གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཐོ་འབྲི་སྦྱོང་བྱེད་པ་ནི་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་གཏོང་བའི་རྨང་གཞི་ཡིན།

2011-04-23 15:22:00 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

 

   སྐད་ཡིག་གི་ཆུ་ཚད་ཇེ་མཐོར་གཏོང་ན་ཐབས་ལམ་སྣ་ཚོགས་པ་ཞིག་ཡོད་ལ།སྐད་ཡིག་དགེ་རྒན་རྣམ་པས་ཀྱང་ཐབས་ལམ་རབ་དང་རིམ་པ་བཀོལ་ནས་སྐད་ཡིག་གི་ཆུ་ཚད་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་གང་ལེགས་བྱེད་བཞིན་མཆིས།འདིར་སྐད་ཡིག་གི་ཆུ་ཚད་ཇེ་མཐོར་གཏོང་བར་ཉིན་ཐོ་འབྲི་སྦྱོང་ཧ་ཅང་གལ་ཆེ་བའི་སྐོར་གྱི་ཐབས་ལམ་ཞིག་ངོ་སྤྲོད་བཤད་འདོད་དེ།

    དང་པོ།  ཉིན་ཐོ་འབྲི་རྒྱུ་རྒྱུན་འཁྱོངས་བྱ་དགོས།
     སློབ་གསོའི་ལས་རིགས་ལ་བརྩོན་སེམས་དང་འབད་འབུངས་བྱས་དང་བྱེད་བཞིན་པའི་དགེ་རྒན་ཇི་སྙེད་ཅིག་གིས་སྔོན་ཆད་སློབ་ཕྲུག་སྐྱོང་བའི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ཉིན་ཐོ་འབྲི་བའི་བྱེད་ཐབས་དུས་ད་ལྟའི་བར་དུ་བཀོལ་མྱོང་མོད།འོན་ཀྱང་ཆུ་བོའི་རྒྱུན་དང་ཡར་ངོའི་ཟླ་བཞིན་རྟག་པར་ཉིན་ཐོ་འབྲི་རྒྱུ་རྒྱུན་འབྱམས་སུ་ལོབས་ཚུལ་ནི་བརྒྱ་ཡི་ནང་གི་བརྒྱད་དང་བརྒྱད་ཀྱི་ནང་གི་གཅིག་ལས་མི་ལྷག  མཐར་གཏུགས་ན་དེའི་རིགས་ཀྱིས་སུན་སྣང་དང་སྒྱིད་ལུག་འདྲེས་མས་བྱ་བའི་མཐའ་སྙེག་མ་ཐུབ་པའི་སྟབས་ཀྱིས་ཉིན་ཐོ་འབྲི་རྒྱུའི་གོམས་སྲོལ་བོར་བས་རེད།
     ཆེས་ཐོག་མར་ཉིན་ཐོ་འབྲི་དུས། ང་ཚོས་རང་ཉིད་ལ་རེ་བ་མཐོན་པོ་ཞིག་དང་འཆར་གཞི་གང་ལེགས་ཤིག་བཏོན་ནས་འགོ་བརྩམ་དགོས་པ་མ་ཟད་ཉིན་ཐོ་འབྲི་བའི་དམིགས་ཡུལ།ཉིན་ཐོ་འབྲི་སྐབས་བརྗོད་བྱ་གདམ་གསེས་དང་རྒྱུ་ཆ་གདམ་སྒྲིག་བྱེད་པར་ཡང་མཉམ་འཇོག་བྱེད་དགོས།  ཆེས་ཐོག་མར་ཉིན་ཐོ་འབྲི་དུས་ང་ཚོས་དང་པོར་ཉིན་ཐོ་འབྲི་དེབ་ཅིག་གྲ་སྒྲིག་བྱེད་དགོས་པ་དང༌།  ཕྱིས་སུ་ཉིན་ཐོ་འབྲི་དེབ་ཀྱི་ཤོག་ལྷེ་དང་པོའི་ངོར་ཉིན་ཐོ་འབྲི་བའི་འཆར་བཀོད་ཐུང་ཐུང་ཞིག་ཀྱང་བཟོས་ཆོག་པ་སྟེ། དཔེར་ན།གཟའ་འཁོར་གཅིག་གི་རིང་ལ་ཡ་གྲངས་ཀྱི་ཉིན་ཆ་བོར་རྒྱུན་འབྲི་བྱེད་དམ་ཡང་ན་ཉིན་གཉིས་ལ་ཉིན་ཐོ་ཐེངས་གཅིག་འབྲི་བ།གཞན་ཉིན་ཐོ་འབྲི་དུས་སློབ་ཚན་རྗེས་ཀྱི་མིང་དང་ཐ་སྙད་རེ་ཟུང་བརྒྱུད་དེ་ཉིན་དེའི་མཐོང་ཐོས་མྱོང་གསུམ་ཇི་བཞིན་དུ་འབྲི་བ།མ་ཟད་རྒྱུན་བཀོལ་གྱི་ཐ་སྙད་དང་མངོན་བརྗོད་རེ་འགའ་བཀོལ་ནས་མི་སྣ་འབྲི་བའམ་བྱ་བ་འབྲི་བ་སོགས་ཡིག་ངོར་འཆར་གཞི་རེ་བཀོད་དེ་ཉིན་ཐོ་བྲི་ཚེ་ཁ་ཕྱོགས་གསལ་ཆ་དོད་པ་དང༌།དམིགས་འབེན་མངོན་གསལ་ཡིན་པ་ལས་ད་དུང་ཉིན་ཐོ་འབྲི་རྒྱུའི་བརྩོན་པ་དང་རྒྱུན་སྐྱོང་གི་ཧུར་སེམས་ལ་རམ་བུའང་གདེག་ངེས།  ཉིན་ཐོ་དང་ཐོག་འབྲི་བའི་སློབ་མ་ཞིག་ལ་མཚོན་ན་ཡིག་འབྲུ་མང་པོ་དང་ཚིག་གི་སྡེབ་ལེགས་མིན།གོང་འོག་འབྲེལ་ཆགས་མིན་སྙན་ཆ་དོད་མིན་སོགས་རེ་བ་འདོན་དགོས་དོན་མེད་ལ། གལ་ཏེ་སློབ་མ་ཚོའི་ཁྲོད་དུ་ཡིག་འབྲུ་མང་ཞིང་ཚིག་གི་སྡེབ་ལེགས་པ་གོང་འོག་འབྲེལ་ཆགས་པ་སོགས་ཀྱི་དགེ་མཚན་ལྡན་པའི་ཉིན་ཐོ་ལེགས་པོ་ཡོད་ཚེ་དགེ་རྒན་གྱིས་དེའི་རིགས་དམིགས་སུ་བསལ་ནས་བསྟོད་ར་བྱེད་པའི་སྲོལ་བཟང་གཟའ་འཁོར་གཅིག་གི་ཡུན་ལ་རྒྱུན་བསྲིང་རྒྱུ་ལས་གཞན་ཉིན་ཐོ་ཞིབ་བཤེར་དང་ཟླ་ཚེས་གསལ་བོ་བརྒྱབ་རྗེས་ཚིག་འགའ་རེའི་སྐུལ་འདེད་བརྗོད་པ་སྟེ།དཔེར་ན། ཡར་ངོའི་ཟླ་བ་ཁྱོད་ཀྱི་གྲོགས་པོ་ཡིན།། གཡུར་ཟའི་འབྲས་བུ་ཁྱོད་ཀྱི་རྒྱན་དུ་མཛེས།།ཞེས་པའམ་ཡང་ན་བརྩོན་པ་ཆུ་བོ་རྒྱས་གྱུར་ན།།འཛིན་གྲྭ་འདི་ན་འགྲན་ཟླ་བྲལ་ཅེས་པ་སོགས་ཀྱི་བསྟོད་ཚིག་གི་མེ་ཏོག་ངེས་པར་དུ་མཁོའོ།།
     འདི་ལྟར་རྒྱུན་བསྐྱངས་ཚེ་ཤེས་མེད་ཚོར་མེད་ལ་ཉིན་ཐོ་འབྲི་རྒྱུ་ནི་ཉིན་རེ་རེའི་མཚམ་མ་གསུམ་པོའི་བཟའ་བཏུང་སྤྱོད་པའམ་ནངས་རྒྱུན་ཁ་ལག་བཀྲུ་བའི་དཔེ་བཞིན་མི་ལོབས་རང་དབང་མེད་པ་རེད།སྐབས་འདིར་སྐད་ཡིག་དགེ་རྒན་རྣམས་ཀྱིས་ཐོག་མའི་འབྲི་ལུགས་དང་བསྡུར་ན་ཅུང་བསྒྱུར་བཅོས་བྱས་ཆོག་པ་སྟེ། ཡིག་འབྲུའི་གྲངས་ཀ་ངེས་གཏན་བྱེད་པའམ་ནང་དོན་གྱི་ཐད་རེ་བ་གསར་བ་འདྲ་བཏོན་ཚེ་ཁོ་ཚོར་ཆ་རྐྱེན་འདི་དག་འགྲུབ་པར་དཀའ་ཁག་ཆེར་མེད།རྒྱུན་པར་སྐད་ཡིག་དགེ་རྒན་རྣམས་ཉིན་ཐོ་ལ་ཞིབ་བཤེར་བྱེད་པའི་ཁོམ་སློང་ཡོད་ན་དེ་བས་བཟང་ལ། གལ་ཏེ་མེད་པའི་དབང་དུ་བཏང་ན་ཡང་དུས་ཚོད་ལ་གཏན་འཁེལ་མེད་པར་གློ་བ་གློ་བུར་ཞིབ་བཤེར་བྱས་ཏེ།མི་འདང་བའི་ཕྱོགས་རེ་རེ་བལ་བསལ་བསལ་བྱས་ན་ཉིན་ཐོ་འབྲི་རྒྱུ་རྒྱུན་འབྱམས་སུ་འགྲོ་ཐུབ་ཅིང༌། སློབ་མའི་སྐད་ཡིག་གི་ཆུ་ཚད་ལའང་རྨང་གཞི་ངེས་ཅན་ཞིག་བཞག་ཡོད་པ་རེད།
    གཉིས་པ། དཔེ་ཆ་ལྟ་ཞིབ་དང་སྙན་འཇེབས་ཚིག་རྒྱན་འཚོལ་སྡུད་བྱེད་དགོས།
    སློབ་མ་ཚོར་ཚད་ལྡན་དཔེ་ཆ་སྣ་མང་ལ་ལྟ་ཞིབ་བྱེད་པའི་གོམས་གཤིས་ལོབས་སུ་བཅུག་ན་ཉིན་ཐོ་ལེགས་པོ་འབྲི་རྒྱུར་ནུས་པ་གལ་ཆེན་ཐོན་ལ།ལྷག་པར་དུ་དཔེ་ཆའི་ཁྲོད་དུ་དོན་ཟབ་ཚིག་མཛེས་སྙན་འཇེབས་ཀྱི་ཚིག་དུམ་གང་རུང་ལ་འཕྲད་ཚེ། རྟགས་བརྒྱབ་ནས་བཤུ་འགོད་བྱས་ཏེ་ཉིན་ཐོ་འབྲི་བའི་ནང་བཀོད་ཐུབ་པ་བྱུང་ཚེ།ཚིག་གི་སྡེབ་ལེགས་པ་དང་སྙན་ཆ་ཡོད་ལ་བརྗོད་བྱ་གསལ་བོ་ཐོན་པར་ཕན་ཐོགས་ཆེན་པོ་ཐོན། འདི་ལྟར་དཔེ་ཆ་མང་པོར་ལྟ་ཀློག་བྱེད་པ་དང་དཔེ་ཆའི་ཁྲོད་ཀྱི་ལེགས་ཆ་རྣམས་གནད་བཤུ་བྱས་ན་ཉིན་ཐོ་ལེགས་པོ་ཞིག་འཁྱོངས་པའི་ཁར།དུས་རྒྱུན་འཚོ་བར་རྟོག་ཞིབ་བྱེད་པར་སྤྲོ་བ། བསམ་གཞིག་བྱེད་པར་སྤྲོ་བ། འཚོ་བའི་མྱོང་ཚོར་ངོ་མ་འབྲི་བར་སྤྲོ་བ་སོགས་ཀྱི་ལེགས་ཆ་འཛོམས་པ་མ་ཟད།སློབ་མ་རྣམ་པར་བློ་འབྱེད་རང་བཞིན་ལྡན་ལ། ལྷད་མེད་ཀྱི་རང་གཤིས་དང་གཞན་ཕན་གྱི་ཀུན་སློང་ཡང་གསོ་སྐྱོང་བྱ་ཐུབ།མདོར་བསྡུས་ན་ཉིན་ཐོ་འབྲི་རྒྱུ་ལག་ལེན་དུ་བཏབ་མྱོང་ཡང་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོ་དགེ་རྒན་རྣམ་པས་སྣང་འཇོག་བྱེད་ཡུལ་ཞིག་ཡིན་ལ།སློབ་མ་ཚོས་ཀྱང་ཉིན་ཐོ་འབྲི་དུས་ཡིག་གཟུགས་བཅའ་དག་དང་གོ་རིམ་ཡོད་པ། བརྗོད་སྙིང་འབུར་དུ་དོད་པ། ཚིག་སྦྱོར་ལེགས་པོར་བརྩོན་པ་སོགས་ལ་མཉམ་འཇོག་གམ་ཐེ་གཏོགས་བྱས་ཚེ་ཡག་ཐོག་ཡག་བརྩེགས་དང་ཡོད་ཚད་ལ་འཕོ་འགྱུར་ཆེན་པོ་འབྱུང་ངེས།དེ་ལས་ཀྱང་གནད་གཙོ་བོ་ནི་སློབ་མ་རྣམས་ཀྱིས་ཉིན་ཐོ་འབྲི་བར་སུན་སྣང་དང་སྒྱིད་ལུག་དོར་ནས་རྒྱུན་སྐྱོང་བྱ་རྒྱུ་ནི་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་མིན་ལ་ཐད་ཀར་དུ་རག་ལས་སོ།།

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།