གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་མ་ལ་བསྟོད་པ་བུ་མོ་འཛུམ་པའི་སོར་གདུབ་ཅེས་བྱ་བ།

2010-01-17 21:11:00 གླིང་རྒྱ་བསྟན་འཛིན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

ན་མོ་སྭ་ར་སྭ་སྟི་ཡ།

རྨད་བྱུང་ལང་ཚོའི་ཀྱོ་བས་ཀུན་ཡིད་འགུགས།

རྗེས་ཆགས་ཟུར་མདའི་ཞགས་པས་འགྲོ་ཀུན་འཆིང༌།།

གཙུག་ལག་ཕང་འགྲོས་སྙིང་གི་རི་སྐྱེས་མོ།།

དབང་བྲལ་འཛིན་པའི་ཆོམས་རྐུན་མ་འདི་སུ།།

སུ་ལ་དམ་དུ་འཁྲུད་པའི་བག་ཡངས་མ།།

གང་ལ་ཐོག་རྡུགས་མེད་པའི་བློ་ཡངས་མ།།

གཞན་དོན་སྐྱོ་ངལ་སྤངས་པའི་ཚེགས་ཡངས་མ།།

ཆོས་ཀུན་མ་འདྲེས་མཐོང་བའི་མིག་ཡངས་མ།།

ངག་ལ་ངག་གི་དཔལ་སྟེར་ཚངས་སྲས་མ།།

ལྕེ་ལ་རྒྱལ་བའི་ལྗགས་སྟེར་དབྱངས་ལྡན་མ།།

ཡིད་ལ་འཇམ་པའི་དཔལ་སྩོལ་ཟླ་སྲིང་མ།།

མ་མ་མཛེས་དགའ་མ་ཁྱོད་མགྲིན་མཚོར་ཡིབས།།

ཁྱོད་མཚན་སྟོན་ཟླའི་མདངས་དང་ཀུ་མུ་ཏའི།།

མཛེས་པ་དམན་བྱེད་ཚོགས་ཟུང་སོར་རྩེ་ཡིས།།

ལེགས་བསྐྲུན་གཟུགས་འཛིན་དཔྱིད་དུ་ལྷུང་བའི་མོད།།

དུས་རིང་སྙིང་མུན་བ་གམ་གཞི་ནས་འཇིག།

ནག་ནོག་དྲི་བྲལ་བཅུ་གསུམ་ཟླ་བའི་དབྱིབས།།

དབྱིབས་ལེགས་བྱད་མཚར་ལྟ་བུའི་མི་ངོམས་པ།།

པ་སངས་ཁེངས་པ་སྨད་བྱེད་བདུད་རྩིའི་འོད།།

འོད་འདི་སྙིང་ལ་ཤར་བས་རྨོངས་མུན་བྲོས།།

སྒྲོས་ལེགས་བིམ་པའི་མཆུ་སྒྲོས་ཡིད་འོང་ནང༌།།

ཐགས་བཟང་གངས་རིའི་མདངས་འཛིན་བཞི་བཅུའི་ཚེམས།།

གསལ་འཚེར་གསེབ་ནས་ལྗགས་དམར་གློག་གི་གར།།

རྩེན་པའི་མདོ་སྔགས་ཟབ་དོན་དབྱངས་སུ་ལེན།།

ཚུགས་ལེགས་རིམ་པར་འཚམ་པའི་དྲི་འཛིན་དང༌།།

དཀྱུས་རིང་ཨུཏ་པལ་འདབ་མའི་འདྲེན་བྱེད་ཟུང༌།།

འགྲིག་ལེགས་བ་མཆོག་རྫི་དང་སྨིན་མའི་གཞུ།།

རོལ་རྩེད་འགྲན་པས་ཆགས་ལྡན་སྙིང་ཀ་འབིགས།།

འཁྱིལ་ལེགས་སྒྲ་འཛིན་གསེར་སྦྱངས་རྣ་ཆའི་རྒྱན།།

རིན་ཆེན་ཕྲ་ཚོམས་རིན་ཐང་མེད་པའི་དཔལ།།

བལྟ་ཕྱིར་སྙན་གྱི་གོང་རྒྱན་ཆུ་སྐྱེས་ཟུང༌།།

སྙོགས་བྲལ་དྭངས་པའི་མཚོ་ལས་མགྲོན་དུ་ལྷགས།།

བླངས་དོར་གནས་ལ་འཐོམས་པའི་གཏི་མུག་མུན།།

མཁྱེན་བརྩེ་འོད་ཀྱིས་བཟུང་བས་དེ་མ་ཐག།

མཁྱེན་གཉིས་ལང་ཚོ་ཁོང་ནས་འཛུམ་སྟོན་སླད།།

གནག་སྣུམ་དབུ་སྐྱེས་ཚེས་གསར་ཟླ་བས་སྤུད།།

མགོ་རྒྱན་མ་ལི་ཀ་ཡི་མེ་ཏོག་གི།

གསུང་ཞིམ་ཕྱོགས་སུ་འཐུལ་བའི་བང་ཆེན་པས།།

བོས་ཚེ་ཁྱོད་ལ་འབྲེལ་བའི་བུང་བའི་ཁྱུ།།

ཁྱོད་ཞལ་བལྟ་ཕྱིར་འདུས་པའི་མཐའ་མ་རིག།

རབ་ཟླུམ་མགྲིན་པ་རབ་མང་རྒྱན་གྱིས་སྒེག།

རབ་ཡངས་བྲང་ངོས་རབ་རྒྱས་ནུ་ཁུར་ལྕི།།

རབ་མཉེན་ཕྱག་ཟུང་རབ་སྙན་རྒྱུད་མངས་རྡུངས།།

རབ་འབྱམས་རྒྱལ་ཡུམ་རབ་མཛེས་ལྷ་མོར་འདུད།།

རྐེད་ཕྲ་སྨད་རྒྱས་ཙོག་བུའི་སྟབས་ཀྱིས་བཞུགས།།

བཞུགས་སྟངས་ཕུལ་བྱུང་པད་ཟླ་གདན་ལ་འགྱིང༌།།

འགྱིང་ལེགས་མཛེས་གཟུགས་མཛེས་མ་སྟོང་གི་ཕུལ།།

ཕུལ་གྱུར་རྣམ་སད་བུ་མོའི་དགྲ་ཟླ་ཁྱོད།།

སྟོང་འཁུན་སྒེག་མོའི་གཉེན་ལྕུགས་སོར་མོའི་འདབ།།

འདབ་ཟུང་གར་དུ་འཁྱུག་པའི་འཕྲུལ་བར་ནས།།

ནས་འབྲུའི་རི་མོ་བཀྲ་བའི་དར་ཟབ་གོས།།

གོས་སུ་བགོས་འདིས་ལྷག་པར་མཛེས་རེ་སྐན།།

སྲིད་ཞིའི་མཛེས་སྡུག་ལེགས་བྱས་བྱེད་པོ་ཡིས།།

སྲིད་འདིར་གཅིག་བསྡུས་སྙིང་པོར་ཁྱོད་བལྟམས་ན།།

སྲིད་ན་རིན་ཐང་ཆེ་བའི་རྒྱན་འདི་དག།

སྲིད་གསུམ་འཕགས་མ་ཁྱོད་ལ་དགོས་རེ་སྐན།།

འཇིག་རྟེན་ཁམས་ཀྱི་སྒྲ་དབྱངས་མ་ལུས་པ།།

འཇིག་རྟེན་བྱེད་པོས་གཅིག་ཏུ་བཟླུམ་པའི་དབྱངས།།

དབྱངས་ལྡན་མ་ཁྱོད་ཕྱིར་ན་རྒྱུད་སྟོང་དབྱངས།།

དབྱངས་ཅན་ཁྱོད་ལས་དམན་ཕྱིར་བརྡུངས་པས་ཅི།།

གཞོམ་བྲལ་རླུང་གི་རང་གདངས་འཇའ་ཚོན་ལུས།།

ལུས་ཅན་ངག་ལ་མཆོག་སྦྱིན་སྨིན་ལེགས་མ།།

མ་མ་རྣམ་འདྲེན་ཡོངས་ཀྱི་འབྱུང་གནས་མ།།

མ་དེ་དེ་རིང་མཇལ་འདི་སྐལ་བ་བཟང༌།།

བཟང་པོའི་ལས་འཕྲོ་སད་དེ་མ་ཁྱོད་བྱིན།།

སྙིང་ལ་སིམ་པས་དཀའ་གནས་སྲ་བའི་བྲག།

ལུང་རིགས་ཐོག་གིས་རྨེག་མེད་བཤིགས་པའི་མཐུ།།

མཐུ་ཆེན་དཔའ་མོ་གང་གི་རྗེས་འགྲོར་མཛོད།།

མིག་གི་བུང་བ་ཁྱོད་གདོང་པད་མོར་ཆགས།།

ངག་གི་ངང་མོ་ཁྱོད་གསུང་འོ་མཚོར་རོལ།།

ཡིད་ཀྱི་གཞོན་ནུ་ཁྱོད་ཐུགས་མཛའ་མོ་ལ།།

འཁྱུད་པའི་དུས་སྟོན་ཡུན་བསྲིངས་ནུ་རྒྱས་མ།།

དཎྡྲིའི་མེ་ལོང་བདག་མགྲིན་བརྒྱད་ཟུང་གི།།

འདབ་མར་འཕོས་པའི་སྙན་འཇེབས་སྦྲང་རྩིའི་རོས།།

མཁས་གཏུག་དོན་གཉེར་སྦྲང་མའི་རེ་བའི་སྣོད།།

ཉེར་བཀང་ངག་གི་དཔལ་མོའི་གནས་ཐོབ་ཤོག།

       ཅེས་པ་འདིའང་འཕགས་མའི་གསང་གསུམ་བྱིན་རླབས་ཀྱི་ཟིལ་མངར་ཆ་ཙམ་མྱངས་པས་བློ་གྲོས་ཀྱི་འདབ་མ་བག་ཙམ་ཕྱེ་བར་ཁས་ཆེ་བ། ༧མཚོ་བྱུང་འཛུམ་པའི་རྒྱན་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཟླ་སྲིང་ལོངས་སྤྱོད་འཁོར་ལོའི་ཁྱིམ་དུ་བག་ཡངས་སུ་རྩེན་པའི་སྨྲ་བ་བླ་ན་མེད་པའི་ངག་གི་སྒོ་འཕར་ཡངས་པོར་མཛོད་ཅིག་གུ   བཀྲ་ཤིས། 

 

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།