དགུ་རོང་སྤུན་གྲོལ་ལ་ལན་དུ་སྤྲིངས་པ་ཕྱུགས་རྫིའི་གླུ་དབྱངས་ཞེས་བྱ་བ།

   ཕྲན་གྱིས་བྲིས་བའི་དེང་རབས་བོད་ཀྱི་རྩོམ་རིགས་ལ་དཔྱད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས་ཟེར་བ་འདི་ནི། ད་ལོའི་ཧོར་ཟླ་གསུམ་པའི་ནང་ལྷ་སར་གནས་མཇལ་གྱི་སྐབས་སུ། གང་ཅིའི་ཐད་ནས་སེམས་བདེ་བོ་མི་འདུག་པས།སྐབས་འགར་སེམས་གཡེང་བའི་ཆེད་དུ་སྔོན་གྱི་ཐོ་ཡིག་འགའ་ཡོད་པ་དེ་དག་ལེགས་སྒྲིག་དང། འགྱུར་བ་ཅུང་ཙམ་བཏང་ནས་བྲིས་པ་ཞིག་ཡིན། ཡིན་ནའང་འདི་སྐོར་གྱི་རྩོད་པ་དངོས་གཞིའི་མདོར་ཙམ་ཞིག་ཕྱི་རྒྱལ་གྱི་བོད་ཀྱི་དྲ་ཚིགས་ཁ་བརྡ་སྟེང་དུ་བརྒྱབ་ཟིན་པ་རེད། ལར་དོན་མེད་པའི་བསྟན་བཅོས་དེའི་ནང་དུ་བཤད་ཡོད་པ་བཞིན། བོད་ཀྱི་གསར་བརྗེ་བ་དག་གིས་དང་པོར་རིག་གཞུང་ལ་འགན་ཁུར་དང།  གནས་ལུགས་ཅི་ཡང་མེད་པར།   དོན་མེད་པར་སྐད་འབོད་དང་།  ཚིག་སྟོང་ས་སྟེང་མི་ཤོང་བ་འགའ་རེ་བསྒྲགས་ཅི་ཐུབ་བྱས་ཞིང་། དེ་ནས་མི་གཞན་གྱི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ལ་ཁོ་ཚོས་བཤད་པ་ལྟར་ལན་བཏབ་ཡོད་དུས།  ཡང་སྒྲུབ་བྱེད་དང། རིགས་པ་སོགས་ཅི་ཡང་མེད་པར་ཚིག་ལོག་འཕེན་པའམ། ཡང་ན་མ་ཤེས་ཁུལ་དང་། མ་གོ་ཁུལ་བྱེད་ནས་སྡོད་པ་གསལ་གསལ་ཡོད་པ་དེ་ལྟར་རེད། སྤྱིར་བཏང་ཨུ་ཚུགས་ཆེ་བ་དང་འགན་ཁུར་མེད་པའི་སྐབས་འཚོལ་བ་དེ་ཚོ་ནི་རིག་པ་སྨྲ་བ་རྣམས་ཀྱི་བསྔགས་ཡུལ་དང་འཇུག་ཡུལ་རྩ་བ་ཉིད་ནས་མ་ཡིན།  ཡིན་ནའང་འདིར་དགུ་རོང་སྤུན་གྲོལ་ཟེར་བ་ཞིག་གིས་༼མི་སྒེར་རིང་ལུགས་ངོས་ནས་བོང་རྫི་ལ་བློ་སྒོ་འབྱེད་པ༽ཟེར་བ་ཞིག་བྲིས་ཏེ། དྲ་རྒྱ་ཁ་ཤས་སུ་བཀོད་ནས། ཕྲན་གྱིས་དབྱིན་ཇིའི་Individualism ཟེར་བའི་བོད་ཀྱི་ཡི་གེའི་སྐད་དོད་དུ་“མིའི་རང་བཞིན་གནས་རིགས”ཞེས་བཏགས་པ་ལ་གཏན་ནས་མ་འཐད་བར།    འདི་ལྟར་“ཁོང་གིས་དབྱིན་ཡིག་གི་མི་སྒེར་རིང་ལུགས་ཞེས་པའི་བརྡ་དོན་དེ་མིའི་རང་བཞིན་གནས་རིགས་ཀྱི་ལྟ་བར་ལོག་བསྒྱུར་བྱས་ཡོད་སྟབས། མི་སྒེར་རིང་ལུགས་ངོས་ནས་བོང་རྫི་ལ་བློ་སྒོ་ཞིག་འབྱེད་དགོས་པར་མཐོང་།”ཞེས་རང་བཞིན་གནས་རིགས་ཟེར་བ་ལོག་བསྒྱུར་ཡིན་ཚུལ་དང་། ལོ་གཉིས་ཙམ་མ་གཏོགས་དབྱིན་ཇི་སྤྱངས་མ་མྱོང་བའི་དགུ་རོང་སྤུན་གྲོལ་གྱིས་སྐད་དོད་དེ་ལ་མི་འཐད་པའི་སྒྲུབ་བྱེད་དང་བཅས།  ཕྲན་གྱི་བློ་སྒོ་ཁབ་ཀྱི་བུ་ག་ལྟ་བུའི་སྒོ་འབྱེད་རྒྱུ་ཡིན་ཞེས་འབྲི་རྒྱུ་ཡིན་པའི་ཚུལ་དུ།  ད་དུང་རྩོམ་དང་འབྲེལ་མེད་ཀྱི་བོང་རྫི་ངོ་མ་སུ་ཡིན་དང། དོན་མེད་དུ་དགེ་ཆོས་དང།  དོན་གྲུབ་རྒྱལ་སོགས་ལ་བསྟོད་ཁུལ་གྱིས་རྩོམ་ཉོག་ཅིག་བྲིས་འདུག། སྤྱིར་བཏང་དགུ་རོང་སྤུན་གྲོལ་གྱིས་བྲིས་བ་འདི་ལ་བརྗོད་བྱའི་གནད་ཆུང་ཞིང་། དག་ཡིག་གསར་བསྒྲིགས་དང་དག་ཡིག་མ་ནོར་ལམ་བཟང་གཉིས་ལག་ཏུ་བཟུང་ནས་རྟེན་འབྱུང་གི་ལྟ་བ་སོགས་ལ་དཔྱོད་པ་དང་འདྲ་བར། མཁས་བའི་ཡིད་འཕྲོག་པ་ཞིག་རྩ་བ་ཉིད་ནས་མ་ཡིན་ནའང། འདི་མུར་བཞག་ན་རྩོམ་པ་པོ་ཉིད་ལ་བརྩི་མཐོང་མ་བྱེད་པ་ལྟ་བུ་ཞིག་དང། ལྷག་པར་ཏུ་རང་གིས་གང་བཤད་ལ་འགན་མ་ཁུར་བ་འདྲ་ཞིག་ཏུ་མཐོང་བས།  རྫི་བོ་ལྟ་བུ་སེམས་བསྐྱེད་ཅིག་གིས་སྣེ་དྲངས་ཏེ་གཏམ་འདི་གླེང་བར་བྱ་བའོ། །
  རྩོམ་ཐུང་འདི་ལ་ས་བཅད་གསུམ་ལ་དབྱེ་སྟེ། དང་པོར། ནང་པའི་ལུགས་ཀྱི་རང་བཞིན་གནས་རིགས་ཀྱི་མཚན་ཉིད་དང་མཚོན་བྱ་སོགས་ཅུང་ཟད་བཤད་པར་བྱ་ཞིང་། དེ་ཡང་སྤྱི་དོན་ཙམ་དང་སྒྲས་བརྗོད་རིགས་གཙོ་བོ་བྱས་ནས་བཤད་ཡོད། གཉིས་པ། ནུབ་ཀྱི་ལྟ་གྲུབ་གྱི་རང་བཞིན་གནས་རིགས་མདོར་ཙམ་བརྗོད་འདོད་ཅིང་།  དེ་ཡང་སྤྱི་བཤད་ཙམ་ལས་ལུགས་རེ་རེའི་གྲུབ་མཐའ་འདོད་ཚུལ་སོགས་རྩལ་དུ་བཏོན་ནས་བཤད་མེད།   གསུམ་པ། སྒྲ་ཡངས་མཇུག་གི་དབང་དུ་བྱས་ནས་རང་བཞིན་གནས་རིགས་ཀྱི་སྐད་དོད་དེ་ Individualism ལ་འཇུག་ཚུལ་བཤད་པ་བཅས་སོ།  དང་པོ་ནང་པའི་ལུགས་ལ།  མདོ་ལས།བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ།ཅེས་དང་།རྒྱུད་བླ་མ་ལས།དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།།རིགས་ཡོད་ཕྱིར་ན་ལུས་ཅན་ཀུན།།རྟག་ཏུ་སངས་རྒྱས་སྙིང་པོ་ཅན།།།ཞེས་པ་ལྟར། སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་གི་རྟེན་ཆོས་སུ་གྱུར་པའི་དྲི་མ་དང་བཅས་པའི་ཆོས་ཉིད་གང་ཞིག་ངོ་བོ་ཉིད་སྐུར་འགྱུར་ཏུ་རུང་བ་ཞིག་ཡོད་ཅིང།   དེ་ནི་གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་ལས།  གཞན་དུ་འཕོ་བ་དང། དབང་ཕྱུག་གིས་བྱེད་པ་སོགས་མེད་པར་སེམས་ཅན་སོ་སོའི་རྒྱུད་ལ་རང་ཆས་སུ་ཡོད་པ་ཞིག་ལ་ཟེར། མདོ་ལུང་དེ་ལས་འཕྲོས་ཏེ་མཁས་པ་རྣམས་ཀྱིས་རང་རང་གིས་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རང་བཞིན་གནས་རིགས་ཀྱི་མཚན་མཚོན་སྣ་ཚོགས་བཞག་ཡོད། དཔེར་ན་ཁ་ཅིག་གིས།     རང་བཞིན་གནས་རིགས་ཟེར་བ་དེ་ནི། དྲི་མ་དང་བཅས་བའི་སེམས་ཀྱི་ཆོས་ཉིད་གང་ཞིག། གནས་འགྱུར་མཐར་ཕྱིན་པའི་ཚེ་ན་ངོ་བ་ཉིད་སྐུར་འགྱུར་རུང་བ་ཞེས་དྲི་མ་ཅན་གྱི་སེམས་ཀྱི་ཆོས་ཉིད་དེ་ལ་མཐར་ཐུག་ན་ངོ་བོ་ཉིད་ཀྱི་སེམས་སུ་འགྱུར་རུང་བ་ཞིག་ཡོད་པ་དེ་ལ་ཟེར་ཅིང། ཁ་ཅིག་གིས་དེ་ནི་བྱང་ཆུབ་འགྱུར་རུང་གི་དགེ་བའི་རིགས་དང།   སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་རང་གི་རྟེན་ཆོས་སུ་གྱུར་པའི་དྲི་མ་དང་བཅས་པའི་ཆོས་ཉིད་གང་ཞིག་ངོ་བོ་ཉིད་སྐུར་འགྱུར་ཏུ་རུང་བ་དེ་རང་བཞིན་གནས་རིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་སྒྲུབ་པའི་རྟེན་ཏུ་གྱུར་པའི་རང་བཞིན་གནས་རིགས་དང། མ་གྱུར་པའི་རང་བཞིན་གནས་རིགས་གཉིས་ཡོད་ཅིང། དང་པོའི་མཚན་གཞི་ནི། ཉན་ཐོས་དང་། རང་རྒྱལ།   དེ་བཞིན་ཐེག་ཆེན་གྱི་རང་བཞིན་གནས་རིགས་ལྟ་བུ་དང། གཉིས་པ་ལ་ལམ་དུ་མ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་རང་བཞིན་གནས་རིགས་ལྟ་བུ་ཞེས་མཚན་ཉིད་དང་མཚན་གཞི་གཉིས་ཀ་བཞག་ཡོད། གདན་ས་ཁག་གི་ཡིག་ཆའི་ཚིག་ཟིན་མི་མཐུན་པ་མང་བས་དེ་ལྟ་བུའི་གཞུང་ལུགས་གཏིང་ཟབ་དེ་དག་ཕར་བཞག་ཏེ། སེམས་ཙམ་པ་སོགས་ཀྱིས་རིགས་ཆད་བཤད་པ་དེ་ཚོ་དང་མི་འདྲ་བར་མདོར་བསྡུས་ན་རང་བཞིན་གནས་རིགས་ཟེར་བ་འདི།  གང་ཟག་སོ་སོའི་རྒྱུད་དུ་གང་ཟག་གཞན་དང། དབང་ཕྱུག་སོགས་འཇིག་རྟེན་བྱེད་པོ་སོགས་གང་ལའང་མ་བརྟེན་པར་རང་གི་རྟེན་ཆོས་སུ་གྱུར་པའི་ཆོས་ཉིད་ཅིག་ཡིན་ཅིང།    དེ་ནི་སྒྲུབ་པའི་རྟེན་དུ་གྱུར་བ་དང་མ་གྱུར་པའི་རིགས་གཉིས་ཡོད་ཟེར་བ་དེ་ཡིན་པ་དང། དེང་སང་གི་སྐད་ཆ་ལྟར་བཤད་ན། དེ་ནི་གང་ཟག་སོ་སོ་ལ་དབང་ཞིང་། རྟེན་ཆོས་སུ་འགྱུར་རུང་བའི་ཆོས་ཉིད་གང་ཞིག་ངོ་བོ་ཉིད་སྐུར་འགྱུར་ཏུ་རུང་བ་ཞིག་རེད། དེ་ལྟ་བུའི་རྟེན་ཆོས་དེ་ལ་ས་བཅུ་ལམ་ལྔ་སོགས་རིམ་གྱིས་བགྲོད་ན་ཐར་བ་ཐོབ་པར་ངེས་ཞིང། ཐར་བ་དེ་ཡང་མདོ་ལས།ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།།འགྲོ་བའི་ སྡུག་བསྔལ་ཕྱག་གིས་མི་སེལ་ལ།།ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།།ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པས་སེམས་ཅན་གྱི་སྡིག་པ་རྣམས་རང་གིས་ཉམས་ལེན་སོགས་མ་བྱས་པར་སངས་རྒྱས་དང་བླ་མ་རྣམས་ཀྱིས་ཆུ་ཡིས་བཀྲུ་མི་ཐུབ་ཅིང་། དེ་བཞིན་འགྲོ་བའི་སྡུག་བསྔལ་སོགས་སངས་རྒྱས་ཀྱི་ཕྱག་གིས་ཀྱང་མི་སེལ་ལ། སངས་རྒྱས་ཀྱིས་ཆོས་ཉིད་ཀྱི་བདེན་པ་བསྟན་པ་ལས་གྲོལ་བར་བཤད་པས། གཙོ་བོར་གང་ཟག་རང་ལ་རག་ལས་སོ་ཞེས་བའི་དོན་རེད། སྤྱིར་བཏང་ཚིག་འདིས་ཞོགས་དུང་སོགས་ཀྱི་རྙིང་གཏོར་གྱི་ལྟ་བ་སོགས་རྡུལ་ཕྲན་སོགས་བརླག་ཟིན་པའང་ཞོར་ཏུ་ཤེས་བར་བྱའོ།། ནང་པས་འདོད་པའི་རང་བཞིན་གནས་རིགས་ཀྱི་ལྟ་བ་འདི་ནི། ཕྱི་རོལ་བའི་ལུགས་སྟེ་དབང་ཕྱུག་དང།    བྱེ་བྲག་པ། རིག་པ་ཅན། དེང་དུས་ཡེ་ཤུ་རུ་འབོད་པའི་དེ་དག་གི་གཞི་ལམ་འབྲས་གསུམ་དང་རྩ་བ་ཉིད་ནས་མི་འདྲ་སྟེ། དེ་རྣམས་ཀྱི་ལུགས་ལ།  སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་ཕྱུག་གམ།  ལྷའི་དཀོན་མཆོག་གི་བློ་སྔོན་དུ་བཏང་ནས་བྱས་བ་ཡིན་ཕྱིར། གང་ཟག་སོ་སོའི་རྒྱུད་དུ་རང་གི་རྟེན་ཆོས་སུ་གྱུར་པའི་ཆོས་ཉིད་ཅིག་མེད་པར་འདོད་པ་དང།  དབང་ཕྱུག་དང་དཀོན་མཆོག་ནི་ནམ་ཡང་རྟག་བརྟན་གྱི་འཇིག་རྟེན་བྱེད་པ་པོ་ཉིད་ཡིན་པས་།   མི་རྣམས་ཀྱིས་ཁོས་བཏོན་པའི་ས་དང།   ལམ་སོགས་སུ་བགྲོད་ན།  མཐར་འབྲས་བུ་ནི། ལྷ་ཡུལ་སོགས་ནས་སྐྱེ་བ་དང།   བདེ་བ་ཆེན་པོ་ཙམ་ཐོབ་པ་ལས། གང་ཟག་རང་ཉིད་ནི་དབང་ཕྱུག་སོགས་བྱེད་པ་པོ་ཉིད་དུ་འགྱུར་པ་ཁས་མི་ལེན། དེ་བས་ནང་པ་དང། ཕྱི་རོལ་པ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། འབྲས་བུའི་སྟེང་ནས་འཇོག་དགོས་ཞིང་། ནང་པའི་ལུགས་སུ་སོ་སྐྱེས་ཐ་མལ་བ་ཞིག་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུར་ཡོད་ཅིང་། ཕྱི་རོལ་པའི་ལུགས་ལ་སོ་སྐྱེས་ཐ་མལ་བ་ཞིག་ལ་དབང་ཕྱུག་གི་གོ་འཕང་འཐོབ་རྒྱུ་མེད།དེའི་ཕྱིར་ནུབ་ཀྱི་མཁས་པས་བོད་ཀྱི་ནང་བསྟན་ལ་ཞིབ་མཇུག་བྱེད་པ་དག་གིས་ནང་པའི་ལུགས་ལ་མིའི་སོ་སོའི་ལྷན་སྐྱེས་དང་སྦྱར་བྱུང་གི་ནུས་བ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུར་ཡོད་པར་ཁས་ལེན་འདུག་པས། མིའི་སོ་སོའི་ནུས་བ་གཙོ་བོར་འཛིན་པའི་ཆོས་ཀྱི་གྲུབ་མཐའ་ཞིག་རེད་ཅེས་ཤོད་བཞིན་པའི་རྒྱུ་མཚན་ཡང་དེ་རེད།
  ཕེ་རེཾ་ཀི་པའི་ལུགས་ལ། པཎ་ཆེན་དཔལ་ལྡན་ཉི་མས་ཕེ་རེཾ་ཀི་པའམ་ཡོ་རུ་བ། དེང་དུས་ཡོངས་ཁྱབ་དུ་ཡོ་རོབ་གླིང་ཞེས་འབོད་པའི་གླིང་ཆེན་དེ་ལ། ཐོག་མར་རང་བཞིན་གནས་རིགས་ཀྱི་གྲུབ་མཐའི་མགོ་ནི། རབ་བྱུང་བདུན་པ་ཙམ་ལ་བཙན་པོ་ནོ་མོན་ཧན་གྱིས་ཨེ་ཏཱ་ལི་ཡ་ཞེས་བཏགས་པ་དེང་དུས་ཀྱི་ཡི་ཏ་ལི་ཟེར་པའི་རྒྱལ་ཁམས་སུ་སྔོན་གྱི་གྷི་རིག་གི་གཞུང་ལུགས་ སོགས་ལ་སློབ་གཉེར་དང་ཞིབ་དཔྱོད་བྱས་པའི་སྲོལ་ལུགས་བསྐྱར་ཏུ་དར་བ་དང་།  དེ་དང་ཡོ་རོབ་པ་ས་གཞན་དུ་སོང་བ་སོགས་ལ་བརྟེན་ནས་འཇིག་རྟེན་གྱི་ཚུལ་ལུགས་སྣ་ཚོགས་བརྙེད། སྐབས་དེ་ལ་ཡེ་ཤུ་ཆོས་ཀྱི་གྲུབ་མཐའ་གཉིས་སུ་གྱེར་ནས། སྔོན་མའི་རོམ་གྱི་གྲུབ་མཐའི་ལུགས་དང། ཕྱི་མ་གྱེན་ལོག་པའི་ལུགས་སྟེ།   ལྷ་ཡུལ་ཏུ་ཆོས་ཀྱི་བླ་ཆེན་དང་ཆོས་ཁང་ལ་བརྟེན་ནས་ལྷའི་ཡུལ་དུ་འགྲོ་ཐུབ་ཟེར་བ་དང་། ལྷ་ཡུལ་དུ་འགྲོ་བ་ལ་བླ་ཆེན་དང་ཆོས་ཁང་སོགས་མེད་པར་ཐད་ཀར་སོ་སོའི་དད་པ་དང་ཡིད་ཆེས་དང། དཀོན་མཆོག་ལ་ཁ་འདོན་དང་།བཤགས་པ་དང་།བསྟེན་པ་སོགས་བྱེད་ན་འགྲོ་ཐུབ་ཟེར་པའི་གྲུབ་མཐའ་གསར་བ་གཉིས་བྱུང་།  དེ་གཉིས་སུ་གྱེས་ནས་དྲག་པོའི་གཡུལ་འགྱེད་པ་དང་།ཞི་བ་ཆོས་ཀྱི་རྩོད་པ་ཆད་མེད་བྱས་པས། མི་བུའི་དཔྱོད་ལྡན་ཁ་ཅིག་ཆོས་ཀྱི་རྩོད་གླེང་དང།  གཏན་ཚིགས་མེད་པའི་ཆོས་ཀྱི་གྲུབ་མཐའ་སྨྲ་བ་དེ་ཚོ་ལ་ཡིད་སུན་པར་གྱུར་ཏེ། རིགས་པ་དང་གཏན་ཚིགས་གཙོ་བོར་འཛིན་པ་དང།འཇིག་རྟེན་གྱི་རྣམ་བཞག་ཐམས་ཅད་ལ་ཚུལ་བཞིན་དུ་དཔྱད་པའི་ཚན་རིག་གི་གྲུབ་མཐའ་དར་བའི་མགོ་ཚུགས། དེ་དང་མཉམ་དུ་འཇིག་རྟེན་སྲིད་སྒྲུབ་ཀྱི་གྲུབ་མཐའ་ཡང་མང་པོ་དར། དེ་དག་གི་སྐབས་ནས་བཟུང།  མིའི་རང་བཞིན་ནམ་ཆོས་ཉིད་ག་འདྲ་ཞིག་ཡིན་པའི་རྩོད་པ་མང་པོ་བྱས།  མཐར་རང་བཞིན་གནས་རིགས་ཟེར་པའི་གྲུབ་མཐའི་ལྟ་བ་རྙེད། དེས་ནི་མི་ཟེར་བ་འདི་ཐོག་མ་ཉིད་ནས་སུས་ཀྱང་བཅིངས་བ་མེད་པར་རང་དབང་དང།  འདྲ་མཉམ་ཡིན་ཞིང། མིའི་ཆོས་ཉིད་འདི་ནི་སུས་ཀྱང་འཕྲོག་མི་ཐུབ་པ་དང།  ལེན་མི་ཐུབ་པ་ཞིག་ཡིན་ཞིང། དེ་ནི་ལྷན་སྐྱེས་ཉིད་ཡིན་པར་འདོད། ཁ་ཅིག་གིས་འདི་ལ་འགྲོ་བ་མིའི་ཐོང་ཐབ་ཞེས་བཏགས་ནས།   འདི་ནི་འཇིག་རྟེན་བྱེད་པ་པོ་ལྷའི་དཀོན་མཆོག་དང། དགོན་པ་དང།  གྲྭ་བ་དང།  དེ་བཞིན་རྒྱལ་བོ་དང། བློན་པོ་དང།   དམག་དཔུང་དང། ཚོགས་སྤྱི་དང། སྲིད་གཞུང་གིས་ཀྱང་བརྟེན་པ་མེད་པར་མི་སོ་སོའི་རང་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པར་བཤད། དེ་བས་འདོད་ཚུལ་འདི་ནི་ཡེ་ཤུའི་གྱེན་ལོག་པའི་གྲུབ་མཐའ་ལྟ་ཚུལ་ཡིན་པར་བཤད་མཁན་ཡང་ཡོད།  གང་ལྟར་དེང་དུས་ཡོ་རོབ་གྲུབ་མཐའ་སྨྲ་བའི་ལུགས་ལ། Individualismཟེར་དུས། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན། མི་སོ་སོའི་རང་རྒྱུད་ལ་མི་གཞན་དང།  ཚོགས་སྡེ་གང་གིས་ཀྱང་འཕྲོག་མི་ནུས་བའི་རང་བཞིན་དུ་གནས་པའི་རིགས་ཞིག་ཡོད་པ་དང།  དེ་ནི་འདྲ་མཉམ་ཉིད་དུ་ཡོད་ཅིང་། དེ་ལ་བརྟེན་ནས་མི་སོ་སོས་ཆོས་སྒྲུབ་པ་དང། སྲིད་སྒྲུབ་པ་སོགས་ཀྱི་རྟེན་ཆོས་སུ་གྱུར་ཡོད་ཅེས་བའི་འདོད་བཞིན་པ་འདི་རེད། ཨ་རིའི་རང་བཙན་དང་། རང་དབང་གི་ལྟ་བའང་གཙོ་བོ་བསམ་པའི་འཁྱེར་སྲོལ་འདི་ལྟ་བུ་ཞིག་ལ་བརྟེན་ནས་བྱུང་བ་ཡིན།   དེས་ན་དམངས་གཙོའི་རྣམ་བཞག་ཏུ་ཇི་ལྟར་བཞག་ཅེ་ན། མི་སོ་སོས་བྱེད་མ་ཐུབ་པ་ཞིག།  དུ་མ་མཉམ་དུ་འདུས་ནས་གྲུབ་པའི་འཇིག་རྟེན་སྲིད་སྒྲུབ་གྱི་རིགས་པ་དེ་ལ་ཟེར།   དེ་ལ་ཐུན་མོང་གྱི་ལས་ཀ་དང།   ལེགས་ཚོགས་ཞེས་ཡང་ཟེར།སྤྱིར་བཏང་། འདིར་བརྗོད་པར་བྱ་བ་ཤིན་ཏུ་མང་མོད། རེ་ཞིག་འདི་ཙམ་གྱིས་འཐུས་བར་བྱ།
   སྤྱིར་བཏང་ནུབ་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཁྲོད་དུ།   Individualismཟེར་བའི་གྲུབ་མཐའ་ནི་རྟ་མོག་གི་སྤུ་ལྟར་མང་ཞིང་།   གྲུབ་མཐའ་མི་འདྲ་བ་རེ་རེ་ལ་གཞི་ལམ་འབྲས་བུའི་སྐོར་གྱི་རྣམ་བཞག་སྣ་ཚོགས་ཡོད་པ་དང། དེ་རྣམས་རང་རང་གི་གྲུབ་མཐའ་བརྗོད་པའི་སྐབས་སུ་བཤད་བར་བྱ་རྒྱུ་ལས། འདི་བརྗོད་ཐབས་བྲལ་བ་ཞིག་རེད།   ཡིན་ནའང་འདོར་བསྡུས་ཙམ་ཞིག་བརྗོད་ན་སྟེ།  རྗོད་བྱེད་ཚིག་དང། མཚན་ཉིད་དང། མཚན་གཞི་བཅས་སོ། དང་པོ་དབྱིན་ཇིའི་ཐ་སྙད་Individualism་ནི་རབ་བྱུང་བཅུ་བཞི་བའི་ལྕགས་སྟག་ལོ་༼༡༨༣༠༽ལ།   མཁས་བ་རོ་བྷེ་ཏྲི་ཨོ་བེན Robert Owen(1771 – 1858)དང་དེའི་རྗེས་སུ་འཇུག་པ་དག་གིས་མི་སོ་སོའི་ལྷན་སྐྱེས་དང་སྦྱར་བྱུང་གི་ནུས་པ་དེ་ལ་དགག་རྒྱུ་ཆེད་དུ་བཟོས་བའི་ཐ་སྙད་ཅིག་ཡིན་ཞིང། ཐ་སྙད་ནང་དོན་གཙོ་བོ་ནི། མི་ཟེར་བ་ནི་འདུས་སྡེ་ལས་ཐ་དད་དུ་མེད་ཅིང། དེ་ནི་མིའི་སྤྱོད་པ་དང། རྣམ་འགྱུར། དེ་བཞིན་སེམས་ཀྱི་འཆར་ཚུལ་སོགས་དུ་མའི་ཆ་ཤས་ཞིག་ལ་ངོས་འཛིན་གྱིས། དེ་ལྟར་ཡོད་པའི་འདོད་པའི་གྲུབ་མཐའ་ལུགས་ལ་ Individualism་ཞེས་བཏགས་ནས་དགག་བཞག་མཛད་པ་ཞིག་རེད། དེ་བས་དགུ་རོང་སྤུན་གྲོལ་གྱིས་འདི་ལྟར་“སྔོན་གྱི་སྤྱི་ཚོགས་རིང་ལུགས་པ་རོ་བྷེ་ཏྲི་ཨོ་བེན་གྱིས་སྤྱི་མཐུན་དང་ཐུན་མོང་གི་ལྟ་ཚུལ་གཞིར་བཅོལ་བའི་སྤྱི་འགྲོས་ལ་ དགག་གཞག་སྤྲོས་ནས་ཚོགས་སྤྱི་དང་ཐུན་མོང་ལས་མི་ངོ་སོ་སོའམ་སྐྱེས་བུ་སྒེར་ གྱི་འདོད་མོས་གཙིགས་སུ་འཛིན་པའི་གྲུབ་མཐའ་ཞིག་གསར་གཏོད་མཛད་དེ། དེ་ནི་མི་སྒེར་རིང་ལུགས་སུ་གྲུབ།”ཞེས་བ་ནི་མི་ཟད་པའི་ལོག་འགྲེལ་བརྒྱབ་པ་ཞིག་རེད། དེ་བཞིན་དགུ་རོང་སྤུན་གྲོལ་གྱིས་“སྤྱི་མཐུན་དང་ཐུན་མོང་གི་ལྟ་ཚུལ་ གཞིར་བཅོལ་བའི་སྤྱི་འགྲོས་ལ་དགག་གཞག”སྤྲོད་མཁན་རྩ་བ་ཉིད་ནས་མ་ཡིན་པར།   དེ་ལ་རྒྱབ་སྐྱོར་བྱ་མཁན་ཡིན་པ་མ་ཟད། “མི་ངོ་སོ་སོའམ་སྐྱེས་བུ་སྒེར་གྱི་འདོད་མོས་གཙིགས་སུ་འཛིན་པའི་གྲུབ་མཐའ”ལ་དགག་བཞག་སྤྲོད་མཁན་རེད། འདི་ལྟར་བཤད་ན། གོང་གི་ཚིག་སྟེ་“སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་མཐའ་གསར་འཛུགས་པ་སྐུ་ཞབས་རོ་བྷེ་ཏྲི་ཨོ་བེན (Robert Owen)”ཞེས་བྲིས་པ་དང།    དེའི་འོག་གི་“སྤྱི་ མཐུན་དང་ཐུན་མོང་གི་ལྟ་ཚུལ་གཞིར་བཅོལ་བའི་སྤྱི་འགྲོས་ལ་དགག་གཞག་སྤྲོས་ནས་ ཚོགས་སྤྱི་དང་ཐུན་མོང་ལས་མི་ངོ་སོ་སོའམ་སྐྱེས་བུ་སྒེར་གྱི་འདོད་མོས་གཙིགས་ སུ་འཛིན་པའི་གྲུབ་མཐའ་ཞིག་གསར་གཏོད་མཛད”ཟེར་བ་གཉིས་ནང་འགལ་གྱི་ཕུང་བོ་དོན་གྲུབ་རྒྱལ་ཐང་ཆེན་དུ་མི་ཤོང་བ་ཞིག་ཡིན་པའང་ཞོར་གྱི་ཤེས་པར་བྱའོ། །དེ་ལྟར་ཐ་སྙད་དངོས་ནི་ལྕགས་སྟག་ལ་བྱུང་བ་ཡིན་པར་འདོད་མོད།   ཐ་སྙད་འདིའི་འཇུག་ཡུལ་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན།    གསུམ་ཙམ་གྱི་ནང་འདུས་བར་འདོད་དོ།       དེ་ཡང་དང་པོ་སྲིད་སྒྲུབ(Politics)དང།  གཉིས་བ་མཚན་ཉིད་རིགས་པ།(philosophy) དེ་བཞིན་མགོན་མེད་ཀྱི་ལུགས། (Anarchism)སྟེ་སྲིད་གཞུང་མེད་པའི་འདོད་པའི་ལྟ་བ་གསུམ་ཡིན།  དེ་ལ་དང་པོའི་མཚན་གཞི་ནི་སྔོན་གྱི་རང་དབང་རིང་ལུགས་པ་Classical liberalism་དག་ཡིན།  གྲུབ་མཐའ་འདིའི་ལུགས་ལ། སྲིད་གཞུང་ནི་ཅི་ཙམ་གྱིས་ཆུང་བ་ཡོད་ན་དེ་ཙམ་གྱིས་ཡག་པོར་འདོད་ཅིང་།  མིའི་ཐོང་ཐང་སྟེ།  ཆོས་དད་རང་དབང་དང།  སྨྲ་བརྗོད་རང་དབང་སོགས་ནི་གཙོ་བོ་འཛིན།    དེ་བཞིན་དཔལ་འབྱོར་འདུ་འགོད་ཀྱི་ཆ་ནས་ཁྲོམ་ར་ལ་བལྟས་ནས་ཐག་གཅོད་འདོད་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཞིང་།སློབ་དཔོན་ནི།  དཔལ་འབྱོར་རིག་པའི་མཁས་པ་ཨ་དམ་སི་མེ་སི་ Adam Smith (1723 – 1790)།      སྲིད་སྒྲུབ་རིག་པའི་མཁས་དབང་ཇོམ་ལ་ཁུ་John Locke (1632 – 1704)སོགས་ཡིན།      སྤྱིར་བཏང་མཚན་ཉིད་རིགས་པ་སྐོར་ལ་ཤིན་ཏུ་མང་པོ་ཡོད་ཅིང།    མཐའ་གཅིག་ཏུ་འདི་རེད་ཅེས་བཤད་དཀའ་བ་ཞིག་ཆགས་བསྡད་ཡོད་མོད།      མཚན་གཞི་ཙམ་བརྗོད་ན།    ཡོད་པ་སྨྲ་བའི་གྲུབ་མཐའ(Existentialism)  ལྟ་བུ་ཡིན།    གྲུབ་མཐའ་འདིའི་ལུགས་ལ།   མི་རྣམས་ཀྱིས་དཔྱད་པ་སོགས་རིགས་པ་དང་གཏན་ཚིགས་ཀྱིས་བཟོས་བའི་བསམ་པའི་འཁྱེར་ སྟངས་སོགས་མིའི་རང་བཞིན་དུ་ཡོད་པའི་སེམས་ཀྱི་ཆོས་ཉིད་དམ་ངོ་བོ་ཉིད་ལས་འདས་བས། སེམས་ཀྱི་རང་བཞིན་དངོས་མ་དེ་མིན་ཞིང།   དེ་བས་དེ་རྣམས་ནི་འདོར་བྱ་དང།     ཡང་ན་སྤངས་རུང་བར་འདོད་ཅིང།    སེམས་ཀྱི་རང་བཞིན་དུ་ཡོད་པའི་སེམས་ཀྱི་བདེ་སྡུག་དང།   འདོད་ཆགས་སོགས་ནི་མིའི་སེམས་ཀྱི་ཆོས་ཉིད་དངོས་མ་དེ་ཡིན་པས། ཇི་སྲིད་དུ་སེམས་ཀྱི་ཆོས་ཉིད་ཡོད་པ་དེ་ཙམ་གྱིས་སེམས་དེ་རྣལ་མ་ཡིན་པར་འདོད། ཡང་སེམས་ཀྱི་ཆོས་ཉིད་འདི་མི་རེ་རེར་བདེ་སྡུག་མྱོང་ཚུལ་སྣ་ཚོགས་ཤིག་ཡོད་པས།     མཐའ་གཅིག་ཏུ་འདིའོ་ཞེས་བཅད་བཟུང་བྱ་མི་རུང་བས། མི་སྒེར་གྱི་སེམས་ཀྱི་ཆོས་ཉིད་རྣལ་མ་དེ་ནི་ཡང་དག་པ་ཡིན་པས་བླང་བྱ་ཡིན་པར་བཤད་དོ། དེ་འདྲ་བའི་སེམས་ཀྱི་ཆོས་ཉིད་ཅིག་ཡོད་པར་འདོད་པས་ཡོད་པར་སྨྲ་བ་ཞེས་འབོད་དོ། དེའི་སློབ་དཔོན་དག་ནི་སོ་རན་ཨ་བྷེ་ཁུ་ཀེ་གྷ་དི  Søren Aabye Kierkegaard (1813 – 1855)སོགས་ཡིན།  མགོན་མེད་སྨྲ་བའི་གྲུབ་མཐའ་(Anarchism) ནི། མི་རྣམས་ལ་མིའི་མགོན་ཟེར་བ་ཞིག་མི་དགོས་ཞིང། ལྷག་པར་ཏུ་སྲིད་གཞུང་དང། མིའི་མགོན་དུ་གྱུར་པའི་འདུས་ཚོགས་དང། ཚོགས་པའི་སྐྱིད་སྡུག་ཟེར་བ་རྣམས་ནི་སྡུག་བསྔལ་དང། འཇིག་རྟེན་དང་མི་སོ་སོར་མི་བདེ་བའི་གཞི་ཡིན་པས།  མིས་བཙུགས་པའི་སྲིད་གཞུང་དང།     སྒྲིག་འཛུགས་སོགས་མི་དགོས་བར་འདོད།   མི་དུ་མ་འདུས་ནས་བཙུགས་པའི་འདུས་ཚོགས་དེ་ནི་མི་སོ་སོའི་རང་བཞིན་དང་ལོགས་སུ་འདུག་པས། མི་དུ་མ་ཚོགས་པའི་ཚོགས་སྤྱི་མེད་པར་འདོད་མཁན་ཞིག་ཡིན་པར་འདོད་དོ། གོང་དུ་བཤད་ཡོད་པ་བཞིན་གྲུབ་མཐའ་འདི་དག་ལ་ནང་གསེས་ཀྱི་མི་མཐུན་པ་མང་དུ་ཡོད་པས་མཐའ་གཅིག་ཏུ་འདི་ཡིན་ཞེས་བཤད་དཀའ་འོ།
   གསུམ་པ།   དེ་ན་ཕྲན་གྱིས་དབྱིན་ཇིའི་ Individualism་སྐད་དོད་དུ་རང་བཞིན་གནས་རིགས་ཀྱི་ཇི་ལྟར་བཏགས་པ་ཡིན་ནམ་ཞེ་ན།  གོང་དུ་བཤད་པ་བཞིན།  བོད་ཀྱི་བསྟན་བཅོས་སྣ་ལས་བྱུང་བའི་རང་བཞིན་གནས་རིགས་ཀྱི་མཚན་ཉིད་དང། མཚན་གཞི་སོགས་ནུབ་ཀྱི་རང་བཞིན་གནས་རིགས་གཉིས་སྒྲས་བརྗོད་རིགས་ཀྱི་དབང་དུ་བྱས་ན་ཤིན་ཏུ་ནས་འདྲ་ཞིང། གཉིས་ཀའི་ལུགས་ལ།  མི་སོ་སོའི་རྒྱུད་ལ་མི་གཞན་དང།   རྒྱལ་བོ་དང།   བློན་པོ།  ཚོགས་སྡེ།  དེ་བཞིན་སྲིད་གཞུང་སོགས་ལ་མ་བརྟེན་པའི་ཆོས་ཉིད་ཅིག་ཡོད་པར་འདོད་ཅིང།   དེ་ནི་མི་གཞན་སུས་ཀྱང་འཕྲོག་པ་མེད་པར་རང་རང་གི་ཆོས་ཉིད་ཡིན་པར་བཞེད། དེ་བས་ཕྲན་གྱིས་སྒྲ་ཡངས་འཇུག་གི་དབང་དུ་བྱས་ནས་ Individualism་ཟེར་བའི་སྐད་དོད་དུ་རང་བཞིན་གནས་རིགས་ཞེས་བཏགས་པ་ཡིན། འདི་ནི་སྔོན་དུ་བསྟན་བཅོས་སོགས་བསྒྱུར་སྐབས་སུ།  དོན་བསྒྱུར་བྱ་ཚུལ་དུའང་ཤིན་ཏུ་མཐུན། དཔེར་ན།   གྲུབ་མཐའ་རེ་རེའི་ལུགས་ལ་ཀུན་རྫོབ་དང་དོན་དམ་བདེན་པའི་མཚན་མཚོན་སོགས་འཇོག་ཚུལ་མི་འདྲ་བ་མང་དུ་ཡོད་པ་དེ་བཞིན་ཡིན་ཡང།   སྐད་དོད་ནི་གཅིག་པ་དེ་བཞིན་རེད།  ལྕང་སྐྱ་རོལ་བའི་རྡོ་རྗེས་ཐ་སྙད་སོགས་བསྒྱུར་དུས།   ཚིག་དེ་ཀའི་ནུས་བ་འདོན་ལུགས་ལེགས་པར་བརྟག་དགོས་ཞེས་བའི་དགོངས་དོན་དང་མཐུན།   དེའི་ཕྱིར་ཕྲན་གྱིས་ཀྱང་དབྱིན་ཇིའི་ཚིག་འདི་དང། རང་བཞིན་གནས་རིགས་གཉིས་ཀྱི་ཚིག་གི་ནུས་བ་ལ་བརྟགས་ཡོང་དུས་དོན་ཟབ་གསལ་གྱི་དབང་གིས་་རང་བཞིན་གནས་རིགས་ཞེས་བཏགས་པ་ཡིན་ནོ། །                    
   མཐའ་སྤང་བ།  ཞོགས་དུང་སོགས་ཀྱིས་ནུབ་ཀྱི་ Individualism་འདི་ལ་མི་གཞི་ཞེས་བཏགས་འདུག་མོད།  སྤྱིར་བཏང་ཚིག་གི་འགྲོས་ཙམ་གྱིས་མི་ནི་འཇིག་རྟེན་ཐམས་ཅད་ཀྱི་གཞི་རུ་བཞག་ནས་གཙོ་བོ་བཞག་ནས་བཤད་པ་ཙམ་ཡིན་ན་འགྲིག་ཙམ་ཡོད།  ཅི་ཕྱིར་ཞེ་ན། ནུབ་ཀྱི་གྲུབ་མཐའ་ཁ་ཅིག་ཏུ་Individualismའཇིག་རྟེན་གྱི་མི་གཞི་འམ་གཙོ་བོ་བཞག་ནས་བཤད་དགོས་བའི་གྲུབ་མཐའ་ཡོད་པས།  གྲུབ་མཐའ་དེ་དག་གི་གྲུབ་མཐའི་གཞི་གཙོ་བོ་ལ་བཞག་ན་མི་ཆོག་པ་མི་འདུག་སྙམ། ཡིན་ནའང། ནུབ་གྱི་རང་བཞིན་གནས་རིགས་ཀྱི་གྲུབ་མཐའ་གཅིག་ཏུ་མཐའ་གཅིག་དུ་མི་གཙོ་བོར་འཛིན་པ་དང། གཞན་ཡོད་ཚད་དམའ་བར་འཛིན་པའི་གྲུབ་མཐའི་ལུགས་ཡང་མ་ཡིན། དཔེར་ན་ཡེ་ཤུའི་གྱེན་ལོག་པའི་གྲུབ་མཐའི་ལུགས་ལ་མི་ལས་དཀོན་མཆོག་གཙོ་བོར་འཛིན་པ་དང། དེ་ནི་ལྷ་དང་མི་གཉིས་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་འདྲིས་ཞིག་ལ་འདོད།   དེ་བས་Individualism་ལྟ་བ་ཡིན་ན།  མཐའ་གཅིག་ཏུ་དཀོན་མཆོག་སོགས་ཁས་མི་ལེན་པའང་མ་ཡིན་ལ་རྩ་བ་ཉིད་ནས་ཁས་མི་ལེན་པའང་མ་ཡིན། དེ་བཞིན་དགུ་རོང་སྤུན་གྲོལ་གྱིས་བཏགས་པའི་མི་སྒེར་རིང་ལུགས་ཟེར་བའང་མི་འཐད་ཏེེ། Individualismལུགས་ལའང་ཚོགས་སྤྱི་འདོད་པ་མང་དུ་ཡོད་པའི་ཕྱིར། དཔེར་ན།  དམངས་གཙོ་ཅན་གྱི་སྲིད་གཞུང་འཛུགས་འདོད་པའི་རང་བཞིན་གནས་རིགས་སྨྲ་བ་རྣམས་སོ།།     དེ་ན་ཡོ་རོབ་སྤྱིར་བཏང་སྒྲས་བརྗོད་རིགས་ཀྱི་དབང་དུ་བྱས་ན། ཕྲན་གྱིས་མགོན་མེད་སྨྲ་བའི་གྲུབ་མཐའ་(Anarchism)ཞེས་བཏགས་པ་དེ་དང།   (Egotism)ལྟ་བ་འདི་གཉིས་ལ་ཁྱོད་ཀྱིས་བཏགས་པའི་མི་སྒེར་རིང་ལུགས་ཞེས་བཏགས་ན་འོས་འཚམས་པར་མཐོང་། རྒྱའི་ཤེས་ལྡན་པ་མང་པོ་ཞིག་གིས་རང་བཞིན་གནས་རིགས་དང།   Egotism་མི་སྒེར་རིང་ལུགས་གཉིས་པར་གསལ་བོ་ཕྱེ་ཐུབ་མེད་པ་དང་། ཞོགས་དུང་སོགས་ཀྱིས་འདི་གཉིས་ཀྱི་འགལ་འབྲེལ་སོགས་རྩ་བ་ཉིད་ནས་ཤེས་བཞིན་མི་འདུག།     སྤྱིར་བཏང་འདི་སོགས་འབྲེལ་ནས་བརྗོད་པར་བྱ་བ་མང་མོད།    བར་སྐབས་འདི་ཙམ་གྱིས་འཐུས་བར་བྱ།
   ཟུར་ཞུ།
  སྤྱིར་བཏང་ཕྲན་གྱིས་གོང་དུ་བཤད་ཡོད་པ་བཞིན། དག་ཡིག་གསར་བསྒྲིགས་དང་དག་ཡིག་མ་ནོར་ལམ་བཟང་སོགས་ལས་བལྟས་ནས་སྟོང་ཉིད་ཀྱི་ལྟ་བ་སོགས་ལ་འགྲེལ་རྒྱག་པ་དག་ལ་གླེང་མོལ་སོགས་ཅི་ཡང་བྱ་འདོད་མེད། རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་རྫུན་མ་དང་བཅོས་མའི་རང་མདོག་སྟོན་པའི་དམར་སྲུང་དམག་གི་སྤྱོད་པ་རང་རེད། ཁྱོད་ཀྱིས་འདི་ལྟར་དྲ་རྒྱའི་ཚིག་མཛོད་ཅིག་ལ་བལྟས་ནས་ནུབ་ཀྱི་རིགས་གཞུང་གཏིབ་ཟབ་པ་དག་ལ་འགྲེལ་ཞིག་རྒྱག་ཁུལ་གྱིས་ང་ལ་ལན་ཞིག་བྲིས་བ་ནི། ཤིན་ཏུ་དགོད་བྲོ་བོ་ཞིག་རེད་མོད།ཡང་ཞིབ་ཏུ་བསམ་ན་དོན་རྒྱལ་གྱི་རྗེས་འཇུག་པ་ཚོར་དོན་རྒྱལ་གྱི་རང་མདོག་ནི་ངེས་པར་ཏུ་ཡོད་སྲིད་པས། འདི་འདྲ་བ་ཡིན་སྲིད་ཀྱི་རེད།  ཡིན་ནའང། འདི་མུར་བཞག་ན་བློ་གསར་བ་ཚོར་ལོག་ལམ་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་དང།   རིག་གཞུང་དང། རང་གི་སྐད་ཆ་ལ་འགན་འཁུར་ཕྱིར།  གོང་དུ་མདོར་བསྡུས་པའི་ཚུལ་གྱིས་ཁྱོད་ཉིད་ལ་ལན་བརྒྱབ་པ་དེ་རེད།      ཁྱེད་ཅག་གིས་དངོས་གནས་དོན་ལྡན་གྱི་གླེང་མོལ་བྱེད་བསམ་ན།   གཤམ་གསལ་གྱི་དྲིས་ལན་གྱི་སྟེང་ནས་རིགས་པའི་བགྲོ་གླེང་བྱ་རོགས།   བྱ་རོག་སོ་རྟོག་གི་རྩ་བའི་དམ་བཅའ་ནི་འདི་དག་རེད།  ༼༡༽དོན་གྲུབ་རྒྱལ་དམར་སྲུང་དམག་མི་ཡིན་ནམ་ཡིན།  དེ་བཞིན་དོན་གྲུབ་རྒྱལ་གྱིས་བརྩམས་ཆོས་ཐམས་ཅད་ལ་རིག་གསར་གྱི་ཤན་ཞུགས་ཡོད་དམ་མེད།  ༼༢༽དོན་གྲུབ་རྒྱལ་གྱི་རིག་གནས་ཀྱི་ལྟ་བ་དང།  རིག་གསར་གྱི་རྩོམ་རྙོག་དེ་དག་བོད་ཀྱི་ཤེས་རིག་རྣལ་མ་སྤྱོང་བའི་གེགས་སུ་སོང་ཡོད་དམ་མེད། དེ་ནས་དོན་གྲུབ་རྒྱལ་བོད་ཀྱི་རིག་གཞུང་གི་ཉེས་ཅན་པ་ཞིག་གམ། རིག་པའི་དཔའ་བོ་ཞིག་ཡིན།  ༼༣༽དེ་བཞིན་ཞོགས་དུང་གི་ལྟ་བ་དེ་ཡང་དོན་གྱི་རྙིང་གཏོར་གྱི་ལྟ་བ་ཡིན་ནམ་མིན།    ཡིན་ན་ང་ཚོས་བསྐྱར་ཏུ་རིག་གནས་གསར་བརྗེ་ཆེན་པོ་སློང་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། ༼༤༽དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་རིག་གསར་གྱི་གད་སྙིགས་ནས་བྱུང་བའི་སྙན་རྩོམ་ཞིག་གམ།   ཡང་ན་དོན་གྲུབ་རྒྱལ་གྱིས་གསར་ཏུ་བརྩམས་པ་ཞིག་ཡིན།  ༼འདིའི་སྐོར་རྩོམ་ཞིག་འབྲི་བཞིན་ཡོད། གལ་སྲིད་འདུ་བྲེལ་གཞན་གྱིས་བཀག་པ་མེད་ན། མགྱོགས་པོར་ཐོན་ཡོང་བའི་རེ་བ་ཡོད༽སོགས་ཀྱི་དྲི་ཚིག་ལ་ལན་འདེབས་པའི་རེ་བ་ཡོད།  འདི་ལྟར་བྱེད་ན་རིག་གཞུང་ལ་འགན་ཁུར་བ་དང།དཔྱོད་ལྡན་པ་དྲང་ཚུགས་ཤིག་ཡིན་པའི་རྟགས་རེད། དེ་མིན་ཁྱེད་ཅག་གི་སྐད་ཆ་ཚང་མ་སྟོང་བ་རེད། དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་བཞིན་རིག་གསར་གྱི་སྐད་འབོད་ཙམ་ཞིག་རེད། ད་དུང་ནུབ་ཀྱི་རིག་གཞུང་གཏིང་ཟབ་པ་དེ་ཚོ་ལ་ཞིབ་དཔྱོད་དང། ལུང་འདྲེན་སོགས་བྱ་འདོད་ན། ཇི་ལྟར་རྗེ་བླ་མས། དང་པོ་རྒྱ་ཆེན་ཐོས་བ་མང་དུ་བཙལ།། བར་ཏུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་།། ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ཞེས་གསུང་བ་ལྟར།བརྡ་སྤྲོད་པ་གཙོ་གྱུར་པའི་རིགས་དེ་ཚོ་ལ་ཞིབ་ཏུ་སྦྱོངས། དེ་ནས་དེའི་དོན་ཐམས་ཅད་ཚུལ་བཞིན་ཏུ་རྟོགས་པར་བྱེད། མཐའ་མ་ལུང་འདྲེན་དང། ཡིན་མིན་གྱི་རྣམ་བཞག་ཐམས་ཅད་རིགས་པ་དང། ཉམས་མྱོང་གི་སྟེང་ནས་འཇོག་པར་བྱའོ། ཞེས་ཆེན་པོ་ཧོར་ཡུལ་གྱི་དོ་ལོན་ནོར་རམ་བོད་མིང་དུ་མཚོ་བདུན་ལྷ་ཁང་གི་ཉེ་འགྲམ་ཏུ་སྤྱར་བ་འདིས་ཀྱང་འགྲོ་ཀུན་ཕན་བདེ་དཔལ་ལ་སྤྱོད་གྱུར་ཅིག།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུ་རོང་སྤུན་གྲོལ་ལ་ལན་དུ་སྤྲིངས་པ་ཕྱུགས་རྫིའི་གླུ་དབྱངས་ཞེས་བྱ་བ།

2011-07-06 བོང་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།