གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་དམིགས་བསལ་ཞིག་རེད་དམ།

2011-09-29 11:03:00 བོང་རྫི། ཀློག་གྲངས། མཆན ཡོད།

   གོང་དུ་བཤད་ཡོད་པ་བཞིན། བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས། དགེ་ཆོས་ཀྱི་སྐོར་ལ་མང་པོ་ཞིག་ལབ་བཞིན་ཡོད་པ་རེད་མོད།  མཐར་གཏུགས་ན་རྩ་བའི་སྐད་ཆ་ནི་འདི་དག་རེད། ༼༡༽དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་ཡིན་པར་ཐོག་དང་པོ་བཤད་མཁན་དང། ༼༢༽དགེ་ཆོས་ནི་ཏུན་ཧོང་གཏེར་ཡིག་དང། བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་ཞིབ་འཇུག་དང་པོ་བྱ་མཁན་ཡིན་པ།  ༼༣༽    དགེ་ཆོས་ནི་རྒྱལ་ཁམས་བསྐོར་པའི་རིགས་པ་སྨྲ་བ་ཞིག་ཡིན་པ།   ༼༤༽དགེ་ཆོས་ནི་ཆོས་དང་སྲིད་གཉིས་ཐ་དད་བྱེད་མཁན་ཡིན་པ། ༼༥༽དགེ་ཆོས་ནི་ནུབ་ཀྱི་མིའི་རང་བཞིན་གནས་རིགས་བཤད་མཁན་དང། ཡང་ན་དེའི་ལྟ་བའི་ཐོག་ཏུ་དངོས་སུ་ཞུགས་མཁན་རེད་སོགས་མང་པོ་བཤད་ཡོད་པ་རེད།    ཁོང་ཚོའི་གོང་གི་སྐད་ཆ་འདི་དག་ལ།ཞིབ་དཔྱོད་ཅུང་ཙམ་རེ་བྱེད་ནས་ཕུགས་དེད་སོང་ན། ཁོ་ཚོ་ལ་ཁུངས་ལུང་སོགས་ཅི་ཡང་མེད་པ་མ་ཟད། མ་ཤེས། མ་བརྟགས། དོན་མེད་ཀྱི་སྐད་འབོད་ཙམ་ཞིག་ལས་གཞན་ཅི་ཡང་མ་རེད། རྒྱུ་མཚན་ནི་ཅི་ཡིན་ཟེར་ན།  དང་པོར། བློ་བཟང་ཡོན་ཏན་གྱིས་དགེ་ཆོས་ནི་བོད་ཀྱི་སའི་གོ་ལ་རིལ་རིལ་བཤད་མཁན་དང་པོ་མིན་པ་མ་ཟད། ཁོས་བོད་ལ་དེའི་ལྟ་བ་དང་རྩིས་རིག་གི་ཤེས་བྱ་ཡོད་པ་མ་ཤེས་པར་རྨོངས་གཏམ་བཤད་ཡོད་པའི་སྒྲུབ་བྱེད་དང་བཅས།  ༼དགེ་ཆོས་ཀྱི་མགོ་ལེབ་ལེབ་ཀྱི་སྟེང་ནས་སའི་གོ་ལ་རིལ་རིལ་ཇི་ལྟར་བྱུང་ཚུལ།༽ཞེས་ཆེད་དུ་བྲིས་པའི་རྩོམ་དེའི་ནང་དུ་གསལ་བོ་དག་པོར་བཤད་འདུག། སྤྱིར་བཏང་ལོ་རྒྱུས་འདི་གལ་ཆེན་པོ་ཞིག་མ་རེད། སྔོན་གྱི་མཁས་དབང་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། མཱ་ཡང་བཟོད་པ། སེར་ཆེན་ཞབས་དྲུང། བིས་བ་མི་ཕམ་ཟླ་བ།    མཁྱེན་རབ་ནོར་བུ། ཚེ་ཏན་ཞབས་དྲུང། སྨད་སོག་བཛྲ་སོགས་མཁས་བ་སྟོང་ཕྲག་མང་པོ་དང། རྒྱ་ནག་སེར་རྩིས་ཤེས་པ་ཐམས་ཅད་ཀྱིས་གོ་དོན་འདི་ཤེས་ཡོད་པ་མ་ཟད།  དུའུ་ཞག་དང།སེར་ལམ། དཀྱིལ་ཞག་བརྩི་ཚུལ་སོགས་འདུས་བའི་ལག་ལེན་དང་ཆ་ཚང་བར་ཤེས་ཡོད།བོད་ཀྱི་མཁས་པ་དང་ཁྱད་པར་ཏུ་ཨ་མདོའི་མཁས་པའི་ཁྲོད་དུ་བཤད་སྟངས་འདི་ནི་གསར་བ་ཞིག་རྩ་བ་ཉིད་ནས་མ་རེད།  ཡིན་ནའང་དགེ་ཆོས་ཀྱི་རྗེས་སུ་ཅལ་རྒྱུགས་བྱ་མཁན་ཚོས་དགེ་ཆོས་ཀྱི་སའི་གོ་ལ་ལེབ་ལེབ་སྐོར་རྩོམ་ཐུང་དེ། ཡ་མཚར་ཅིག་ལ་བརྩིས་ཏེ། དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་རེད་ཅེས་ལབ་མཁན་ཐོག་དང་པོ་རེད་ཅེས་འུར་བསྟོད་བྱས་ཡོད། ཇི་ལྟར་དེ་ལྟ་བུ་སྡོམ་ཚིག་བཞག་པ་རེད་དམ་ཟེར་ན། དེ་ཡང་དུས་རབས་བཅུ་དགུ་བའི་ནང་དུ་ཏག་ཏག་ལ་ནུབ་ཀྱི་ཚན་རིག་པ་ཁ་ཤས་ཀྱིས།ནུབ་ཀྱི་ཡེ་ཤུའི་ཆོས་ལུགས་པའི་གྲུབ་མཐའ་སྨྲ་བ་དག་གིས་ཏར་ཝེན་གྱི་གྲུབ་མཐའ་ཁས་མ་བླངས་བ་དེ་དག་ལ་དགག་ཕྱིར་ཏུ། ཆོས་པ་དག་ནི་བླུན་པོ་སའི་གོ་ལའང་ལེབ་ལེབ་རེད་ཅེས་བཤད་པ་དག་རེད་བསྙོན་བཏགས་པ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང། བསྙོན་འཛུགས་པ་དེ་ཕྱིས་སུ་རྒྱ་ཁྱབ་ཏུ་སོང་ནས། ཆོས་པ་རྣམས་ནི་སའི་གོ་ལ་ལེབ་ལེབ་དུ་ཁས་ལེན་པའི་བླུན་པོ་ཨུ་ཚུགས་ཅན་ཁ་ཤས་ལ་ངོས་འཛིན་བྱས་ཡོད་པ་རེད།    དགེ་ཆོས་རང་དང་དགེ་ཆོས་ཀྱི་རྗེས་སུ་ཞུགས་པ་དག་གིས་ཀྱང་རིགས་པ་དང་།  ལོ་རྒྱུས་ལ་ཞིབ་དཔྱད་ཅུང་ཟད་ཙམ་ཡང་མེད་པར།དགེ་ཆོས་ཀྱི་སྔོན་དུ་བོད་དུ་སའི་གོ་ལ་རིལ་རིལ་དུ་འདོད་པའི་ལྟ་བ་མེད་ཅེས་བ་ནི།    ཨུ་ཚུགས་དང་འཆལ་གཏམ་ཁོ་ན་རེད།    
    གཉིས་པ།    སྤྱིར་བཏང་དགེ་ཆོས་ཀྱིས་ཏུན་ཧོང་ཡིག་ཆ་སོགས་ལག་ཏུ་ཇི་ལྟར་བྱུང་ཚུལ་དང་ཞིབ་འཇུག་ཇི་ལྟར་བྱས་ཚུལ་སོགས་ཀྱིས་ཐད་ན་ལ་ཞིབ་དཔྱོད་བྱེད་དགོས་པ་མང་ཞིང་། ལྷག་པར་ཏུ་ཁོང་གིས་རྒྱའི་ལོ་རྒྱུས་རྙིང་བ་སོགས་གང་དུ་ལག་སོན་བྱུང་ཡོད་མེད་དང།དངོས་གནས་དྲང་གནས་ཀྱི་རྒྱ་ཡིག་མཁྱེན་མིན་སོགས་ལ་དོགས་འདྲི་མང་དུ་ཡོད་པ་མ་ཟད།    བོད་ཡིག་གི་སྟེང་ནས་ཏུན་ཧོང་གཏེར་ཡིག་ལ་ཞིབ་འཇུག་བྱེད་མཁན་ཐོག་མ་ནི་དགེ་ཆོས་ཡིན་མིན་གྱི་སྐོར་ལ་དོགས་གཞི་ཤིན་ཏུ་མང་པོ་འདུག།  ཕྲན་ལ་༡༩༣༠་ཙམ་བྲིས་བའི་སོག་པོའི་ལོ་རྒྱུས་བོད་ཡིག་ཏུ་བྲིས་པ་ཞིག་ཡོད་ཅིང། དེའི་ནང་དུ་ཏུན་ཧོང་གཏེར་ཡིག་དྲངས་ཡོད་པ་མ་ཟད། ཡིག་ཆ་དེ་དག་ཇི་ལྟར་རྙེད་ཚུལ་གྱི་ལོ་རྒྱུས་ཤིག་ཀྱང་བཀོད་འདུག། དེ་ལ་དཔྱད་ཚེ།དགེ་ཆོས་ནི་ཏུན་ཧོང་གི་གཏེར་ཡིག་གི་བོད་ཡིག་དུ་འབྲི་མཁན་དེ་མིན་པ་མ་ཟད། བོད་པ་ཐོག་དང་པོ་མིན་པ་གསལ་གསལ་རེད།དེ་བཞིན་དགེ་ཆོས་ཀྱི་སྔོན་དུ་བོད་ལ་སྲིད་དོན་གྱི་ལོ་རྒྱུས་ཡིག་ཆ་མང་པོ་ཡོད་པ་མ་ཟད། སྲིད་གཞུང་གི་ཁྲལ་ཐོ་དང། རྩིས་ཁྲ། ཞིབ་གཞུང། བཀའ་ཤག་གི་མགྲོན་དེབ། དམག་དེབ་སྟོང་ཕྲག་མང་པོ་ཡོད་།
    དཔེར་ན་བཀའ་བློན་བཤད་སྒྲ་སིམ་ལར་ཆིངས་ཡིག་དུ་འགྲོ་དུས།    དེ་འདྲ་བའི་སྲིད་དོན་གྱི་ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་འཁུར་སོང་བ་ནི།    ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུའང་ས་གསལ་རྡོ་གསལ་རེད།  པེ་ཅིང་དང་དབྱིན་ཇི་གཞུང་ཚབ་རྣམས་ཧ་ལས་པའི་ལོ་རྒྱུས་སུ།ཁོ་ཚོའི་ཐོ་ཡིག་ནང་དུ་གསལ་བོ་བྲིས་ཡོད།  དེ་མིན་ང་ཚོས་རྣ་བའི་གོ་རྒྱུ་ཡོད་ཅིང། མཐོང་རྒྱུ་མེད་པའི་རུས་མཛོད།དེབ་ཐེར་མང་པོ་ཡོད་པ་མ་ཟད། སོག་པོ་དང།ཆེན་པོ་ཆིང་གི་སྲིད་དོན་གྱི་ལོ་རྒྱུས་ཐད་ལ་བོད་ཀྱི་ཡིག་ཆ་ལས་ལྷག་པ་མི་འདུག་ཅེས་ནུབ་ཀྱི་མཁས་བ་མང་པོ་བསྒྲགས་བཞིན་ཡོད་པ་མ་ཟད།དེ་རྣམས་ལ་ཆེད་དུ་ཞིབ་དཔྱོད་ཀྱང་བྱ་བཞིན་ཡོད་པ་རེད།    
    གསུམ། དགེ་འདུན་ཆོས་འཕེལ་ནི་རྒྱལ་ཁམས་རིགས་པས་སྐོར་བ་ཞིག་རེད།  དེ་ལ་དོགས་པ་གཅིག་ཀྱང་མི་འདུག།    ཡིན་ནའང་དགེ་ཆོས་གཅིག་པོ་རྩ་བ་ཉིད་ནས་མ་རེད།དགེ་ཆོས་ལྟར་རྒྱལ་ཁམས་འགྲིམས་པ་བོད་དུ་མ་མཐའ་ཡང།ད་ལྟ་མིང་དངོས་སུ་ཡོད་པའི་མི་བརྒྱ་ཕྲག་ཁ་ཤས་ཡོད་པ་མ་ཟད།དེ་དག་གིས་ཀྱང་ལམ་ཡིག་དང། རྒྱལ་ཁམས་གཞན་གྱི་ལོ་རྒྱུས་དང།ས་དཔྱད། རྩྭ་དང་རྩི་ཤིང། མི་གཤིས་སོགས་ཀྱི་ཐད་ལ་མང་པོ་བྲིས་ཡོད་པའི་གླེགས་བམ་དག་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད།  དཔེར་ན།ཨོ་རྒྱན་ལམ་ཡིག། ཆག་ལོའི་རྡོ་རྗེ་གདན་གྱི་ལམ་ཡིག་ལྟ་བུ་རེད།    ཞིབ་ཏུ་དཔྱད་ན།  དཔེ་དེབ་དེ་དག་ཀྱང། གསེར་ཐང་ལས་དམན་པ་ཞིག་ཏུ་མཐོང་མ་སོང།ལྷག་པར་ཏུ་གྲུབ་ཆེན་ཨོ་རྒྱན་པ་ལ་མཚོན་ན།བོད་དུ་དངུལ་ཆུའི་བཙོ་ཐབས་དང།    སྒྲུབ་ཐབས་ཁྱེར་ཡོངས་བ་དང།    ཁོང་གི་ལམ་ཡིག་ནི་དེང་དུས་པ་ཀི་སི་ཐན་གྱི་ལོ་རྒྱུས་རྟོགས་པའི་ཡིག་ཆ་གལ་ཆེན་ཞིག་ཆགས་བསྡད་ཡོད་པ་ལྟ་བུ་རེད།
    དེ་བཞིན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ནི་སྔོན་མ་བྱུང་བའི་ལོ་རྒྱུས་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་འདིའང་རྨོངས་གཏམ་རེད། གསེར་ཐང་གི་བརྗོད་བྱ་གཙོ་བོ་ནི་རྒྱ་གར་འཕགས་ཡུལ་ཀྱི་སྐོར་རེད།  རྒྱ་གར་ལོ་རྒྱུས་ཀྱི་དབང་དུ་བྱས་ན།    གསེར་ཐང་ནི་ཇོ་ན་ཏཱ་ར་ཐའི(1575–1634)་རྒྱ་གར་ཆོས་འབྱུང་(1608)ལས་ལོ་སུམ་བརྒྱ་ཙམ་གྱི་སྔོན་དུ་བྲིས་བ་ཡིན་མོད།    དེའི་དཔྱད་གཞིའི་གནད་དང། ལོ་རྒྱུས་ཀྱི་ཁྱབ་རྒྱ།  བོད་དང་རྒྱ་གར་གཉིས་ལ་བཞག་པའི་ལེགས་རྐྱེན་གང་ཐད་ནས་ལེགས་པོ་དང།གསར་གཏོད་དང་ཞིབ་འཇུག་གི་ཁྱབ་ཆེ་ཞིང། གཏིང་ཟབ་པས་རྒྱ་གར་ཆོས་འབྱུང་ནི་རྒྱ་གར་གྱི་ཆོས་སྲིད་གཉིས་ལ་ཞིབ་དཔྱད་བྱེད་པའི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཆགས་བསྡད་ཡོད། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་རྣམས་ལ་མེད་དུ་མི་རུང་བའི་དཔེ་དེབ་ཅིག་ཆགས་བསྡད་ཡོད། དགེ་ཆོས་ཀྱི་གསེར་ཐང་ནི། རྒྱ་གར་ཨ་ཙ་རའི་ངག་སྒྲོས་དང།  དབྱིན་ཇིའི་གཞུང་གི་རྒྱ་གར་གྱི་ལོ་རྒྱུས་བདེན་མིན་ཐམས་ཅད་ལས་ཟུར་བཏུས་ལྟ་བུ་ཞིག་ལས་མི་འདུག་པས།   དོན་གྱི་ལོ་རྒྱུས་རིན་ཐང་ཆེན་པོ་མེད། ཡང་འདིར་ངེས་པར་ཏུ་བརྗོད་དགོས་པ་ཞིག་ལ།  དགེ་ཆོས་ཀྱི་རྣམ་ཐར་འབྲི་མཁན། ཉེ་ལམ་དབྱིན་ཇིའི་རྒན་བདེ་སྦྱིན་དབང་མོ་མཆོག་ལ་དེའི་སྐོར་གྱི་སྐད་ཆ་བྱུང་སྐབས། ཁོ་མོས་འདི་ལྟར།    “གསེར་ཐང་ནི་དགེ་ཆོས་ཀྱི་ཐོ་ཡིག་ལྟ་བུ་རེད། དེ་ལ་ནོར་འཁྲུལ་ཡོད་པ་ནི་ཏན་ཏན་རེད་”ཅེས་བཤད་བྱུང།དེ་ན་གཏམ་རྒྱུད་དེ་ཡང་ཆ་ཚང་བ་ཞིག་མིན་པར་འདུག་པས་ཚད་ལྡན་གྱི་ཡིག་ཆ་ལྟ་བུ་ཞིག་ལ་གཏན་ནས་འཇོག་མི་འོས། གཞན་འཛམ་གླིང་གྱི་ས་རྒྱུས་དང།ཡུལ་བཀོད་ཀྱི་དཔྱད་པ། གོས་དང་ཆས། ཡུལ་སྲོལ་སྤྱོད་ལམ། རྩྭ་དང་རྩི་ཤིང་སོགས་ཀྱི་རྣམ་བཞག་ནི།ཚན་རིག་གི་ལྟ་བ་སོགས།དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་བཙན་པོའི་འཛམ་གླིང་རྒྱས་བཤད་དང་བསྡུར་ཚེ(1830)གནམ་དང་ས་གཉིས་བསྡུར་པ་བཞིན། གང་གི་ཆ་ནས་ཀྱང་བསྡུར་ཐབས་མེད་པ་ལྟ་བུ་ཞིག་ཀྱང་སྣང། བཙན་པོ་ནོ་མོན་ཧན་ནི། གང་གི་ཐད་ནས་ཀྱང་དགེ་ཆོས་ལས་ལྡབ་འགྱུར་གྱིས་ལྷག་པར་མཐོང་ཞིང། ཁོང་གི་༼འཛམ་གླིང་རྒྱས་བཤད༽ལྟ་བུ་ཞིག་ནི་    དགེ་ཆོས་ཀྱི་རྨི་ལམ་དུའང་རྨིས་སྲིད་པ་ཞིག་མ་རེད།    རྗེས་སུ་འདིའི་སྐོར་མང་པོ་ཞིག་ཡོང་གིན་རེད།    
  བཞི།དགེ་ཆོས་ནི་ཆོས་དང་སྲིད་གཉིས་ཐ་དད་བྱེད་མཁན་རེད་ཟེར།  སྤྱིར་བཏང་དགེ་ཆོས་ཀྱིས་གསུང་རྩོམ་གང་གི་ནང་དུའང་དེ་གཉིས་ཐ་དད་དུ་ཕྱེས་དགོས་ཞེས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་འདུག་ཅིང།དེ་བཞིན་ཆོས་སྲིད་ཟུང་འབྲེལ་ལམ་ཡང་ན་ཐ་དད་ཞེས་བའི་ཚིག་གཅིག་ཀྱང་ཐོན་མི་འདུག།    སྤྱིར་བཏང་བོད་ཀྱི་རིག་པའི་གཞུང་ལུགས་དག་དུ།    ཆོས་ཞེས་བ་འདི་དོན་བཅུ་ལ་འཇུག་ཅིང།    དེའི་ནང་གི་ཆོས་ལུགས་ལའང།ནང་བ་དང་ཕྱི་རོལ་གཉིས་སུ་ཕྱེ་ཡོད། ནང་བའི་ཆོས་འདི་ལ་གྲུབ་མཐའ་སྨྲ་བ་བཞི་སོགས་མི་འདྲ་བ་མང་པོ་ཡོད།    དེ་རྣམས་ཀྱི་དགོངས་པ་ཁྲ་ཁྲ་རིག་རིག་མི་འདྲ་བ་སྣ་ཚོགས་རེད།    འདིར་གསར་བརྗེ་བ་མང་པོ་ཞིག་གིས།    ཆོས་ཟེར་བ་ནི་ཕྱི་མ་ཁོ་ནའི་དོན་དུ་གཉེར་མཁན་ཞིག་དང།སྲིད་ཞེས་བ་འཇིག་རྟེན་གཉེར་མཁན་ཁོ་ན་རེད་སོགས་ཟེར་བཞིན་རེད་མོད།    སྤྱིར་བཏང་ནང་ཆོས་སུའང། འདི་འདྲ་བའི་བཤད་ཚུལ་མང་པོ་ཡོད་པ་རེད།མི་ཡི་ཆོས་ལུགས་ལེགས་སྤྱད་ན།    ལྷ་ཡུལ་འགྲོད་པ་ཐག་མི་རིང།    ཞེས་དང་གྲྭ་ས་དག་ཏུ།    རྟོགས་པ་ལྷ་དང་མཉམ་ཡང།    མཛད་པ་མི་ལ་བསྟུན་དགོས་ཞེས་དུས་རྒྱུན་ཐོས་རྒྱུ་ཡོད།    ལར་ཏུ་ཆོས་ཟེར་བ་འདི།    འཆི་བ་ལ་ཕན་པའི་སེམས་ཀྱི་འཁྱེར་སྟངས་ཞིག་རེད།    མི་ཚང་མ་འཆི་དགོས་བ་རེད།    དེ་བས་མི་རྣམས་ཀྱིས་འཆི་བ་ལ་གྲ་སྒྲིག་བྱེད་ན།    འཇིག་རྟེན་གྱི་མིའི་འགྲོ་ཚུལ་ཞིག་ཀྱང་རེད།    མཐར་གཏུག་ན་བཤད་ན།    ཆོས་སྲིད་ཟུང་འབྲེལ་ཟེར་པའི་སྐད་ཆ་འདི་ནུབ་ནས་བྱུང་བ་ཞིག་རེད།    འདི་ཡང་ནུབ་ཀྱི་ལོ་རྒྱུས་དང།    ཡེ་ཤུ་མ་ཀ་སོགས་འདུས་བའི་ཆོས་ཁྲིམས་༼དོན་གྱི་རྒྱལ་ཁྲིམས་རེད༽སོགས་ལས་བྱུང་བའི་ཐ་སྙད་ཅིག་རེད། འདི་བོད་དང་བོད་ཀྱི་ནང་བསྟན་ལ་བཙན་གྱི་རྒྱག་གིན་ཡོད་པ་དེ་ཡང་ནུབ་བོད་གཉིས་ཀྱི་ལོ་རྒྱུས་དང་ཆོས་སོགས་མ་ཤེས་བའི་རྟགས་རེད།    ༼འདིའི་སྐོར་གཞན་དུ་འབྲི་བར་བྱ༽
   ལྔ། དགེ་ཆོས་ནི་ནུབ་ཀྱི་མིའི་རང་བཞིན་གནས་རིགས་བཤད་མཁན་དང།  ཡང་ན་དེའི་ལྟ་བའི་ཐོག་དངོས་སུ་ཞུགས་མཁན་རེད་སོགས་མང་པོ་བཤད་ཡོད་པ་རེད་དམ་ཞེ་ན། དྲི་ཚིག་འདི་ནི་བླུན་རྟགས་ཞིག་རེད། ཅིའི་ཕྱིར་ཞེ་ན། དགེ་ཆོས་ནི་ཆོས་ཀྱི་གཞུང་ལ་མཁས་བ་ཆེན་པོ་ཡིན་ཕྱིར།  ནང་བའི་སངས་རྒྱས་བའི་ལུགས་ལ།    དེ་ནི་རྩ་བའི་གཞུང་ལྟ་བུ་ཆགས་བསྡད་ཡོད་པ་རེད།    འདིའི་སྐོར་ཅུང་ཙམ་ཞིག།    བོང་རྫིས་བྲིས་བའི་ ༼དགུ་རོང་སྤུན་གྲོལ་ལན་དུ་སྤྲིངས་བ་ཕྱུགས་རྫིའི་གླུ་དབྱངས༽བྱ་བར་གཟིགས། ཞར་བྱུང་ལྟ་བུ་ལ།    སྤྱིར་བཏང་ཀླུ་སྒྲུབ་དགོངས་རྒྱན་ནང་གི་ཐ་སྙད་ཚད་གྲུབ༼ངས་ཀླུ་སྒྲུབ་དགོངས་རྒྱན་དགེ་ཆོས་ཀྱིས་བརྩམས་པ་ཡིན་མིན་ལ་དོགས་པ་ཡོད༽འདི་ཡང་གསར་པ་ཞིག་རྩ་བ་ཉིད་ནས་མ་རེད། བོད་སྔ་རབས་པ་ཁ་ཅིག་གིས་འདིའི་སྐོར་མང་པོ་གསུངས་ཡོད་པ་མ་ཟད། རྗེ་ཙོང་ཁ་ཆེན་པོས་ཀྱང། ལྟ་བ་འདི་ལ་དགག་པ་བྱས་ཡོད།    དེ་བས་དགེ་ཆོས་ཀྱིས་གསར་ཏུ་བརྩམས་པ་དང།    གསར་ཏུ་བྱུང་བ་ཞིག་རྩ་བ་ཉིད་ནས་མ་རེད།༼འདིའི་སྐོར་མཁས་བ་གཞན་གྱི་མང་དུ་བྲིས་འདུག་པས།དེ་དག་ཏུ་གཟིགས་པར་ཞུ༽དེ་བཞིན་འདོད་བསྟན་ཡང་དེ་བཞིན་རེད། ཨ་རིའི་བོད་པ་ལ་དགེ་ཆོས་ཀྱི་མ་ཕྱི་ལྟ་བུའི་འདོད་བསྟན་ཞིག་ཀྱང་ཡོད་ཟེར།    ཚིག་སྦྱོར་སྟངས་དང།    འབྲི་ཚུལ་སོགས་ཕལ་ཆེན་གཅིག་པ་རེད་ཟེར།    མཐའ་སྡོམ་ནི།    དགེ་ཆོས་ནི་མཁས་དབང་ཞིག་རེད་དམ་ཞེ་ན།    དགེ་ཆོས་ནི་མཁས་དབང་ཞིག་རེད།    དེ་ལ་ངེད་ཀྱིས་རྩོད་པ་ནམ་ཡང་རྒྱབ་པ་མེད།    དུས་རྒྱུན་མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་འབོད་བཞིན་ཡོད།    ཡིན་ནའང་བོད་ཀྱི་མཁས་བ་རེ་རེ་ལ་ཁྱད་ཆོས་མི་འདྲ་བ་རེ་རེ་འདུག།    མཁས་དབང་ད་ལྟ་གསུང་རྩོམ་སོགས་མིག་གི་མཐོང་རྒྱུ་ཡོད་པ།    སྟོང་ཕྲག་གསུམ་ལྷག་ཙམ་ལ།    གསུང་རྩོམ་པོ་ཏི་ཁྲི་གཅིག་དང་སྟོང་ལྔ་ཡོད་པ་དེ་དག་ལ་ཁྱད་ཆོས་རེ་རེ་འདུག།    གསུང་རྩོམ་དེ་དག་གི་ཁྲོད་དུ་རིག་གནས་བཅུའི་མཚོན།    ས་རྒྱུས་དང་།འཕྲུལ་རིགས།    ཐ་ན་དུས་རབས་བཅོ་བརྒྱད་དང་བཅུ་ནང་ལ་བསྒྱུར་པའི་ཡོ་རོབ་གླིང་གི་རྩིས་རིག།གནམ་རིགས།    ༼ངའི་ལག་ཏུའང་དེའི་སྐོར་གྱི་དཔེ་དེབ་བདུན་བརྒྱད་ཙམ་ཡོད་༽ས་ཁྲ།    རི་མོ་སོགས་བརྒྱ་ཕྲག་ཁ་ཤས་འདུག།    དེ་རྣམས་ལ་ཁྱད་ཆོས་མི་འདྲ་བ་རེ་རེ་འདུག་པས།
    དགེ་ཆོས་ནི་དམིགས་གསལ་ཞིག་དང།    ཁྱད་པར་ཅན་ཞིག་རྩ་བ་ཉིད་ནས་མ་རེད་ཅེས་བརྗོད་འདོད་པ་དེ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།