གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་སྒེར་རིང་ལུགས་དང་རང་བཞིན་གནས་རིགས་གཉིས་ཀྱི་བསྡུར་བ།

2011-07-10 15:04:00 དགུ་རོང་སྤུན་གྲོལ། ཀློག་གྲངས། མཆན ཡོད།


  འཇིག་རྟེན་གྱི་ཁམས་ཆེན་མོ་འདི་དང་ཕྱི་ནང་གི་རྡུལ་ཕྲན་གང་ཡིན་ཀྱང་། རང་རང་གི་རྒྱུ་དང་ཆ་ཤས་ཀྱི་ཚོགས་པར་བརྟེན་ནས་གྲུབ་པ་ཡིན་སྟབས། ཡོད་ཚད་རྟེན་འབྱུང་གི་འབྲེལ་ཚོགས་ལས་བྱུང་བའི་དངོས་གཟུགས་རང་མཚན་པ་དག་ཡིན་པ་རེད། དེའི་ཕྱིར་ན། གཞི་གྲུབ་གང་ཞིག་ཡིན་རུང་གཞི་གྲུབ་པ་དེའི་ངོ་བོར་གནས་པའི་སྲ་མཁྲེགས་རྟག་བརྟན་གྱི་ཆ་ཞིག་དང་རང་རྐྱ་ཐུབ་པའི་ཆ་རྡུལ་ཞིག་ཡེ་ནས་མེད་པས། ཆ་ཤས་དུ་མ་ལས་ཆ་ཅན་གྲུབ་པ་ལྟར། མི་ཞེས་པའི་ཡུལ་ཅན་དེ་ཉིད་ཀྱང་བག་ཉལ་གྱི་འདུ་ཤེས་དང་། ཆོས་རྣམ་རབ་འབྱེད་ཀྱི་ཤེས་རབ། མྱོང་སྣང་ཚོར་ཟུང་གི་དབང་ཤེས་བཅས་ཆ་ཤས་དུ་མ་འདུས་པ་ལས་གྲུབ་པ་རེད། མི་ཞེས་པའི་ཆ་ཅན་དེ་ཆ་ཤས་དུ་མའི་བདག་ཉིད་དུ་གྱུར་ཡོད་པས། ཆ་ཅན་ཁོ་རང་ལ་ཁོའི་ཆ་ཤས་གཙོ་བོར་གྱུར་པའི་བག་ཉལ་གྱི་འདུ་ཤེས་དེས་ངར་ཤུགས་སློང་གིན་ཡོད་པ་དང་། བག་ཉལ་གྱི་འདུ་ཤེས་དེའི་གྲོགས་པོར་གྱུར་པའི་དབང་ཤེས་ཀྱིས་བག་ཉལ་གྱི་འདུ་ཤེས་དེའི་རེ་འདོད་དང་མོས་འདུན་ལྟར་ཕྱི་རོལ་གྱི་སྒྲ་གཟུགས་དྲི་རོ་དག་གི་མྱོང་སྣང་ནང་འདྲེན་དང་། བག་ཉལ་གྱི་འདུ་ཤེས་དེའི་བྱེད་ནུས་དག་ཕྱི་རོལ་གྱི་ཁམས་ཆེན་མོ་འདིར་ཕྱིར་གཏོང་བྱེད་ཀྱིན་ཡོད་པས། ཕྱི་ནང་གི་མྱོང་སྣང་ཕྲ་རགས་ཕན་ཚུན་འཕྲད་ནས། མི་ཞེས་བརྗོད་པའི་སྒྲ་དེའི་གདག་གཞིར་གྱུར་པའི་བླ་སྲོག་དེ་ཉིད་སྐྱོམས་འགུལ་ཐེབས་ཏེ་མི་ཞེས་པ་ནི་སྨྲ་ཤེས་པ་དང་དོན་གོ་བའི་བདག་ཉིད་དུ་གྱུར། བག་ཉལ་གྱི་འདུ་ཤེས་ཁོ་རང་མ་དགའ་བ་ཙམ་གྱིས་མི་ཁོ་རང་ཡང་མི་དགའ་བའི་རྣམ་པར་གྱུར་ལ། བག་ཉལ་གྱི་འདུ་ཤེས་ཁོ་རང་དགའ་བ་ཙམ་གྱིས་མི་ཁོ་རང་ཡང་དགའ་བའི་རྣམ་པར་གྱུར། བག་ཉལ་གྱི་འདུ་ཤེས་དེའི་དགའ་བ་དང་སྐྱོ་བ་དག་ནི་ཁོའི་གྲོགས་པོ་དབང་ཤེས་ཀྱི་གཏོང་ལེན་བྱེད་སྟངས་ལས་སྐྱེས། དེ་ལྟའི་དགའ་སྐྱོའི་ཚོར་ཤུགས་ལས་ཆགས་སྡང་ཞེས་པ་ཞིག་བྱུང་། ཆགས་སྡང་གི་ཚོར་བ་དེ་གཉིས་སྙོམ་སྒྲིག་དང་ཚོད་འཛིན་བྱེད་སླད་ཆོས་རྣམ་རབ་འབྱེད་ཀྱི་ཤེས་རབ་ཅེས་པ་ཞིག་བྱུང་། ཕྱིར་དྲན་དང་འགྱོད་སེམས། དབྱེ་ཞིབ་དང་ཤེས་རྟོགས་བཅས་ནི་ཆོས་རྣམ་རབ་འབྱེད་ཀྱི་ཤེས་རབ་ཀྱི་བྱེད་འབྲས་གཙོ་བོ་དག་ཡིན། དེ་བས། ཆོས་རྣམ་རབ་འབྱེད་ཀྱི་ཤེས་རབ་དེས་བག་ཉལ་གྱི་འདུ་ཤེས་ཀྱི་དམིགས་ཡུལ་དང་རེ་འདོད་མངོན་འགྱུར་བྱེད་པར་ཚོད་འཛིན་ཐེ་གཏོགས་བྱེད་ཀྱིན་ཡོད་པས། བག་ཉལ་གྱི་འདུ་ཤེས་ཁོ་རང་ནམ་ཞར་ཡང་ཆོས་རྣམ་རབ་འབྱེད་ཀྱི་ཤེས་རབ་དེའི་ཚོད་འཛིན་དང་ཐེ་གཏོགས་ཀྱི་དྲ་ལས་ཐར་བར་འབད་ཀྱིན་ཡོད་པ་རེད། དེའི་ཕྱིར་ན། མི་ནི་སྐྱེས་ཙམ་ནས་གཞན་གྱི་ཚོད་འཛིན་དང་ཐེ་གཏོགས་ལ་དགའ་བོ་ཡེ་ནས་མེད་པས་མི་རྣམས་ངོ་བོའི་ཆ་ནས་སྐྱེས་ཙམ་ནས་རང་དབང་ལ་མོས་པ་དང་། མོས་པ་དེ་ཉིད་མི་ངོ་སོ་སོའམ་སྐྱེས་བུ་སྒེར་རེ་རེར་འདྲ་མཉམ་དུ་གནས་ཡོད་པའི་རང་བྱུང་གི་ཚོར་ཤེས་ཤིག་ཡིན་པས། ཚོར་ཤེས་དེ་ཉིད་རྒྱུད་ལྡན་གྱི་གང་ཟག་དེ་ནི་རང་བྱུང་གི་མི་བུར་གྲུབ།
  སྐྱེས་བུ་སྒེར་ཞེས་པ་ནི་གོང་དུ་བསྙད་པ་ལྟར་རང་རྐྱ་བའི་བསམ་བློའི་འདུས་དོན་ཞིག་ཡེ་ནས་མ་ཡིན་པས། དེ་ནི་རིང་བོར་བལྟོས་ཏེ་ཐུང་ངུའི་རིང་ཚད་འཇོག་པ་དང་། ཆེན་པོར་བལྟོས་ཏེ་ཆུང་ངུའི་བོངས་ཚད་འཇོག་པའི་བལྟོས་གྲུབ་ཀྱི་རིགས་ཚུལ་ལྟར། ཐུན་མོང་གི་རྩ་འཛུགས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་བལྟོས་ཏེ་སྐྱེས་བུ་སྒེར་གྱི་གདག་གཞིའི་བརྡ་དོན་བཞག་པ་རེད། སྐྱེས་བུ་སྒེར་ཞེས་པ་དེ་ཐུན་མོང་གི་རྩ་འཛུགས་ལས་སོ་སོ་བ་དང་ཐ་དད་པ་ཞིག་ཡིན་པས་སྐྱེས་བུ་སྒེར་ནི་ཐུན་མོང་གི་རྩ་འཛུགས་ཀྱི་སྒྲིག་གཞི་ལས་ལོགས་སུ་གྱེས་ཡོད། ད་ལྟར་བཤད་ཀྱིན་པའི་སྐྱེས་བུ་སྒེར་དང་མི་ངོ་སོ་སོ་བ་ཞེས་པ་དག་ནི་དབྱིན་ཡིག་གི་ཨིན་སྒྲོས་བི་དགྲོད (individual) ཞེས་པའི་བརྡ་དོན་གཞིར་བཞག་ནས་གླེང་གིན་ཡོད་སྟབས། ཐོག་མར་དབྱིན་ཡིག་གི་ཨིན་སྒྲོས་བི་དགྲོད་ཅེས་པ་གསེད་དགྲོལ་བྱེད་དགོས་སེམས།
   (individual)ཞེས་པ་ནི་བརྒྱ་ལོ15 བའི་ནང་བྱུང་ཞིང་། ཕྱི་མོའི་དོན་ནི་གྲངས་རིག་པའི་ཁྱབ་ཁོངས་ཀྱི“བགོ་དབྱེ་ཚད་མེད་གྲངས་གནས(indivisible) ཤིག་གི་དོན་ལ་འཇུག་གིན་ཡོད་མོད། སྐབས་སྐབས་སུ་མི (person)ཞེས་པའི་དོན་ལ་ཡང་འཇུག བརྒྱ་ལོ17 པ་ནས་བཟུང་མི་ཞེས་པའི་བརྡ་དོན་གྱི་རྨང་གཞིའི་སྟེང“ལོགས་སུ་གྱེས་པ”དང“ཐ་དད་པ”འི་དོན་དུ་བཀྲལ་ཅིང་། དེ་ཡང་བལྟོས་མེད་ཀྱིས་གྲུབ་པ་ཞིག་མ་ཡིན་ཏེ། དབྱིན་ཡིག་འདིའི (in-ཡུལ་གནས་དངdivide-ལོགས་སུ་གྱེས་པའམ། གཞན་དབང་ལ་མི་བརྟེན་པ། ual-ཁྱད་ཚིག་སྟོན་པའི་མིང་མཐའི་ཡི་གེ་ཞིག) (in+divi+dual ) ལྷུ་ལག་ཚོགས་གྲུབ་ལས་བྱུང་། ལྷུ་ཚོགས་རང་ངོས་ནས་ཐུན་མོང་གི་རྩ་འཛུགས་ཀྱི་སྒྲིག་གཞི་ལ་མི་བརྟེན་པར་རང་མོས(Self-interest) དང་རང་རྟོན (self-reliance) ལྟར། རང་གི་ཡུལ་དང་གནས་ཀྱི་བྱ་བྱེད་ལས་གསུམ་གཙིགས་སུ་འཛིན་པོ་ཞིག་སྟོན་གྱིན་ཡོད་སྟབས། དེ་ནི་སྐྱེས་བུ་སྒེར་དང་མི་ངོ་སོ་སོ་བ(individual) ཞེས་སུ་གྲུབ། དེ་ལྟ་ནའང་། གོང་གི་བགོ་དབྱེ་ཚད་མེད་གྲངས་གནས་སུ་འཇུག་པའི་དབྱིན་ཡིག(indivisible) “in”ནི་དགག་ཚིག་ཅིག་ཡིན་པ་དང་། སྐྱེས་བུ་སྒེར་གྱི་སྐད་དོད(individual) “in” ནི་ཚིག་ཕྲད་ཅིག་རེད་པས། གཉིས་ཀ་ངོ་བོར་གཅིག་ཏུ་གོ་བ་ལེན་མི་རུང་།
   བོད་ཀྱི་སྐད་དུ་ཡང་སྐྱེས་བུ་སྒེར་ཞེས་པ་ནི་ངའོ་སྙམ་པའི་བློ་ལྷན་སྐྱེས་པ་ཞིག་རྣམ་ཤེས་ཀྱི་ངོ་བོར་འཐིམ་ནས་ཡོད་མཁན་ཞིག་ཡིན་སྟབས། ཁོའི་སྡོད་ལུགས་ཀྱི་ངོས་ནས་ཚོགས་པ་སྤྱི་དང་ཐུན་མོང་གི་ལྡོག་ཟླར་ལངས་ནས་ཡོད། ཁོའི་རྒྱུད་ཀྱི་ངའོ་སྙམ་པའི་བློ་དེ་ནི(གོང་དུ་བཤད་པའི་བག་ཉལ་གྱི་འདུ་ཤེས་དེ་ཡིན)ནམ་ཡང་འཆབ་པ་མེད་ཅིང་སྦེད་པ་མེད་མོད། འོན་ཀྱང་། གཏུམ་སྲིད་དང་གཡོ་ཅན་རྣམས་ཀྱིས་སྐྱེར་བུ་སྒེར་ནི“ཐུན་མོང” དང“ཚོགས་པ” ཞེས་པའི་ཁ་གཡང་ཆེན་པོ་དེའི་ལག་ཆར་བཀོལ་བས། སྐྱེས་བུ་སྒེར་ནི་ནམ་ཞར་ཡང་གཏུམ་སྲིད་གཡོ་ཅན་རྣམས་ཀྱི་འཁྲིས་ན་གད་ཕྱིས་ལྟ་བུར་གྱུར་ཡོད། དེ་ཡང་ཧྥ་རན་སིའི་མཚན་ཉིད་རིག་པ་བ་རེ་ནེས་སྒྲ་སི་ཁེ་ཁྲི(Rene Descartes,1596-1650 )ལགས་ཀྱིས“ང་ནི་སྐྱེས་ཙམ་ནས་རང་དབང་ཡིན་པའི་མི་རུ་སྐྱེས་ཡོད་མོད། ང་ཡི་ལྷན་དུ་དབང་ཤུགས་ཆེ་བའི་གཡོ་ཅན་ཞིག་རྟག་ཏུ་གནས་ཏེ། ཁོ་པ་དེས་བསམ་བཞིན་དུ་ང་ཡི་རང་མོས་ལ་བསླུ་བྲིད་བཏང་ནས་མགོ་སྐོར་གཏོང་གིན་འདུག ཁོ་པ་དེས་ང་ལ་བསླུ་བྲིད་ཅི་ཙམ་བཏང་ཡང་། ངས་ཁོ་ལ་གུ་ཡངས་བཏང་སྟེ་གང་འདོད་བྱེད་དུ་བཅུག ཐ་ན་ང་རང་འཚོ་བའི་ཆེད་གསོན་པའི་མི་ཞིག་ཡིན་པར་དོགས་པ་ཙམ་ཡང་བྱས་ཐུབ་མེད། དེ་ལྟར་དུས་ཡུན་རིང་ཙམ་ཕྱིན་ཚེ་ངེད་ཀྱིས་ང་ནི་ རིན་ཐང་ལྡན་པའི་དངོས་པོ་ཞིག་ཡིན་མིན་ལ་བསམ་གཞིག་བཏང་། དེའི་ཕྱིར། ཧ་ཅང་ཞིབ་ཚགས་ཀྱིས་བསམ་གཞིག་བཏང་རྗེས་སུ། ང་ནི་ང་ལ་བདག་པ་དང་། ང་ནི་འཚོ་བའི་ཆེད་གསོན་པའི་མི་ཞིག་ཡིན་པར་ཤེས་རྟོགས་བྱུང་སྟེ། རིན་མེད་ཁ་ཟས་ལྟ་བུར་གང་འདོད་ཀྱིས་སྤྱོད་མི་རུང་བའི་སྒྲུབ་ངག(གཏན་ཚིགས་ཀྱི་སྦྱོ་བ་འགོད་པའི་ངག་དང་སྒྲུབ་བྱེད)བཀོད། སྒྲུབ་ངག་འདི་ནི་ངེས་པར་དུ་མཁོ་བའི་བདེན་པ་ཞིག་ཡིན་སྟབས། རང་མོས་ལ་བསླུ་བྲིད་ཐེབས་ཀྱང་། ག་དུས་ཡིན་ཡང་རང་ཉིད་ཀྱི་སེམས་སུ་ཉར་ནས་ཡོད།”(AT VII 25;CSM II 16-17ཞེས་པ་ལས་བསྒྱུར།) དེ་ཡང་ཁོང་གིས“ཚད་བཀག་ཅན་གྱི་ཐག་གཅོད་གཏུམ་པོ་དེ་ཡོད་པས་འཚོ་བའི་ཆེད་གསོན་པའི་སྐྱེས་བུ་སྒེར་གྱི་གཟུགས་པོ་ལ་བདེ་ཐང་ཅི་ཡང་མེད།……དེ་ལྟར་ན། མིའི་ཚེ་སྲོག་གསོན་པའི་སྐབས་སུ་རང་ཉིད་གྱི་མགོར་དཀྲིས་པའི་ལྕགས་ཁྲབ་དེ་ཡོངས་སུ་ཕུད་ཆེད། རྨོངས་གཉིད་ལས་སད་པར་བྱས་ཏེ་རང་ཉིད་འཚོལ་དགོས་ཚུལ་ནན་གྱིས་བསྟན…..” ཡོད།
   ཁོང་གིས་སྐྱེས་བུ་སྒེར་ཉིད་ངོས་ཟིན་དགོས་པ་དང་སྐྱེས་བུ་སྒེར་ཉིད་འཚོལ་དགོས་ཚུལ་སོགས་བརྗོད་པའི་གནད་གྱི་དོན་པོ་ནི། སྐྱེས་ཙམ་ནས་གྲུབ་པའི་སྐྱེས་བུ་སྒེར་གྱི་རང་མོས་དང་རང་རྟོན། རང་རྟོགས་བཅས་ཀྱི་རིན་ཐང་ལ་གཙི་ཐང་སྤྲོད་དགོས་ཚུལ་གསུངས་པས། “རིག་རྩལ་བསྐྱར་དར”སྐབས་ཀྱི་རིག་གནས་ལས་འགུལ་སྤེལ་མཁན་དག་ལ་ཤུགས་རྐྱེན་ཆེན་པོར་ཐེབས་མོད། མི་ཉིད་གཞི་རྐང་བྱ་དགོས་ཚུལ་བརྗོད་པའི་རིག་རྩལ་བསྐྱར་དར་སྐབས་ཀྱི་རིག་གནས་ལས་འགུལ་ཏེ། ལྷ་དང་གོང་མ། མི་གསུམ་དབར་གྱི་བསམ་བློ་འཐབ་རྩོད་ཅིག་རེད་པས། སྤྱི་ལྡོག་མི་ལས་རང་ལྡོག་སྒེར་ཉིད་ངོས་ཟིན་མེད་པ་དང་། སྐྱེས་བུ་སྒེར་གྱི་རང་མོས་གཙོ་རྒྱུགས་བྱེད་པའི་རིང་ལུགས་ཤིག་གྲུབ་ཐུབ་མེད། དེ་ཡང་མ་ཟད། “བློ་འབྱེད་དུས་རབས”སུ་ཡང་ཆོས་རྒྱུད་ཀྱི་གོམས་གཤིས་དང་། གཏུམ་སྤྱོད་ཀྱི་སྲིད་གཞུང་ལ་གཙོ་བོར་ཁ་གཏད་དེ་སྤྱི་ཚོགས་བཅོས་བསྒྱུར་དང་། སྲིད་ཁྲིམས་དྲང་སྙོམ། རིས་མེད་འདྲ་མཉམ། ཡོངས་ཁྱབ་རིན་ཐང་བཅས་གཙིག་ཏུ་བཀུར་ནས་མི་ཉུང་ཤོས་ཀྱིས་བདེན་པ་བརྩད་ཀྱང་། སྐྱེས་བུ་སྒེར་གྱི་རང་མོས་གཙོ་རྒྱུགས་སུ་གྱུར་ཐུབ་མི་འདུག་མོད། འོན་ཀྱང་། ཆབ་སྲིད་མཚན་ཉིད་རིག་པ( political philosophy)འི་སྐྱེས་བུ་ཆེན་པོ་མང་དག་ཅིག་སྟེ། དབྱིན་ཇིའི་ཆབ་སྲིད་མཚན་ཉིད་རིག་པ་བ་དང་དེང་རབས་ཀྱི“བསྟུན་མེད་ཚོགས་སྤྱི་སྨྲ་བའི”(Anarchism )རྩོད་སྒྲུབ་པ་བེལ་ལེམ་དགོད་སྦྲི་བིན (WilliamGodwin,1756-1836 )དང་། བསྟུན་མེད་ཚོགས་སྤྱི་སྨྲ་བ་མོ་ཨེམ་མ་དགོད་སྦྲི་མན( Emma Godman,1869-1940) ཨ་རིའི་སྲིད་འཛིན་ཁྲི་ཐོག་གསུམ་པ་ཐོ་མེ་སི(ThomasJefferson,1734-1826) རང་དབང་རིང་ལུགས་ཀྱི་ཡབ་ཆེན་འཇོན་ལ་ཁུ (John locke,1632-1704) དབྱིན་ཇིའི་མཚན་ཉིད་རིག་པ་བ་མིལ(John Stuart Mill,1806-1873 ) མཚན་ཉིད་རིག་པ་བ་བོན་མེས་སི ( Von Mises,1881-1973) ཨེས་ཏྲ་ལེའི་མི་སྒེར་རིང་ལུགས་བསྟུན་མེད་ཚོགས་སྤྱི་སྨྲ་བ་པ་རེན་མཛོ་ནོ་བེ་ཁྲོར( Renzo Novatore,1890-1922) ཧྥ་རན་སིའི་གཞི་གྲུབ་སྨྲ་བའི་མཚན་ཉིད་རིག་པ་བ(Existentialist philosopher) ཇེན་ཕོལ་སར་ཏྲེར(Jean-Paul Sartre) བཅས་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་གང་ཇི་སྙེད་ཅིག་གི་བསམ་གཞིག་གི་མྱངས་བཅུད་ལས་བྱུང་བའི་བརྩམས་ཆོས་མང་པོ་ཞིག་གིས་སྐྱེས་བུ་སྒེར་གྱི་རང་མོས་གཙིགས་ཆེན་དུ་གཟུང་དགོས་ཚུལ་དང་། དེ་ཉིད་སྤྱི་མོས་སྲིད་ཁྲིམས་དང་སྤྱི་དམངས་སྲིད་གཞུང་གིས་བླ་རུ་བཀུར་དགོས་པའི་དོན་གྱི་གནས་ལུགས་དང་བདེན་པ་ཞིབ་ཏུ་གསུངས་ཏེ། གླེང་ཆེན་པོ་འདིའི་ནུབ་ཀྱི་ཕྱོགས་སུ་སྐྱེས་བུ་ཆེན་པོ་ཁོང་ཅག་གི་ཤེས་རབ་ཀྱི་དཔལ་སྣང་གིས་ཁྱབ། ཤེས་རབ་ཀྱི་དཔལ་སྣང་དེས་གླེིང་ཆེན་པོ་འདིའི་སྟོང་ཁམས་སུ་བློ་འབྱེད་ཀྱི་དཀར་ཁུང་ཆེན་པོ་ཞིག་ཕྱེས་པར་བརྟེན། སྐྱེས་བུ་སྒེར་གྱི་འདོད་མོས་ནི་སྒྲ་རྟོག་གིས་བཞག་ཙམ་མ་ཡིན་པར་སྐྱེས་བུ་སྒེར་གྱི་ཐུན་མོང་མ་ཡིན་པའི་གཤིས་ལུགས་ཀྱི་ངོས་ནས་གྲུབ་ཡོད་པར་གཞི་ནས་ངོ་འཕྲོད་ཅིང་རྒྱུས་ལོན་པར་གྱུར།
   སྐྱེས་བུ་སྒེར་ནི་རང་གི་ཐུན་མིན་གྱི་གཤིས་ལུགས་ལས་གྲུབ་པ་དང་། ཚོགས་པ་ནི་མཉམ་འདུས་དང་མཉམ་གནས་བྱེད་པའི་ཐུན་མོང་གི་རྩ་འཛུགས་ལས་ལས་གྲུབ་པས། དེ་གཉིས་ངོ་བོ་དབྱེ་མེད་ཅིག་ལར་ནས་མིན། གལ་ཏེ་སྐྱེས་བུ་སྒེར་བ་ཞིག་གིས་ཚོགས་པ་ག་གེ་མོ་ཞིག་ཏུ་ལས་ཀ་གཉེར་བའི་ཚེ། རང་མོས་ཀྱིས་ཚོགས་པར་འཇུག་དགོས་པ་དང་ཚོགས་པ་དེས་སྐྱེས་བུ་སྒེར་གྱི་ཐོབ་ཐང (individual Right)རྡོག་རལ་དུ་མི་གཏོང་ཕྱིར། སྐྱེས་བུ་སྒེར་དང་ཚོགས་པ་དེ་གཉིས་ཀྱི་བར་དུ་གན་ཆིངས་འཇོག་དགོས་ལ། གན་ཆིངས་ལྟར་ཚོགས་པས་སྐྱེས་བུ་སྒེར་ལ་བདག་པའི་རྒྱུ་ནོར་གྱི་ཐོབ་ཐང་དང་། གཏམ་བརྗོད་ཀྱི་ཐོབ་ཐང་། འགྲོ་བསྐྱོད་ཀྱི་ཐོང་ཐང་སྟེ། སྐྱེས་བུ་སྒེར་ལ་རང་ཆས་སུ་གྲུབ་པའི་གཞི་རྩའི་ཐོབ་ཐང་བཅས་ལ་གཙི་འཇོག་བླ་མེད་བྱེད་དགོས། དེ་ལྟའི་གན་ཆིངས་དེ་ནི་ད་ལྟར་ཡོངས་སུ་གྲག་པའི་རྩ་ཁྲིམས(constitution)ཞེས་པ་དེ་རེད། གང་ཞིག་ཁྲིམས་སྲིད་རྒྱལ་ཁབ་ཡིན་ཚེ། རྒྱལ་ཁབ་དེ་ན་སྐྱེས་བུ་སྒེར་གཞི་རྐང་ཡིན་པའི་སྤྱི་དམངས་ཀྱི་སྣང་ངོར་འཇིགས་སྐྲག་གི་འཚོ་བ་ཞིག་གཞར་ཡང་འཆར་མི་སྲིད་དོ། རྒྱུ་མཚན་ནི། ཁྲིམས་སྲིད་རྒྱལ་ཁབ་ཀྱིས་སྐྱེས་བུ་སྒེར་རེ་རེ་ལ་འགན་སྲུང་བྱེད་དགོས་པ་དང་། ནམ་ཞར་ཡང་སྐྱེས་བུ་སྒེར་གྱི་འཇིགས་ཉེན་ཐད་ལ་རྣ་བ་གྲུང་པོར་གཏད་ཡོད་པས་སོ།།
   ཆབ་སྲིད་མཚན་ཉིད་རིག་པའི་མཁས་པ་མང་པོ་ཞིག་གིས་སྐྱེས་བུ་སྒེར་ཉིད་གཙོ་དམིགས་སུ་གཟུང་དགོས་ཚུལ་གྱི་ལྟ་བ་བསྒྲགས། དཔེ་དེབ་བརྩམས། བགྲོ་གླེང་མཛད། དེ་ལྟར་ཡུན་ནས་ཡུན་དུ་ཕྱིན་རྗེས། གླེང་ཆེན་པོའི་འདིའི་སྟེང་དུ་གོང་དུ་བཤད་པའི་ལྟ་ཚུལ་དེ་དག་སྲོག་སྙིང་ཡིན་པའི་མི་སྒེར་རིང་ལུགས(individualism) ཞེས་པ་ཞིག་གྲུབ། མི་སྒེར་རིང་ལུགས་ཞེས་པ་ནི་ཆབ་སྲིད་མཚན་ཉིད་རིག་པའི་བསམ་བློའི་རྣམ་པ་ཞིག་སྟེ། སྐྱེས་བུ་སྒེར་ལ་རང་ཆས་སུ་གྲུབ་པའི་རང་དབང་དང་། བདག་དབང་། ཐོབ་ཐང་བཅས་ལ་གཅེས་སྲུང་བྱེད་པའི་རིག་པ་ཞིག་རེད། རིག་པ་འདིའི་མཚན་མཚོན་གཞི་གསུམ་ནི། དང་པོ། རང་མོས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རང་ཐག་རང་གཅོད་ཀྱི་བསམ་བློའི་གདམ་ཀ གཉིས་པ། བསམ་བློའི་རང་དབང་། གསུམ་པ། ཡངས་པའི་ཐང་ཆེན་དུ་གང་མོས་སུ་རྒྱུགས་འདོད་པའི་སེམས་པ་ལྟ་བུ། སྐབས་འདིར་རྩོད་གཞི་ཆོས་ཅན་དུ་སོང་བའི་མི་སྒེ་རིང་ལུགས་ནི་སྤྱི་ལོ1830 ལོ་ནས་གཞི་གྲུབ་པ་ཞིག་རེད་འདུག དབྱིན་ཇིའི་སྤྱི་ཚོགས་རིང་ལུགས་གསར་འཛུགས་པ་སྐུ་ཞབས་རོ་བྷེ་ཏྲི་ཨོ་བེན (Robert Owen)ལགས་ཀྱིས་སྤྱི་ཚོགས་རིང་ལུགས་ཐད་ཀྱི་ལྗགས་རྩོམ་མོད་པོ་མཛད་པས་ཁོང་ལ་སྤྱི་ཚོགས་རིང་ལུགས་པ་ཞེས་པའི་གདན་ཐོབ་གནང་ཡོད་ཀྱང་། ཁོང་གི་སྐུ་ཚེའི་སྨད་དུ་རྒྱུ་དངོས་གཞིས་གསུམ་གྱི་བདག་དབང (property, ལ་ཤས་ཀྱིས་ཁར་དབང་ཡང་ཟེར) སྤྱི་ལ་བསྡུས་པའི་ལྟ་ཚུལ་རྒྱང་དུ་དོར་ནས། མི་ནི་རང་དབང་བ་ཞིག་ཡིན་པས་མི་སུ་ཞིག་ཡིན་རུང་ཁོའི་རྒྱུ་དངོས་གཞིས་གསུམ་ཁོ་རང་ཉིད་ཀྱིས་རང་དབང་གི་ལམ་ནས་ཚོད་འཛིན་དང་དབང་བསྒྱུར་བྱེད་རུང་བ་དང་། དེི་ནི་འགྲོ་བ་མིའི་རིགས་ཀྱི་ཉམས་ལེན་དང་བསམ་བློའི་གསར་བརྗེ་ཞིག་ཡིན་པར་མཐའ་བསྡོམས་མཛད། སྐབས་འདིར་བཤད་དགོས་ངེས་ཤིག་ནི། སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་ན། མི་སྒེར་རིང་ལུགས་ཀྱི་ལྟ་གྲུབ་བརྗོད་མི་རུང་བའི་མ་ཁྱབ་སྟེ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ཡིན་ན། དབུ་མ་བའི་ལྟ་གྲུབ་བརྗོད་མི་རུང་བའི་མ་ཁྱབ་པ་དེས་ཤེས་པར་གྱིས།
   སྤྱི་ལོ1847 ལོར་སྐུ་ཞབས་བེལ་ལམ་མེ་ཁོལ( William Maccall)ལགས་ཀྱིས༼མི་སྒེར་རིང་ལུགས་ཀྱི་རྩ་སྒྲོམ༽ ( Elements of Individualism) དཔར་སྐྲུན་མཛད་པ་དང་། སྤྱི་ལོ1859 ལོར་དབྱིན་ཇིའི་མཚན་ཉིད་རིག་པ་བ་མིལ(John Stuart Mill) ལགས་ཀྱིས་༼རང་དབང་རྣམ་བཤད༽ (On Liberty) དཔར་སྐྲུན་བགྱིས་པ་བཅས་ཀྱིས་མི་སྒེར་རིང་ལུགས་ཀྱི་རྩ་བ་རྒྱས་ཤིང་རྩེ་མོ་འབུས་ནས་འོངས་པ་དང་། ས་སྒང་རིལ་བོ་འདིའི་སྟེང་གི་སྐྱེས་བོ་ཡོད་དོ་ཅོག་ནི་མངོན་ཤུགས་གང་རུང་ནས་རང་ཉིད་རང་དབང་གིས་འཚོ་བར་དགའ་མོས་ཆེན་པོ་ཡོད་པས། མི་སྒེར་རིང་ལུགས་ནི་རང་དབང་རིང་ལུགས (liberalism) ཀྱི་རྩ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཐུབ་པ་རེད། དེ་ལྟ་ནའང་། མིའི་ཧམ་པ་དང་སྲེད་པ་ལ་མཐའ་མེད་པས་མིའི་སྤྱི་ཚོགས་སུ་རང་དབང་དང་གཞན་དབང་ཞེས་པའི་རྩོད་གླེང་བྱུང་། རང་དབང་ཁྲོམ་སྨྲ་བ་དང་དཔལ་འབྱོར་རིག་པའི་མཁས་པ་བོན་མེས་སི( Von Mises)ལགས་ཀྱིས“སའི་གོ་ལ་གྲུབ་པའི་སྐད་ཅིག་གཉིས་པ་ནས་བཟུང་འགྲོ་བ་མིའི་རིགས་མཐའ་གཉིས་སུ་གྱེས་པ་དང་། དེར་མཐུན་གྱི་རིང་ལུགས་ཆེན་པོ་གཉིས་བྱུང་བ་སྟེ། མི་སྒེར་རིང་ལུགས་སམ། ཡང་ན། རང་དོན་རིང་ལུགས། ཡང་ན། མི་ངོ་སོ་སོ་བའི་འདོད་མོས་དང་། individualism (or egoism, or personal interest) དམར་པོའི་རིང་ལུགས་སམ། ཡང་ན། མཐུན་ཚོགས། ཡང་ན། སྤྱི་ཡོངས་ཀྱི་འདོད་མོས། ཡང་ན། མི་མང་གི་འདོད་མོས། Communism( or association, or the general interest, or the public interest)”ཞེས་ལམ་ལུགས་གཉིས་སུ་དགར་འདུག་པས་དངོས་གནས་བདེན་པ་ཉིད་དུ་མཐོང་། ཅུང་ཁ་གསལ་བོའི་སྒོ་ནས་ལབ་ན། རིང་ལུགས་ཆེན་པོ་དེ་གཉིས་ནི། མི་སྒེར་རིང་ལུགས (Individualism) ཐུན་མོང་རིང་ལུགས (collectivism) གཉིས་རེད། ཐུན་མོང་རིང་ལུགས་ཀྱིས་སྐྱེས་བུ་སྒེར་གྱི་རང་དབང་ལ་ཚོད་འཛིན་བྱེད་ཀྱིན་ཡོད་པས། མི་སྒེར་རིང་ལུགས་ནི་ཐུན་མོང་རིང་ལུགས་ཀྱི་ལྡོག་ཟླར་ལངས་ཡོད། དེའི་ཕྱིར་ན། མི་སྒེར་རིང་ལུགས་ཀྱིས་ནམ་ཞར་ཡང་རང་དབང་རིང་ལུགས་ཀྱི་མ་མཐའི་ཚད་གཞི་སྲུང་འཛིན་བྱས་ཏེ། ཁྲིམས་སྲིད་རྒྱལ་ཁབ་དེའི་གདོང་འདེགས་ཀྱི་ཀ་བ་ལྟ་བུའི་དོན་ནུས་ཆེན་པོ་བསྐྲུན་ཡོད་པ་རེད། དེ་དང་དེའི་ཕྱིར་ན། ང་དང་ང་ལྟ་བུ་གནས་སའི་ཁོར་ཡུག་ཏུ་མི་སྒེར་རིང་ལུགས་ཀྱི་ལྟ་གྲུབ་མཁོ་ཆེ་ཞིང་། དེ་ལ་ཡིད་འཇོག་གནང་སྟེ་ཉམས་ལེན་གྱི་སྦྱོར་བར་གཟུང་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་བར་མཐོང་།
   དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་བརྡ་དོན་དེ་བོད་ཀྱི་མཚན་ཉིད་རིག་པའི་བརྡ་སྐད་རང་བཞིན་གནས་རིགས་ཀྱི་སྐད་དོད་ཡིན་པར་ཨུ་ཚུགས་ཡེ་ནས་བྱེད་མི་རུང་ལ། ཐ་སྙད་ཀྱི་སྤུ་རིས་འབྱེད་པར་གཙོ་གལ་ཆེ། སྐབས་འདིར་གླེང་གིན་པའི་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཀྱི་དོན་ནི་གོང་དུ་བཤད་པའི་རང་མོས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རང་ཐག་རང་གཅོད་ཀྱི་བསམ་བློའི་གདམ་ཀ་ཞིག་ཡིན་སྟབས། ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པའི་སེམས་ཀྱི་ཆོས་ཉིད་ཅིག་ཡེ་ནས་མ་རེད་པས། རྡོ་ཆག་བཙན་སྒྲིག་བྱས་ན་འོས་ཤིང་འཚམས་པ་ཞིག་མ་ཡིན། སྤྱིར་བོད་ཀྱི་ནང་བསྟན་མཚན་ཉིད་རིག་པ་ནུབ་ཏུ་དར་ནས་ལོ་མང་ཕྱིན་ཡོད་པ་དང་། སྒོེས་སུ་ནང་བསྟན་མཚན་ཉིད་རིག་པའི་རུས་རྐང་དང་ཟུངས་ཁྲག་བཅས་ཕྱི་ཡིག་ཏུ་དཔྱིས་ཕྱིན་པར་བསྒྱུར་ནས་ཕྱི་ཡིག་གི་གཞུང་ལུགས་ཤིག་ཏུ་གྱུར་ཡོད་པ་རེད། འགྱུར་ཆོས་དེ་དག་གི་ནང་དུ་རང་བཞིན་གནས་རིགས་ཞེས་པ་དབྱིན་ཡིག་གི(Individualism) ཞེས་པར་བསྒྱུར་མི་འདུག དབྱིན་ཡིག་གི་ནང་དུ་རང་བཞིན་གནས་རིགས་ཀྱི་སྐད་དོད་ཏག་ཏག་ཅིག་ཡོད་པ་དང་། རང་བཞིན་གནས་རིགས་ཀྱི་བརྡ་དོན་དབྱིན་ཡིག་གི་སྐད་དོད་དེ་དང་ངོ་བོ་དབྱེར་མེད་ཡིན་པ་རེད། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་ཅིང་། བོད་དབྱིན་སྐད་གཉིས་ལ་ནང་བྱན་ཆུད་པའི་མཁས་དབང་ཚེ་དཔག་རིག་འཛིན་ལགས་ཀྱིས་རྩོམ་སྒྲིག་གནང་པའི༼ ནང་དོན་རིག་པའི་མིང་ཚིག་བོད་དབྱིན་ཤན་སྦྱར༽ཞེས་པའི་ཤོག་ངོས་༢༥༦སྟེང་། རང་བཞིན་གནས་རིགས+Naturally abiding lineage ཞེས་པར་བསྒྱུར་འདུག གཞན་དག་ཚིག་མཛོད་དུ་ཡང་དེ་བཞིན་བསྒྱུར་འདུག་པས་ཡོངས་སུ་རྒྱན་འབྱམས་སུ་སོང་ཡོད། དེ་ཡང་འགྲིག་པ་དང་འོས་པ་ཞིག་ཡིན་པས་བོད་དབྱིན་ལོ་ཙཱ་བ་དག་གིས་དེ་ལྟར་བསྒྱུར་ཡོད་པ་ལོས་ཡིན། དེའི་ཕྱིར་ན། རྒྱ་མཚོ་འཁྲིས་ནས་བཞག་སྟེ། གོར་གྱོང་མཆི་མས་སྦང་དོན་མེད། འདིའི་ཐད་ནས་མང་པོ་ཞིག་བཤད་དགོས་དོན་མེད། བྱིས་པའི་ཚུལ་བབས་ལས་ཐར་མེད་པ་མིན་ཕྱིན། བརྡ་སྤྲད་པ་ཙམ་གྱིས་ཡོངས་སུ་གོ་ཐུབ། མཁས་པ་ཞིག་ལ་དེ་བས་ཀྱང་ངོ།།
   སྤྱིར་སེམས་ཅན་གྱི་རྒྱུད་ལ་ཡོན་ཏན་སྐྱེར་རུང་དང་། སྒྲིབ་པ་སྤང་རུང་བའི་རྒྱུ་ཙམ་ཞིག་ལ་རིགས་སུ་འཇོག་པར་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཞིང་། སྤང་དུ་རུང་བ་ཡང་དྲི་མ་གློ་བུར་བར་སོང་བས་ཡིན་ལ། གློ་བུར་བའི་དོན་ལ་མི་མཐུན་ཏེ། དབུ་མ་བ་རྣམས་ཀྱིས་དྲི་མ་ཞེས་པ་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི་དོན་ལ་རྫས་སུ་མ་གྲུབ་པའི་སྟོང་ཉིད་ཡིན་པས་གློ་བུར་བར་འཇོག་གོ།། སེམས་ཙམ་པ་རྣམས་ཀྱིས་དྲི་མ་ཞེས་པ་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས། རྫས་སུ་བདེན་ཡང་ཕུང་པོའི་གནས་ལུགས་ལས་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་དེའི་རྒྱུ་དེ་ཡུལ་སུན་ཕྱུང་བའི་སྒོ་ནས་བཟློག་པར་ནུས་ལ། དེ་ལོག་པ་ན་འབྲས་བུར་གྱུར་པའི་ཆགས་སོགས་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བའི་ཕྱིར་འབྲལ་རུང་ཡིན་པས་གློ་བུར་བར་འདོད་དོ།། དེས་ན་དབུ་མ་པ་ནི་སེམས་ཀྱི་རང་བཞིན་གཤིས་ལ་ཅི་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན། ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཇའ་དག་ཞི་བར་འགྱུར་ཞིང་། སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས། སེམས་ཀྱི་རང་བཞིན་དེ་ཉིད་ལ་ཀུན་རྫོབ་ཀྱི་ངོས་ནས་སྒྲོ་བཏགས་ཏེ་འདི་ནི་རང་བཞིན་དུ་གནས་པའི་རིགས་སོ་ཞེས་འཇོག སེམས་པ་ཙམ་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་གཤིས་ལ་རང་གི་ངོ་བོས་དུས་ཐམས་ཅད་དུ་གྲུབ་ཅིང་དྲི་མ་དེ་དག་དེ་ལ་གཉེན་པོས་འབྲལ་རུང་ལ། ཅི་ཙམ་བྲལ་བ་དེ་ཙམ་དུ་ཡོན་ཏན་མཐའ་དག་སྐྱེད་པར་འགྱུར་བས་དེ་གཉིས་ཀྱི་གཞི་བྱེད་པས་ཆོས་ཉིད་རིགས་སུ་འདོད། སྔ་མ་རྒྱན་གྱི་དགོངས་པའི་འགྲེལ་ཚུལ་ཡིན་པ་དང་། ཕྱི་མ་རྒྱུད་བླ་མའི་བཤད་ཚོད་དུ་མཐོང་ངོ།།
  ༼ངེད་ཀྱི་ཀློག་པོ་དག་ལ་ཞུ་རྒྱུར། མི་སྒེར་རིང་ལུགས་ངོས་ནས་མུ་མཐུད་ནས་བྲིས་རྩོམ་ཡོང་ངེས་ཡིན་ལ། རང་བཞིན་གནས་རིགས་ཐད་ནས་ཁྱེད་ཅག་ཕལ་མོ་ཆེས་གོ་དཀའ་བ་དང་སྐབས་དོན་དུ་མ་སོང་བས་རྗེས་སོར་གོ་དཀའ་བའི་དོན་གྱི་བརྗོད་པ་འདི་ལྟ་བུ་ཕལ་ཆེར་འོང་མི་སྲིད། འདི་ནི་འུ་ཚོས་ངེས་པར་དུ་ཡིད་འཇོག་བྱེད་དགོས་པ་ཞིག་ཏུ་གྱུར་མེད་མོད། དགོས་དབང་གིས་འདི་ལྟ་བུ་ཞིག་བཤད་དགོས་བྱུང་། རེད་མོད་ཀྱང་། ཁྱེད་ཅག་གིས་དབྱིན་ཡིག་གི་མི་སྒེར་རིང་ལུགས་དང་བོད་ཡིག་གི་རང་བཞིན་གནས་རིགས་གཉིས་ཀྱི་བར་ཐག་ཅི་ཙམ་རིང་མིན་ཧ་གོ་ཐུབ་པའི་རེ་བ་ཡོད། ལོ་ཙཱའི་ཞོར་དུ་བྲིས་རྩོམ་འདི་འདྲ་བྲིས་པས་ཕྱོགས་གང་ཅིའི་ཐད་ནས་ཞན་ཆ་ཡོད་ངེས་ཡིན་པས། དགག་སྒྲུབ་ཀྱི་མདའ་མོ་ཅི་ཙམ་འཕངས་ཀྱང་། དཀྱེལ་ཡངས་བྱ་ངེས་ཡིན་ནོ།། ༽
 

རྩོམ་ཁུངས། རང་གྲོལ་སྨྱུག་གསར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།