབས།།
སྨིན་བྱེད་དབང་དང་ངོ་སྤྲོད་ཐེབས་པའི་གཞིར།།
སྨོན་འཇུག་སེམས་བསྐྱེད་དག་པའི་རྩ་བ་བརྟན།།
ཕྱིན་དྲུག་ཉམས་ལེན་ལམ་གྱི་སྦྱོར་དངོས་སུ།།
འུབ་ཀྱིས་འདུ་བའི་ངང་ནས་མཁའ་སྤྱོད་སྒྲུབས།།
ཕྱི་རུ་མི་དགེ་བཅུ་སྤོངས་ཁྲིམས་ཀྱིས་བཙུན།།
ནང་དུ་བྱམས་དང་སྙིང་རྗེས་ཞི་ཞིང་དུལ།།
གསང་བ་རིག་འཛིན་དམ་ཚིག་རྒྱན་གྱིས་མཛེས།།
སྡོམ་གསུམ་དག་པའི་ངང་ནས་མཁའ་སྤྱོད་སྒྲུབས།།
སྒྲིབ་སྦྱོང་རྒྱལ་པོ་རྡོར་སེམས་སྟོབས་བཞིའི་ལམ།།
ཚོགས་བསགས་མཐར་ཐུག་བླ་མའི་རྣལ་འབྱོར་ཁྲིད།།
བསགས་སྦྱངས་གནད་དུ་ཐིངས་པའི་ཉམས་ལེན་ལ།།
ཉིན་བཞིན་འབད་པའི་ངང་ནས་མཁའ་སྤྱོད་སྒྲུབས།།
ལམ་འཁྱེར་གསུམ་གྱིས་སྐྱེ་འཆིའི་བག་ཆགས་སྦྱོངས།།
སྣང་སྟོང་ལྷ་སྐུར་ང་རྒྱལ་གསལ་སྣང་བརྟན།།
ཐ་མལ་སྣང་ཞེན་དྲན་པའི་མེ་ཡིས་བསྲེག།
བསྐྱེད་རིམ་གསལ་བའི་ངང་ནས་མཁའ་སྤྱོད་སྒྲུབས།།
རྟག་ཏུ་རང་གི་ལུས་ངག་ཡིད་གསུམ་འདི།།
ལྷ་ཡི་སྐུ་གསུང་ཐུགས་ལས་མི་འདའ་བར།།
དྲན་ཤེས་རྒྱུན་ཆགས་སྐུ་གསུམ་དམ་ཚིག་དོན།།
ཉམས་ལེན་གནད་ཀྱི་ངང་ནས་མཁའ་སྤྱོད་སྒྲུབས།།
ཁྱད་པར་ཀླག་པས་འགྲུབ་པའི་ཟབ་མྱུར་ལམ།།
ཕྱི་ནང་གསང་བའི་མཁའ་སྤྱོད་དངོས་གྲུབ་ཀུན།།
ཐོགས་མེད་འབྱུང་བ་ༀ་གསུམ་ལྡན་པའི་སྔགས།།
བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་མཁའ་སྤྱོད་སྒྲུབས།།
མ་དག་ལྷག་ཆད་སྐྱོན་སྤངས་དག་གསལ་སྔགས།།
རང་དང་ལུས་དཀྱིལ་གཙོ་འཁོར་མགྲིན་གཅིག་གིས།།
འདོན་པར་དམིགས་པས་གྲངས་མེད་འགྱུར་ཆད་སོགས།།
ཟབ་གནད་དུ་མ་ཤེས་པས་མཁའ་སྤྱོད་སྒྲུབས།།
སྤྲོ་བསྡུའི་དམིགས་པས་རང་གཞན་དོན་གཉིས་སྤྱི།།
བྱེ་བྲག་ཞི་སོགས་ལས་བཞི་རབ་འབྱམས་སོགས།།
ཞར་བྱུང་ཙམ་དུ་འདོད་ཡོན་ཀུན་འགྲུབ་པའི།།
མནངག་འཕྲུལ་གསང་ལྡན་པས་མཁའ་སྤྱོད་སྒྲུབས།།
རྩ་གསུམ་འཁོར་ལོ་བཞི་གསལ་ངྷཱུ་ཏི་རུ།།
ཨ་ཧཾ་འབར་འཛག་ལམ་ལ་གནད་དུ་བསྣུན།།
འབྱུང་ལྡོག་དགའ་བཞིའི་རིམ་པའི་འོད་གསལ་དབྱིངས།།
བདེ་སྟོང་རྫོགས་རིམ་བསྒོམ་ལ་མཁའ་སྤྱོད་སྒྲུབས།།
ཕྱི་རུ་མཚན་ལྡན་ཉེ་རྒྱུའི་རྟེན་འབྲེལ་ཚང་།།
ནང་དུ་རྩ་རླུང་ཐིག་ལེ་ལས་སུ་རུང་།།
གསང་བ་ཐབས་ལམ་ཉམས་འོག་ངེས་ཆུད་ཚེ།།
བརྟུལ་ཞུགས་གསང་སྤྱོད་སྐྱོང་ཞིང་མཁའ་སྤྱོད་སྒྲུབས།།
གསལ་ཞིང་སྣང་བ་ཀུན་རྫོབ་ཐབས་ཀྱི་ཆ།།
སྟོང་ཞིང་བདག་མེད་དོན་དམ་ཤེས་རབ་ཆ།།
བདེན་གཉིས་དབྱེར་མེད་སེམས་ཉིད་གཅིག་ཏུ་རྫོགས།།
བསྐྱེད་རྫོགས་ཟུང་འཇུག་ངང་ནས་མཁའ་སྤྱོད་སྒྲུབས།།
གཅེས་འཛིན་སྒྱུ་ལུས་གཟན་སྐྱུར་ཚོགས་ཆེན་གསོགས།།
སྐྱེ་མེད་བློ་བྲལ་དབྱིངས་སུ་བདུད་བཞི་ཆོམས།།
ཆོས་བརྒྱད་རོ་སྙོམས་སྣང་ཞེན་འཁྲི་བ་ཆོད།།
གེགས་སེལ་བོག་འདོན་ལམ་གྱིས་མཁའ་སྤྱོད་སྒྲུབས།།
བཙན་ཐབས་མཚང་རྒྱའི་མྱུར་ལམ་འཕོ་བ་བསྒོམ།།
ཟབ་ཁྱད་འཕོ་ཆུང་གནད་ཀྱིས་འཇའ་ལུས་སྒྲུབས།།
བསྲེ་འཕོ་མཚམས་སྦྱོར་རྨི་ལམ་བར་དོ་སྦྱོངས།།
ལམ་བཟང་ཡོངས་རྫོགས་ངང་ནས་མཁའསྤྱོད་སྒྲུབས།།
བྱིང་ཞིང་རྨུགས་ན་ཤེས་པ་གཡེར་ཞིང་གསེང་།།
འཕྲོ་ཞིང་རྒོད་ན་ཤེས་པ་སྨད་ཅིང་གཅུན།།
བྱིང་རྒོད་སྐྱོན་སྤངས་དྲི་མེད་ཏིང་འཛིན་ལ།།
རྟག་ཏུ་མཉམ་པར་ཞོག་ལ་མཁའ་སྤྱོད་སྒྲུབས།།
རྡོ་རྗེ་གསུམ་གྱི་རང་བཞིན་སྙིང་བོ་གསུམ།།
རྩེ་གཅིག་བཟླས་པས་སྒོ་གསུམ་སྦྱངས་བསྒྱུར་ཏེ།།
ལྷུན་གྲུབ་སྐུ་གསུམ་ངོ་བོར་མྱུར་གྲོལ་བའི།།
གནད་དོན་ཟབ་མོ་རིག་པས་མཁའ་སྤྱོད་སྒྲུབས།།
སྣོད་ཀུན་གཞལ་ཡས་སྣང་གྲགས་ལྷ་དང་སྔགས།།
ཅི་སྣང་བདེ་སྟོང་དག་པ་རབ་འབྱམས་ཉིད།།
བཟའ་བཏུང་བདུད་རྩི་ནང་གི་སྦྱིན་སྲེག་དང་།།
ཞེན་མེད་ཚོགས་འཁོར་ངང་ནས་མཁའ་སྤྱོད་སྒྲུབས།།
དེས་མཚོན་འདོད་ཡོན་སྤྱི་དང་བྱེ་བྲག་ལ།།
ཉམ་ང་མེད་པར་བདེ་སྟོང་དཔའ་གདེང་གིས།།
རོལ་ཞིང་སྤྱོད་ལམ་ཐམས་ཅད་ཉམས་ལེན་དུ།།
བསྒྱུར་བའི་ཐབས་མཁས་ངང་ནས་མཁའ་སྤྱོད་སྒྲུབས།།
དུས་ཚིགས་གཉིས་ཀྱི་དཔའ་བོའི་སྟོན་མོ་དང་།།
ནང་གི་སྒོས་ཆོས་གསང་བའི་དམ་ཚིག་བརྒྱད།།
གཡོན་པའི་ཀུན་སྤྱོད་ཟབ་མོའི་བརྟུལ་ཞུགས་ལས།།
ནམ་ཡང་འདའ་བ་མེད་པར་མཁའ་སྤྱོད་སྒྲུབས།།
སྣང་སྲིད་ཆོས་ཀུན་སེམས་ཉིད་རིག་པའི་འཕྲུལ།།
སེམས་ཉིད་ཡེ་ནས་མ་སྐྱེས་གཞི་རྩ་བྲལ།།
སྣང་སྟོང་དབྱེར་མེད་མཐའ་བྲལ་བློ་འདས་དབྱིངས།།
སྤྲོས་མེད་ལྟ་བའི་ངང་ནས་མཁའ་སྤྱོད་སྒྲུབས།།
དམིགས་མེད་དོན་ལས་གཞན་དུ་ཡེངས་སུ་མེད།།
ཡེངས་མེད་ཙམ་ལས་ཆེད་དུ་སྒོམ་བྱ་མེད།།
མ་བཅོས་བདེ་སྟོང་གཉུག་མ་ངང་གིས་གསལ།།
འཛིན་མེད་སྒོམ་པའི་ངང་ནས་མཁའ་སྤྱོད་སྒྲུབས།།
མཐུན་པའི་ཡུལ་ལ་བླངས་བྱའི་ཞེན་བློ་ཞིག།
མི་མཐུན་ཡུལ་ལ་སྤང་བྱའི་དངོས་འཛིན་གྲོལ།།
འགགས་མེད་ཤུགས་འབྱུང་བླང་དོར་སྣང་རྒྱ་དྲལ།།
གཉིས་མེད་སྤྱོད་པའི་ངང་ནས་མཁའ་སྤྱོད་སྒྲུབས།།
འཁོར་བ་སྤང་དུ་མ་རྙེད་དོགས་པ་བྲལ།།
མྱང་འདས་སྒྲུབ་དུ་མ་གནས་རེ་བ་བྲལ།།
སེམས་ཉིད་རང་ངོ་ཤེས་པ་སངས་རྒྱས་ཉིད།།
ལྷུན་གྲུབ་འབྲས་བུའི་ངང་ནས་མཁའ་སྤྱོད་སྒྲུབས།།
གཉིས་འཛིན་བཅོས་མ་ཡིན་པས་བསྲུང་དུ་མེད།།
བཅོས་མ་ཡེ་དག་ཡིན་པས་ཉམས་སུ་མེད།།
རང་དྭངས་འོད་གསལ་ངོ་བོ་དྲི་མས་དབེན།།
རྣམ་དག་དམ་ཚིག་ངང་ནས་མཁའ་སྤྱོད་སྒྲུབས།།
མདོར་ན་ལྟ་སྒོམ་སྤྱོད་འབྲས་དམ་ཚིགས་སོགས།།
རང་སེམས་ལྷན་སྐྱེས་ཕག་མོའི་རྩལ་དུ་རྫོགས།།
ཀུན་འདུས་གཅིག་ཆོག་དོན་གྱི་ལྷ་ཞལ་ལ།།
མ་ཡེངས་ཅེ་རེར་ལྟོས་ལ་མཁའ་སྤྱོད་སྒྲུབས།།
ལུས་སྲོག་གསོ་ཙམ་མ་གཏོགས་བྱ་དགོས་མེད།།
གདམས་ངག་ཚིག་གཅིག་དོན་འདིར་མ་འདུས་མེད།།
མདོ་འགག་འདི་གཉིས་བརྗེད་མེད་སྙིང་ལ་ཆོངས།།
ཚིག་དོན་གནད་དུ་བསྲེས་བཞིན་མཁའ་སྤྱོད་སྒྲུབས།།
སྒྲུབ་སྒྲུབ་ཅེས་ནི་བསྒྲུབ་བྱ་ལོགས་ན་མེད།།
རྟོགས་པར་གྱུར་ན་རང་སེམས་མཁའ་སྤྱོད་ཉིད།།
ནོར་བུ་བཞིན་དུ་དགོས་དགུ་རང་ཆས་གྲུབ།།
ངེས་ཤེས་བློ་ཐག་ཆོད་ལ་མཁའ་སྤྱོད་སྒྲུབས།།
རང་གཤིས་མ་བཅོས་མཉམ་བཞག་མཁའ་ལྟར་ཁྱབ།།
རང་གདངས་མ་འགགས་འཆར་སྒོ་སྒྱུ་མ་ཙམ།།
མཉམ་རྗེས་དབྱེར་མེད་གནས་འགྱུ་གཅིག་ཏུ་འདྲེས།།
ཟུང་འཇུག་ལ་ཟློས་ངང་ནས་མཁའ་སྤྱོད་སྒྲུབས།།
ཡེངས་མེད་དྲན་པ་ལམ་གྱི་དངོས་གཞི་ཡིན།།
འདི་དང་བྲལ་ན་རྣམ་གཡེང་ལུང་མ་བསྟན།།
བྱིན་རླབས་ཉམས་རྟོགས་གང་ཡང་མི་འབྱུང་བས།།
བརྗེད་མེད་དྲན་ཤེས་ན་རེ་མཁའ་སྤྱོད་སྒྲུབས།།
གསང་སྔགས་གསང་ནས་བསྒྲུབ་ན་དངོས་གྲུབ་མྱུར།།
མ་གསང་གཞན་ལ་བསྒྲགས་པས་བདུད་འཇུག་ཅིང་།།
ཉམས་གྲིབ་འཕོག་པས་ལྷ་སྔགས་གདམས་ངག་སོགས།།
རྐུན་ནོར་བཞིན་དུ་སྦོས་ལ་མཁའ་སྤྱོད་སྒྲུབས།།
གསང་སྔགས་མི་འགྲུབ་བགེགས་ཀྱི་ཆེ་ཤོས་ནི།།
ཡིད་གཉིས་ཐེ་ཚོམ་ཡིན་པར་གསུངས་པའི་ཕྱིར།།
བསླུ་མེད་ལམ་ལ་སོམ་ཉི་སྐད་ཅིག་ཀྱང་།།
མི་བྱེད་ཡིད་ཆེས་དྲག་པོས་མཁའ་སྤྱོད་སྒྲུབས།།
ཤིན་ཏུ་གཉན་པ་ཁས་བླངས་དམ་བཅའ་ཡིན།།
མཚམས་ལས་འདས་ན་ལྷག་པའི་ལྷ་ཡང་གཡེལ།།
སྲོག་ལ་ཐུག་ཀྱང་ཅུང་ཟད་གཡོ་མེད་པར།།
དམ་བཅའ་ཚད་དུ་སྐྱོལ་ལ་མཁའ་སྤྱོད་སྒྲུབས།།
འབད་པས་བྱང་ཆུབ་བསྒྲུབ་ལ་ཞུགས་ན་ཡང་།།
ལྷག་པའི་ང་རྒྱལ་སྐྱེས་ཚེ་བདུད་ཀྱིས་འཁྱེར།།
ངར་མཐོང་རློམས་སེམས་ཐར་ལམ་བྱང་ཆུང་གེགས།།
མཆོག་འཛིན་སྣང་བ་ཤིག་ལ་མཁའ་སྤྱོད་སྒྲུབས།།
ཞུམ་ཞིང་སྒྱིད་ལུག་ཕྱི་གཤོལ་དབང་གྱུར་ན།།
མི་ཚེ་རི་ལ་གཟད་ཀྱང་ཆུད་ཟོས་ཡིན།།
མི་རྟག་ལྕག་གིས་སྐུལ་བཞིན་སྙིང་སྟོབས་དང་།།
བརྩོན་པའི་གོ་ཆ་བགོས་ལ་མཁའ་སྤྱོད་སྒྲུབས།།
དགེ་སྦྱོར་མངོན་མཚན་མི་བྱ་གསང་ནས་སྤྱོད།།
བཟང་ངན་རྟགས་ལ་མི་ཞེན་གཏད་མེད་སྐྱུར།།
མཚན་འཛིན་དུག་གིས་མི་སྦགས་རྒྱུ་འབྲས་ཀུན།།
དམིགས་མེད་དབྱིངས་སུ་སྐྱེལ་ཞིང་མཁའ་སྤྱོད་སྒྲུབས།།
དེ་ལྟར་སྙིང་ནས་སྒྲུབ་པ་ལྷུར་ལེན་ན།།
ཁེངས་དྲེགས་སྐྱིད་ཆོས་སྙོམས་ལས་ལེ་ལོ་སོགས།།
ཐ་མལ་བསམ་སྤྱོད་ཐམས་ཅད་བདུད་ཡིན་པས།།
གེགས་དང་གོལ་ས་སོལ་ལ་མཁའ་སྤྱོད་སྒྲུབས།།
ཆོས་བརྒྱད་མགོ་མ་ནོན་པའི་གྲགས་འདོད་ཅན།།
མོ་བོན་འདྲེ་བརྡུང་རྫུན་ཟོག་གཡོ་ཁྲམ་གྱིས།།
མི་མགོ་སྐོར་ཞིང་འདུ་འཛི་སྒྲུབ་བྱེད་པའི།།
ཆོས་བགེགས་བར་ཆད་སྤོངས་ལ་མཁའ་སྤྱོད་སྒྲུབས།།
གྲགས་པས་ཅི་བྱ་བདུད་ཀྱི་གཡབ་མོ་ཡིན།།
གྲགས་ཤིང་རང་རློམས་གཞན་གྱི་ཕྲག་དོག་གནས།།
དད་གཤིན་ལོག་འཚོའི་སྒྲིབ་པས་དམྱལ་བར་འཕེན།།
གྲགས་འདོད་རྒྱབ་ཏུ་བསྐྱུར་ལ་མཁའ་སྤྱོད་སྒྲུབས།།
ཟོས་པས་ཅི་བྱ་ཁ་ཟས་སྡིག་དང་འདྲེས།།
རོ་བཅུད་བདའ་དགུ་མི་གཙང་ངན་སྐྱུགས་རྒྱུ།།
ངན་ངོན་སྲོག་འཚོ་ཙམ་གྱིས་ཆོག་ཤེས་ཤིང་།།
ཞིམ་མངར་གཡོས་སྐོལ་བཤོལ་ལ་མཁའ་སྤྱོད་སྒྲུབས།།
གོས་ཀྱིས་ཅི་བྱ་དར་སྣམ་རིན་ཐང་ཆེ།།
འཕྱོར་སྣང་ཆེ་བ་བུད་མེད་འཕྱོན་མ་འདྲ།།
གོས་དར་གྱོན་ཡང་སྙིང་བོ་ཏིལ་ཙམ་མེད།།
དྲོ་འཇམ་ཧྲལ་ཧྲུལ་གྱོན་ལ་མཁའ་སྤྱོད་སྒྲུབས།།
སྨྲས་བས་ཅི་བྱ་བརྡ་སྤྲོད་ཙམ་ལས་གཞན།།
འབྲེལ་མེད་སྨྲ་མང་ཆགས་སྡང་སྣ་ཚོགས་སྐྱེ།།
ཉིན་ཞག་ཆུད་གཟོན་བྱེད་པའི་ཚུལ་སོགས་ལ།།
ངག་འཆལ་སྨྲ་འཕྲོ་ཆོད་ལ་མཁའ་སྤྱོད་སྒྲུབས།།
བསམ་པས་ཅི་བྱ་བསམ་ཆད་འཁྲུལ་བའི་རྒྱུ།།
འོག་འགྱུ་རྒྱ་འབྱམས་ཤོར་བས་དགེ་སྦྱོར་སྟོར།།
རྣམ་རྟོག་ཟད་པ་མེད་པའི་ཚུལ་སོམས་ལ།།
འགྱུ་འཕྲོ་རྦད་རྦད་ཆོད་ལ་མཁའ་སྤྱོད་སྒྲུབས།།
སོང་བས་ཅི་བྱ་འགྲོ་འདུག་རྐང་ཚེགས་ཡིན།།
འཕོ་སྐྱས་མང་པོའི་བྲེལ་བས་དགེ་སྦྱོར་འཆག།
རི་ཀླུང་སྤྱང་ལྟར་ཉུལ་ཡང་དོན་འབྲས་མེད།།
མལ་དུ་ལྷན་ནེ་སྡོད་ལ་མཁའ་སྤྱོད་སྒྲུབས།།
ཉལ་བའི་ཅི་བྱ་གཉིད་ལ་ཟད་པ་མེད།།
གཏི་མུག་རོ་ཉལ་བྱས་པས་ཆོས་ལས་ཉམས།།
ཚེ་ཕྱེད་སྟོང་བར་ཟད་པའི་ཚུལ་སོམས་ལ།།
མ་ཉལ་ཙོང་ངེ་སྡོད་ལ་མཁའ་སྤྱོད་སྒྲུབས།།
གྲོགས་ཀྱིས་ཅི་བྱ་འགྲོགས་ཀྱིན་ཇེ་ངན་འགྲོ།།
ལྐོག་ན་བློ་གཏད་ཁྲེལ་གཞུང་ཐུབ་པ་དཀོན།།
བསླུས་ཀྱིན་ཡི་མུག་སྐྱེ་བའི་ཚུལ་སོམས་ལ།།
གྲོགས་མེད་གཅིག་བུར་སྡོད་ལ་མཁའ་སྤྱོད་སྒྲུབས།།
ནོར་གྱིས་ཅི་བྱ་སེར་སྣ་ཞེན་ཆགས་རྒྱུ།།
བསྲུང་དང་མེལ་ཚེ་རེ་དོགས་སྡུག་བསྔལ་ཆེ།།
རང་བསགས་གཞན་གྱིས་འཁྱེར་བའི་ཚུལ་སོམས་ལ།།
ནོར་མེད་སྤྲང་པོའི་ཚུལ་གྱིས་མཁའ་སྤྱོད་སྒྲུབས།།
དགྲ་ལ་ཅི་ཁྲོ་དགྲ་བོ་རང་གི་སེམས།།
རང་སེམས་ཞེ་སྡང་ཐུལ་ན་གནོད་བྱེད་མེད།།
ད་ལྟའི་དགྲ་ཡང་ཚེ་སྔོན་ཕ་མར་བྱས།།
བྱམས་དང་སྙིང་རྗེ་སྒོམ་ལ་མཁའ་སྤྱོད་སྒྲུབས།།
གཉེན་ལ་ཅི་ཆགས་གཉེན་ཡང་རང་གི་སེམས།།
ཕྱོགས་བྲལ་མཉམ་ཉིད་རྟོགས་ན་དགྲ་གཉེན་མེད།།
བདག་འཛིན་ཞེན་པ་འཁོར་བར་འཆིང་བྱེད་སྒྲོག།
ཆགས་ཞེན་འཁྲི་བ་ཆོད་ལ་མཁའ་སྤྱོད་སྒྲུབས།།
བྱ་བས་ཅི་བྱ་བྱས་བྱས་ཚར་བ་མེད།།
བྱ་བྱེད་བློ་ཡིས་བཏང་ན་བྱ་རྒྱུ་མེད།།
བྱ་བཞག་དགོས་པ་མེད་པའི་ཚུལ་སོམས་ལ།།
བྱར་མེད་སོས་དལ་ཆིལ་ལེ་མཁའ་སྤྱོད་སྒྲུབས།།
ཤེས་པས་ཅི་བྱ་རང་སེམས་ཐུལ་བ་གནད།།
ཐ་སྙད་ཚིག་མང་ང་རྒྱལ་དུག་ཆུས་སྦོས།།
མཁས་ཀྱིན་ཆོས་ཀྱིས་དྲེད་པའི་ཚུལ་སོམས་ལ།།
བླ་མའི་གདམས་ངག་སྒོམ་ལ་མཁའ་སྤྱོད་སྒྲུབས།།
རང་ལ་མི་བསྟོད་སྒོ་གསུམ་དམན་ཆ་འཛིན།།
གཞན་ལ་མི་སྨོད་ཐམས་ཅད་གོང་དུ་འཁུར།།
རྟག་ཏུ་རང་སེམས་ཆོས་དང་མཐུན་མི་མཐུན།།
ཞུས་དག་ཡང་ཡང་བྱེད་བཞིན་མཁའ་སྤྱོད་སྒྲུབས།།
མདོར་ན་འཆི་བྲོད་གདེངས་ཤིག་མ་རྙེད་ན།།
ད་ལྟའི་སྣང་བ་རྨི་ལམ་དགའ་སྡུག་ཙམ།།
འདི་སྣང་གཉིད་ཀྱི་ཐུན་ཆུང་སད་ལ་ཁད།།
བསམ་མནོ་དྲག་དུ་ཐོང་ལ་མཁའ་སྤྱོད་སྒྲུབས།།
ད་རེས་ཕྱིར་མི་ལྡོག་པ་མ་ཐོབ་ན།།
སླན་ཆད་ཡང་ཡང་འཁོར་བར་སྐྱེ་འཆིའི་ཚུལ།།
མི་བཟོད་འཇིགས་པའི་སྐྱོ་ཤས་རབ་བསྐྱེད་ནས།།
སྙིང་རུས་སྡུག་སྲན་དྲག་པོས་མཁའ་སྤྱོད་སྒྲུབས།།
འཇིག་རྟེན་སྣང་བ་སྤྲིན་གློག་ན་བུན་བཞིན།།
བློ་གཏད་མི་ཕེར་གཡོ་ཞིང་རྫུན་པའི་ཆོས།།
མི་བསླུ་ངེས་པ་མཆོག་གསུམ་བླ་མ་ལྷ།།
འབྲལ་མེད་སྙིང་དབུས་སྒོམ་ལ་མཁའ་སྤྱོད་སྒྲུབས།།
བསྟོད་སྨད་དགའ་སྡུག་གཏམ་སོགས་གང་ལ་ཡང་།།
ཟེར་མོད་འདུག་མོད་གང་དགར་སྐྱུར་ལ་ཐོངས།།
ཆོས་མིན་ཅིས་ཀྱང་དགོས་པ་མི་འདུག་པས།།
གཉེར་མེད་གུ་ཡངས་ཁྲོལ་ལེ་མཁའ་སྤྱོད་སྒྲུབས།།
ཚེ་འདིའི་སྐྱིད་སྡུག་ལག་ལེགས་ཉེས་རྐྱེན་སྣང་ཀུན།།
ཚེ་སྔོན་ལས་སུ་ཤེས་ཤིང་ལམ་དུ་བསྒྱུར།།
ན་དགའ་ཤི་སྐྱིད་གལ་མེད་བྱུང་རྒྱལ་ངང་།།
འགྱུར་མེད་བློ་གདེངས་དང་འཆའ་ཞིང་མཁའ་སྤྱོད་སྒྲུབས།།
སྣང་བ་དགག་སྒྲུབ་མེད་པར་ཡངས་ཁྲོལ་ལེ།།
རིག་པ་ཆེད་འཛིན་མེད་པར་སིང་ཁྲོལ་ལེ།།
རིག་སྟོང་ཟངས་ཐལ་ངང་དུ་དགའ་ཡལ་ལེ།།
ཉམས་མྱོང་བདེ་སྟོང་ཀློང་ནས་མཁའ་སྤྱོད་སྒྲུབས།།
སྦྱོར་བ་དགེ་སེམས་རྣམ་དག་སྣ་ནས་དྲངས།།
དངོས་གཞི་ཐབས་ཤེས་ཟུང་འཇུག་དོན་དང་ལྡན།།
མཇུག་ཏུ་བསྔོ་སྨོན་དག་པའི་རྒྱ་ཡིས་ཐེབས།།
སྦྱོར་དངོས་རྗེས་གསུམ་ཚང་བས་མཁའ་སྤྱོད་སྒྲུབས།།
རྨ་ཡུལ་ལུང་བར་དྭངས་རི་དམར་ཡག་ཅེས།།
མིང་སྙན་གྲགས་གཡེར་ཅན་གྱི་དབེན་རི་ལ།།
ཚེ་དང་སྒྲུབ་པ་སྙོམས་པའི་རྣམ་ཐར་གྱིས།།
ཕོ་རྒོད་ཁུར་དེ་སྣོམས་ལ་མཁའ་སྤྱོད་སྒྲུབས།།
དེ་ལྟར་ལམ་མཆོག་སྒྲུབ་ལ་འབད་བྱས་ན།།
རབ་ཏུ་ཚེ་གཅིག་མཁའ་སྤྱོད་ཆེན་པོ་འགྲུབ།།
འབྲིང་ཐ་འཇའ་ལུས་སམ་བར་དོར་མཁའ་སྤྱོད་བགྲོད།།
བློ་བདེ་དགའ་སྤྲོ་འབོལ་ལེ་མཁའ་སྤྱོད་སྒྲུབས།།
མང་པོ་སྨྲས་པས་ཚིག་རྗེས་ཆོད་པ་མེད།།
གནད་ཀྱི་མདོ་འགག་འདི་ལ་གཅིག་ཏུ་དྲིལ།།
ཟབ་ལས་ཡང་ཟབ་མཁའ་སྤྱོད་སྒྲུབ་པ་འདིས།།
ཕོ་རབ་རང་མགོ་ཐོན་ཞིག་རྣལ་འབྱོར་བ།།
མི་ཚེ་ཕལ་ཆེར་ཟད་པའི་ལྷག་མ་འདི།།
སྣོན་མེད་ལྟག་ཆུ་ཆད་པའི་རྫིང་མཇུག་ཙམ།།
མྱུར་མྱུར་འཆི་བས་སླེབ་ངེས་ལོང་མེད་ན།།
སོས་དལ་སྡོད་པར་ཁོམ་མམ་བྱ་བྲལ་བ།།
མཁའ་སྤྱོད་གྲུབ་ཐོབ་ནམ་མཁའི་སྐར་མ་ཙམ།།
ལམ་བཟང་འདི་ལས་བལྟམས་པའི་རྣམ་ཐར་ལ།།
བསམ་ན་རང་ཉིད་སྐལ་བ་མི་དམན་པས།།
མཆོག་ཏུ་དགའ་བ་སྒོམས་ཤིག་རི་ཁྲོད་པ།།
རང་ཉིད་སྤྲོ་བ་བསྐྱེད་ཕྱིར་གཟེང་བསྟོད་ཀྱི་ཚུལ་དུ་སྨྲས་པ།
རྡོ་རྗེ་བཙུན་མོ་བྱིན་རླབས་གཞན་ལས་མྱུར།།
རང་ཡང་སྔོན་ནས་འབྲེལ་བའི་ལས་སྨོན་སད།།
དེང་འདིར་རྩེ་གཅིག་སྒྲུབ་པའི་དད་བརྩོན་འཛོམས།།
བསླུ་མེད་རྟེན་འབྲེལ་ཟེར་ན་དེ་ལ་གྱིས།།
མ་བསྒྲིག་རྟེན་འབྲེལ་འདི་ཡི་སྟབས་ལེགས་ཀྱིས།།
འཕྲལ་དུ་ཉམས་དགའ་ཕུགས་སུ་མདུན་མ་ལེགས།།
བློ་བདེ་ནང་ནས་ཤར་བའི་བན་རྒན་རང་།།
འདི་སྐྱིད་ཕྱི་སྐྱིད་ཟེར་ན་དེ་ལ་གྱིས།།
འཇིག་རྟེན་བློས་བཏང་ཕྱི་མ་དོན་གཉེར་བློས།།
དབེན་ཞིང་ཉམས་དགའི་གཡའ་གངས་ནགས་ཁྲོད་དུ།།
གསང་སྔགས་མྱུར་ལམ་སྒྲུབ་པའི་སྐུ་བསོད་ཅན།།
སྐལ་བཟང་སྐྱེས་བུ་ཟེར་ན་དེ་ལ་གྱིས།།
རང་ལ་ཤ་ཚར་གདམས་པའི་སྙིང་གཏམ་འདི།།
ཟབ་ཟབ་སྙིང་པོ་བསྡུས་པའི་བདུད་རྩི་དང་།།
ཚིག་དོན་སྡེབ་སྦྱོར་ལེགས་པའི་དབྱངས་སྙན་ཏེ།།
སྒོམ་ཆེན་ཉམས་མགུར་ཟེར་ན་དེ་ལ་གྱིས།།
ཞེས་སྨྲས་པས་སླར་ཡང་དམ་བཅའ་བརྟན་ཕྱིར་རྒོལ་བ་སློང་བ་ལྟར་སྨྲས་པ།
ཧ་ཧ་སྟོང་ཤོམས་མང་པོའི་འུར་རྒྱང་ལ།།
ལག་ལེན་མེད་ན་རང་གཞན་ཀུན་གྱིས་ཁྲེལ།།
བཤད་བཤད་ཚིག་ཏུ་མ་བཞག་ལག་ཏུ་ལོང་།།
ཕོ་ཡི་རྒོད་ཞན་མདོ་དོན་འདི་ལ་རག།
དཔའ་སྙིང་ཆུང་ལ་དཔའ་སྐད་ཆེ་ན་ནོངས།།
བྱས་པ་ཆུང་ལ་རེ་བ་ཆེ་ན་ནོངས།།
སྙིང་རུས་ཆུང་ལ་ཁས་ལེན་ཆེ་བ་ནོངས།།
ཐུགས་བསམ་ཞིབ་ཏུ་ཐོང་ཞིག་རི་ཁྲོད་པ།།
ཁ་ནས་བཤད་ཚེ་ཁྱོད་ནི་མཁས་མཁས་འདྲ།།
དོན་དུ་ཨེ་བདེན་ཁོ་བོས་ཉིན་བཞིན་བལྟ།།
མི་བདེན་ནེ་ཙོའི་གཏམ་གྱི་རྗེས་འགྲོ་ན།།
ཁྱོད་ཀྱི་མིང་ལ་ནེ་ཙོ་རྒད་པོ་གྱིས།།
མི་ཚེ་རི་ཕུད་ནས་ཆོས་བྱས་སྐད།།
ཁ་ཕོ་མང་པོ་འབྲུག་ལྟར་ལྡི་རི་རི།།
འཆི་བྲོད་ཞེ་གདེངས་མེད་ན་ངོ་རེ་ཚ།།
འཆི་དུས་ཇི་ལྟར་འགྱུར་རམ་ཆ་མ་འཚལ།།
ལན་སྨྲས་པ།
ཀྱེ་ཧོ་ཁྱོད་ཀྱི་གཏམ་དེ་དོན་ལ་གཏུགས།།
ཁོ་བོའི་ཞལ་ཕོ་ཅུང་ཟད་མཐོས་སུ་སོང་།།
ད་རེས་ལབ་ལབ་བཞིན་དུ་ཁ་དང་དོན།།
མ་འབྲེལ་ཚིག་ཏུ་ཟད་ན་ཁྱོད་རེ་བདེན།།
དེ་ལྟར་མིན་ཡོང་རང་ཡང་སྙིང་ཐག་པས།།
རྩེ་གཅིག་སྒྲུབ་སྙམ་སྙིང་ཕུར་བཏབ་པ་ཡིན།།
རྟིང་གནོན་ཞེ་བཅད་དྲག་པོས་ཡང་ཡང་བྱ།།
མི་འགྲུབ་སྙམ་པ་ཡིད་ཀྱི་དགུ་ན་མེད།།
མཁས་གྲུབ་བླ་མ་དམ་པའི་ལུང་བསྟན་ཡོད།།
ལྷག་པའི་ལྷ་ཡི་བྱིན་རླབས་མཚན་མ་ཡོད།།
སྙིང་རུས་སྡུག་སྲན་བན་སྤྲང་རང་ལ་རག།
བཤད་བཤད་བདེན་རྫུན་ལྟད་མོ་རིམ་གྱིས་ལྟོས།།
བྱས་པས་ཡང་བསྐྱར་ལན་བཏབ་པ།
ཁྱོད་ནི་སྤྲོས་ཆུང་ཀུ་སུ་ལུ་བ་ལ།།
སྤྲ་སྤྲོས་བྱ་བས་དགོས་མེད་དབེན་གནས་འདིར།།
གདན་ཐོག་གཅིག་གི་སྒྲུབ་པས་འཁོར་བ་འདིར།།
ད་རེས་ཕྱི་ཕྱག་འཚལ་ན་སྐུ་དོན་འགྲུབ།།
ཞེས་ཟེར་ནས་འཛུམ་ཞིང་འདུག་གོ།
ཧ་ཧ་གྲུབ་དབང་བླ་མའི་ཐུགས་ཀྱི་སྲས།།
མཁའ་སྤྱོད་དགྱེས་པའི་རྡོ་རྗེ་ཞེ་རེ་བྲོད།།
ཞེ་བྲོད་གནད་ལ་འཕོག་པའི་གླུ་འདི་ཡང་།།
རང་ལ་དད་བརྩོན་བསྐུལ་བའི་གྲོགས་སུ་བླངས།།
ཇི་ལྟར་ཁ་ནས་སྨྲས་པའི་གཏམ་འདི་བཞིན།།
དེ་ལྟར་ཚད་མེད་སྙིང་རུས་བརྩོན་པ་བསྐྱེད།།
དཀའ་བས་བསྒྲུབ་ན་དཀོན་པའང་འགྲུབ་གསུངས་པས།།
སྐུ་རྩལ་མ་ཆུང་ཆོས་ཀྱི་སེངྒེ་འགྱིང་།།
བཀའ་སྲུང་དཔའ་བོ་མཁའ་འགྲོའི་ཚོགས་ལ་འདོད་དོན་འགྲུབ་ཕྱིར་འཕྲིན་ལས་བསྐུལ་བ་ལྟར་སྨྲས་པ།
འཕྲིན་ལས་ཐོགས་མེད་རྣལ་འབྱོར་དགྲ་ལྷ་དཔའ༷།
།དཔའ༷་བོ་མཐུ་ཆེན་བདུད་དཔུང་ཀུན་འཇོམས་དཔའ༷།།
དཔའ༷་སྟོབས་དྲག་འབར་དུར་ཁྲོད་མགོན་དཀར་དཔའ༷།།
དཔའ༷་རྩལ་མ་ཆུང་མཐུན་སྒྲུབས་བར་ཆད་སོལ།།
གནས་ཡུལ་ཉེར་བཞིར་དབང་བསྒྱུར་ཌཱ་ཀི་མ༷།།
མ༷་ལྟར་བརྩེ་དུང་མྱུར་མགྱོགས་ཕོ་ཉ་མ༷།།
མ༷་ལུས་བདག་གི་གྲོགས་མཛོད་ལས་ངུ་མ༷།།
མ༷་ཐོགས་མྱུར་སྒྲུབ་འདོད་དགུ་ལྷུན་འགྲུབ་མཛོད།།
སྙིང་ནས་རེའོ་མཁའ་འགྲོ་མཐུ་མ་ཆུང༷་།།
ཆུང༷་ནས་ད་བར་བསྒྲུབ་པ་དོན་མ་ཆུང༷་།།
ཆུང༷་མ་མ་སྲིང་ལྟར་དགོས་བརྩེ་མ་ཆུང༷་།།
ཆུང༷་ངུ་མ་ཡིན་དངོས་གྲུབ་ཆེར་སྩོལ་ཅིག།
བླ་མ་ཡི་དམ་མཁའ་འགྲོ་བྱིན་རླབས་ཆེ༷།།
ཆེ༷་བ་མང་ལྡན་ལམ་འདི་མྱུར་ཁྱད་ཆེ༷།།
ཆེ༷་དྲག་བརྩོན་པས་འབད་ན་ནུས་པ་ཆེ༷།།
ཆེ༷་བའི་དཔལ་མཆོག་མཁའ་སྤྱོད་གྲུབ་ན་ཡིན།།
མཇུག་ཏུ་བླ་མ་ཡི་དམ་ལ་སྒྲུབ་པའི་མཆོད་པ་དང་། བསྔོ་སྨོན་བཀྲ་ཤིས་དང་བཅས་པར་སྨྲས་པ།
དེ་ལྟར་རང་སེམས་ཆོས་ལ་སྦྱོར་བའི་གཏམ།།
དོན་ལྡན་ཚིག་ཕྲེང་མེ་ཏོག་ཆུན་པོ་འདི།།
དད་པའི་སྙིམ་པར་ཐོགས་ཏེ་བླ་མ་ལྷ།།
དགྱེས་བྱེད་མཆོད་པའི་དངོས་པོར་བདག་འབུལ་ལོ།།
ཉེར་བསགས་དགེ་ཚོགས་སྟོན་ཟླ་ཉ་གང་ལྟར།།
ཆེས་དཀར་དཔལ་དེས་མི་རིང་མྱུར་དུ་བདག།
མཁའ་སྤྱོད་ཞིང་བགྲོད་སྐུ་གསུམ་མངོན་གྱུར་ཏེ།།
བགྲང་ཡས་མར་གྱུར་འགྲོ་བའི་དོན་བྱེད་ཤོག།
ཨེ་ཡིག་ཤེས་རབ་བཙུན་མོའི་མཁའ་དབྱིངས་སུ།།
ཝཾ་ཡིག་བདེ་ཆེན་རྒྱལ་བོ་རོལ་བའི་རྩལ།།
དག་པའི་བརྟན་གཡོ་འཕྲོ་འདུའི་ཡོ་ལང་གིས།།
སྲིད་ཞིའི་ཁྱོན་ཡངས་འགེངས་པའི་བཀྲ་ཤིས་ཤོག། ཅེས་རང་ཉིད་སྒྲུབ་པ་ལ་བསྐུལ་བའི་སྙིང་གཏམ་ཟབ་མོ་ཕན་བདེའི་འོད་སྟོང་འབར་བའི་ཉི་མའམ་མཁའ་སྤྱོད་དབང་མོ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་ཡབ་རྗེ་བློ་བཟང་འཕྲིན་ལས་དཔལ་བཟང་པོ་སོགས་མཚན་ལྡན་བླ་མ་དམ་པས་རྗེས་སུ་བཟུང་ཞིང་།ལྷག་པའི་ལྷ་མཆོག་རྡོ་རྗེ་བཙུན་མོའི་དགྱེས་པའི་སྤྱན་ཟུར་ཅུང་ཟད་གཡོ་ནུས་པའི་རིག་འཛིན་གྱི་སྐལ་བ་ཐོབ་པའི་བྱ་བཏང་རྣལ་འབྱོར་བ༧ཆོས་ཀྱི་སེངྒེའམ་མཁའ་སྤྱོད་དགྱེས་པའི་རྡོ་རྗེས།གཉན་ཆེན་པོ་དྭངས་རི་དམར་ཡག་གི་རྟེན་གནས།ནགས་ཚལ་གཡའ་སྤང་འཁྲིགས་པའི་དབེན་རྫོང་།སྤྲིན་དང་ན་བུན་འཐིབ་པའི་གུར་ཁང་།མཁའ་སྤྱོད་དཔལ་གྱི་རི་བོའི་མགུལ།བདེ་ཆེན་མཁའ་འགྲོའི་གསང་ཕུག་ཏུ།སྦྲུལ་གྱི་ཟླ་བའི་ཡར་ངོས་ཚེས་བཅུའི་ཉིན་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ།བཀྲ་ཤིས་དགེ་ལེགས་བདེ་སྐྱིད་ཤོག། །།
------རྩོམ་ཁུངས། རྡོ་རྗེ་རྣལ་འབྱོར་མའི་གཞི་ལམ་འབྲས་གསུམ་གྱི་ལམ་དང་སྦྱར་བའི་མགུར་དབྱངས་འདི་ནི་རྨ་ཆུའི་དངུལ་རྭ་ལྷ་སྡེ་རུ་སྐུ་འཁྲུངས་པའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་དམ་པ་རྒྱ་ཚང་རི་ཁྲོད་པ་ཆོས་ཀྱི་སེངྒེའི་གསུངས་མགུར་ཞིག་ཡིན་ལ། ཁོང་ནི་ཀིརྟི་བློ་བཟང་འཕྲིན་ལས་དང་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་སློབ་མ་ཞིག་ཡིན། དམ་པ་འདིས་གསུངས་པའི་རྒྱ་གར་ཕ་དམ་པའི་རྣམ་ཐར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབས་ཡོད། གཞན་གསུང་རྩོམ་མང་པོ་ཞིག་ཡོད་ཀྱང་མང་ཆེ་བ་པར་དུ་འགོད་མ་ཐུབ་པའི་དབང་གིས་ཁ་ཐོར་ཟིན། རྩོམ་འདི་ནི་ལག་བྲིས་མ་ཞིག་གཞིར་བཟུང་སྟེ་གཏགས་པ་ཡིན་ལ་ཡིག་ནོར་རེ་སྙམ་པ་རེའང་འདུག་མོད་འོལ་ཚོད་ཀྱིས་མ་བཅོས་པར་མ་རྩོམ་ལྟར་སོར་བཞག་བྱས་ནས་བསྐྱུར་ཡོད། གཞན་དམ་པ་འདིའི་གསུང་རྩོམ་དག་བདག་གིས་བསྡུ་སྒྲིག་ཀྱང་ཅུང་ཟད་བྱས་ཡོད། གཞན་ཁོང་ཉིད་ངོ་སྤྲོད་སོགས་ལོགས་སུ་བྱ་བར་འདོད་པས་དེ་ཙམ་གྱིས་ཆོག་པར་བྱས་སོ།། 

དངུལ་རྭའི་བཟོད་པས་དག་བསྒྲིགས་བྱས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།