གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསང་མཆོད་དགེ་ལེགས་ཀུན་འབྱུང་བཞུགས་སོ།།

2017-03-31 11:06:42 སྟག་སྨྱོན་དགེ་བཤེས། ཀློག་གྲངས། མཆན ཡོད།

 

ཨོཾ་མཆོད་ཨོཾ:ཧཱུཾ།  ལན་གསུམ།  ཨོ་འདི་ཕྱི་གཏན་གྱི་སྐྱབས་གནས། དྲིན་ཆེན་རྩ་བའི་བླ་མ། རྒྱལ་བ་རྡོ་རྗེ་འཆང་དང་ངོ་བོ་དབྱེར་མེད་པའི་ཞྭ་སེར་བསྟན་པའི་བདག་པོ་རྗེ་བློ་བཟང་གྲགས་པ།  རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་།  འཕགས་པའི་གནས་བརྟན་བཅུ་དྲུག  འཛམ་གླིང་རྒྱན་དྲུག་མཆོག་གཉིས།  རྒྱ་གར་གྲུབ་ཆེན་བརྒྱད་ཅུ།  བོད་ཀྱི་མཁན་སློབ་ཆོས་གསུམ།  དུས་གསུམ་རྒྱལ་བའི་རང་གཟུགས་རྒྱལ་དབང་ཕྱག་ན་པད་མོ།  པཎ་ཆེན་སྣང་བ་མཐའ་ཡས།  ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཀུན་མཁྱེན་འཇམ་དབྱངས་བཞད་པ།  བྲག་དགོན་རྡོ་རྗེ་འཆང་གི་སྐུ་རབས་སྐུ་བརྒྱུད། ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་ལ་སྙིང་རྗེའི་འདུན་པ་ཡོད་དགོས།  ཨོ་ཡི་དམ་རྡོ་རྗེ་འཇིགས་བྱེད་སོགས་རྣལ་འབྱོར་བླ་ན་མེད་པ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དེ་རྒྱུད་སྡེ་བཞི།  ཨོ་ལྷ་མོ་འོད་ཟེར་ཅན་མ།  རྒྱལ་ཀུན་འཕྲིན་ལས་རང་གཟུགས་རྗེ་བཙུན་འཕགས་མ་སྒྲོལ་མ།  མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་བཞི་དྲུག  དམ་ཅན་ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ།  མདོ་སྨད་སྐྱོང་བའི་བདག་མོ་མ་ཅིག་དཔལ་ལྡན་ལྷ་མོ།  རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས།    དམ་ཕྱུག་མ་ཧཱ་འོད་ཝས་བཀའ་དང་དམ་ལ་བཞག་པའི་ཆོས་སྐྱོང་བག་རྩེ་ལྕམ་སྲིང་།  རྒྱལ་བ་རིགས་ལྔའི་རྣམ་སྤྲུལ་གནས་ཆུང་རྒྱལ་བོ་སྐུ་ལྔ་བ།  ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་ཞལ་དུ་མཆོད་ནི་ཡིན།   ཨོ་མཆོག་ཐུན་མོང་དངོས་གྲུབ་སྩོལ་དགོས།  བདག་སོགས་ལ་ཚེ་འདིའི་བར་ཆད་ཞི་བའི་དངོས་གྲུབ།  ནད་གདོན་རྒྱལ་བའི་དངོས་གྲུབ།  དྲག་པོ་མཐུ་ཡི་དངོས་གྲུབ།   འཆི་མེད་ཚེ་ཡི་དངོས་གྲུབ།  རྨ་གཡང་ཟས་ཀྱི་དངོས་གྲུབ།  རྟ་ནོར་ཕྱུགས་ཀྱི་དངོས་གྲུབ།  འཇམ་མཉེན་གོས་ཀྱི་དངོས་གྲུབ།  གང་བསམ་བྱ་བ་ཐམས་ཅད།  ཅི་བྱས་ལམ་དུ་འགྲོ་བའི་སྡོང་གྲོགས་མཛད་དགོས།  དེ་ནས་གཞི་བདག་རྣམས་ཡིན། ཨོ་འཛམ་གླིང་སྐྱོང་བའི་གཞི་བདག་ས་ཐོབ་བྱང་ཆུབ་སེམས་དཔའ།  ས་འཛིན་སྐྱོང་བའི་མངའ་བདག་ཨ་མྱེ་རྨ་ཆེན་སྦོམ་ར།  རྨ་རི་བྲག་རི་དགུ་སྐོར།  རྨ་ཉིན་ལུང་ཆེན་བཅོ་བརྒྱད།  རྨ་མགོ་སྟོང་དང་ལྔ་བརྒྱ།  རྨ་གཡང་དལ་འགྲོ་ཕྱུག་མོ།  ཤར་ཕྱོགས་ཀྱི་གཉན་པོ་གཡུ་རྩེ།  ནུབ་ཕྱོགས་ཀྱི་ཟླ་བའི་བསེ་ཁྲབ།  ས་འདི་ལ་གནས་པའི་མཛོད་བདག་གཏེར་གྱི་བདག་པོ་གཉན་ཆེན་དངུལ་དཀར་བུམ་པ།  དངོས་ཆུང་རྡོ་རྗེ་དྲག་ལྡན།  གཉན་པོ་ཨ་ལྕ་རྩེ་དྲུག  ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དང་དམ་ལ་བཞག་པའི་མཐུ་སྟོབས་བསྐྱེད་པའི་དགྲ་ལྷ།  ལྷ་ཆེན་རྡོ་རྗེ་གཡུལ་དགྲ་བཙན་རྒོད་མི་དམར་རྟ་དམར་ཅན།  རྒྱུ་འཛིན་ནོར་གྱི་བདག་པོ་ལྷ་ཆེན་བཱ་ཡན་ཤཱི་རི།  བཱ་ཡན་དཔའ་བོ་སྤུན་གསུམ།  བཱ་ཡན་ནོར་མཚོ་ཕྱུག་མོ།  བཱ་ཡན་ཐོག་ལ་རྩེ་རྒོད།  ཀྱེེ་ལུང་དགྲ་ལྷའི་རྒྱལ་བོ།  དགྲ་འདུལ་དམག་གི་རྒྱལ་བོ།  རྡོ་ཆེན་བཀྲ་ཤིས་འོད་འབར།  དར་བའི་རི་བཙན་ཕྲ་མོ།  དགྲ་འདུལ་ནོར་བུ་དབང་ཕྱུག  ཨོ་ས་འདི་ལ་གནས་པའི་ས་བདག  ཡུལ་འདི་ལ་གནས་པའི་གཞི་བདག་ཁྱེད་རྣམས་ཀྱི་ཞལ་དུ་མཆོད་ནི་ཡིན།  བསམ་པའི་དོན་འགྲུབ་དགོས།  ཅི་འདོད་ཀྱི་རྩེ་ཚང་དགོས།  མིའི་ཚེ་ཐག་རིང་དགོས།  ཕྱུགས་ཀྱི་རྔ་ཐག་རིང་དགོས།  ཨོ་བསང་གི་ཁ་དྲོ་དགོས།  ཡུལ་ལྷའི་ཞལ་དཀར་དགོས།  ལྷ་ཀླུ་དཀར་ཕྱོགས་སྐྱོང་བ་ཐམས་ཅད་བསྟོད་ནི་ཡིན། བོས་ནི་ཡིན།  མགྲོན་ནི་ཡིན།  ངོ་སོ་བསྟོད་ལ།  ཀི་བསཱོ་བསཱོ་ཆེའོ།།  ལྷ་རྒྱལ་ལོ།།  
              
                                  སྟག་སྨྱོན་དགེ་བཤེས་སྐལ་བཟང་བློ་གསལ་གྱིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།