གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆ་གསུམ་ཆོ་ག་བཞུགས་སོ།།

2015-01-03 12:17:36 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

༄༅། །འདིར་ཆ་གསུམ་གཏོང་བར་འདོད་པས་གཏོར་མ་ཉེར་སྤྱོད་དང་བཅས་པ་ཕྱག་ལེན་བཞིན་བཤམས་ལ། །མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། །ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། སྭ་བྷ་ཝས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། །ༀ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཿཧཱུཾ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷིཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎི། ཨདྱ་ནུཏྤནྣ་ཏྭཱཏྟ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། དེ་ནས་སྤྱན་དྲངས་པ་ནི། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱེལ་བོ་ཆེ། །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ། །རིག་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡེ་སྭཱཧཱ། ཨོཾ་རུ་ཏྲ་ཡེ། ཨོཾ་ཤ་ཏ་ས་ཧ་སྲ་ཨཀྵེ་ཡེ། ཨོཾ་ཨགྣ་ཡེ། ཨོཾ་ཡ་མ་ཡེ། ཨོཾ་ནི་རི་ཏི་ཡེ། ཨོཾ་བ་རུ་ཎ་ཡེ། ཨོཾ་བ་ཡ་བི་ཡེ། ཨོཾ་ཀུ་བཻ་ར་ཡེ། ཨོཾ་ཨུརྡྷཾ་བྲཧྨ་ན་ཡེ། སཱུརྱ་གྲཧ་ཨ་དྷི་པ་ཏ་ཡེ། །ཙནྡྲ་ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ཨོཾ་ཨདྡྷི་པྲི་ཐི་ཝིབྷྱཿཨ་སུ་རེ་བྷྱཿ ན་གེ་བྷྱཿ ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲཏཱི་ཙྪ་སྭཱཧཱ། ཞེས་མཆོད་ཡོན་དང་༌། ཀ་མ་ལ་ཡེ་སྟཾ། ཞེས་གདན་འབུལ། དེ་ནས། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་སོགས་ཀྱིས་ཉེར་སྤྱོད་རོལ་མོའི་བར་དབུལ། དེ་ནས། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེ་ལག་ན་བེ་ཅོན་འཆང༌། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རླུང་དེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱི་བདག །ནུབ་བྱང་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ཚངས་པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང༌། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དོ། །གཏོར་མ་སྦྱིན་པ་ནི། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱ་ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ། ཞེས་སོགས་གསུམ་དང༌། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང༌། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང༌། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་པས་བསྔོ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའི་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་རྣམས་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཨོཾ་ཨེ་ཧྱ་ཧི་ལོ་ཀ་ཀཱ་ར་ཡ། དེ་བ། ནཱ་ག ཡཀྵ། གན་དྷ་ར་པ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར། མ་ནུ་ཥ། ཨ་མ་ནུ་ཥ། ས་པ་རི་ཝཱ་ར་ས་མ་ཡེ་སྭཱ་ཧཱ། ཨོཾ་དེ་བ། ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ཞེས་མཆོད་ཡོན་དང༌། སྔར་བཞིན་གདན་ཕུལ་ནས། ཉེར་སྤྱོད་རོལ་མོ་དང་བཅས་པ་གོང་བཞིན་དབུལ་ལོ།། ཨོཾ་དེ་བ། ཞེས་པ་ནས། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ། ཞེས་སོགས་གསུམ་གྱིས་གཏོར་མ་ཕུལ་ནས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་བསིལ་མ་ཅན་ན་གང་གནས་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང༌། །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང༌། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང༌། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང༌། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང༌། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང༌། །གང་དག་གླིང་མཆོག་དག་ན་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང༌། །བདག་གིས་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་འཕྲིན་ལས་བཅོལ་ལ། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་པར་བསམ་ལ། ཁྲོ་བོ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ཏེ། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང༌། རིགས་སྔགས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདིར་མཆིས་པར་འགྱུར་ཅིག ཨོཾ་ཊཀྐི་ཧཱུཾ་ཛཿ ཞེས་བགེགས་འཁོར་བཅས་མདུན་དུ་བཀུག་པར་བསམ། ཨོཾ་གུང་ཀ་རི་གུང་ཀ་རི་སྭཱཧཱ། ཨོཾ་པི་ཙི་པི་ཙི་སྭཱཧཱ། ཨོཾ་གུང་གུང་སྭཧཱ། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཧཱ། ཞེས་མཆོད་ཡོན་དང་གདན་སྔར་བཞིན་ཕུལ་ཏེ། ཉེར་སྤྱོད་རོལ་མོ་བཅས་གོང་བཞིན་དབུལ། ཨོཾ་གུང་ཀ་རི་ཞེས་པ་ནས། ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ། ཞེས་སོགས་གསུམ་གྱིས་གཏོར་མ་འབུལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་དང༌། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས༌། །འབྲས་ཆེན་འབྲས་བུ་མང་པོ་དང༌། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་མ་བྱེད་ཅིག །ཨོཾ། ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང༌། །འདིར་ནི་རྒྱུ་སྦྱོར་ཡོན་བདག་གི །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བིགྷྣན་གཙྪ། ཞེས་བགེགས་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམ། ཨོཾ་དེ་བ་ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། གཙྪ་ཞེས་སྡེ་བརྒྱད་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་པར་བསམ། ཨོཾ་རུ་ཏྲ་ཡེ། ཞེས་པ་ནས། ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། གཙྪ་ཞེས་ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། །ན་མཿས་མནྟ་བུདྡྷ་ནཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་ལན་གསུམ་གྱིས་ཡི་དྭགས་ལ་གཏོར་མ་སྦྱིན། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་གཏོར་མ་འདི། །ཡི་དྭགས་རྒྱལ་མོས་གཙོ་བྱས་པའི། །ཕྱི་ནང་ཟས་སྐོམ་སྒྲིབ་པ་ཅན། །བྱིངས་ན་གནས་དང་ཁ་འཐོར་བའི། །ཡི་དྭགས་ཚོགས་རྣམས་ཀུན་ལ་བསྔོ། །ཆོས་སྦྱིན་གཏོར་མས་ཚིམ་གྱུར་ནས། །བཀྲེས་སྐོམ་སྡུག་བསྔལ་ལས་གྲོལ་ཏེ། །སེར་སྣ་ལ་སོགས་སྒྲིབ་པ་གཉིས། །བག་ཆགས་བཅས་པ་ཡོངས་སུ་དག །སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ནས། །ནམ་མཁའ་མཛོད་ལ་དབང་འབྱོར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ནས། །སྔོན་ཚེ་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག ། སརྦ་མདྒ་ལཾ། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།