གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡི་གེ་འགའ་ཞིག་གི་སྒྲ་གདངས་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ།

2010-04-17 12:10:00 རྭ་རྒྱ་བློ་དབང༌། ཀློག་གྲངས། མཆན ཡོད།

 

  ལོ་འགའ་ཞིག་གི་ཡར་སྔོན་ནས་རྡ་རམ་ས་ལར་པ་བ་ལས་འཕྲོས་པའི་བཤད་པ་རྣོ་ངར་ཅན་རེ་ཐོན་ཞིང༌ །  དུས་རྒྱུན་སྤྱི་ཚོགས་ཁྲོད་དང་ཁྱད་པར་སློབ་གྲྭ་དང་གྲྭ་སའི་སློབ་གཉེར་བའི་ཁྲོད་དུ་པ་བ་གཉིས་ནི་གླེང་རྙོག་ཆེ་ཤོས་ཤིག་རེད།   ཡིན་ན་ཡང་པ་བ་ལས་འཕྲོས་པའི་དཔྱད་གཏམ་པ་ཚོས་སྐབས་རེར་པ་བ་གཉིས་ཀྱི་སྒྲ་འབྱིན་ཚུལ་རྩོད་པ་ འདྲ་ལ།      ཡང་སྐབས་རེར་ཡིག་གཟུགས་སྦྱོར་ཚུལ་རྩོད་པ་སོགས་དཔྱད་རྩོམ་གཅིག་ལའང་དཔྱད་གཞི་ཅི་ཞིག་   བཟུང་ནས་ལངས་ཕྱོགས་གང་ཞིག་སྟོན་གྱིན་པ་ཅི་བྱས་ཀྱང་གསལ་རྟོགས་བྱེད་ཐབས་བྲལ། ཐེངས་འདིར་པ་བ་གཉིས་སོགས་སྒྲ་གདངས་འདྲེས་ཚབ་ཆེ་བའི་ཡི་གེ་འགའ་ཞིག་གི་སྒྲ་གདངས་ཐད་རང་གི་བསམ་ཚུལ་ཅུང་ཙམ་བརྗོད་འདོད་སྐྱེས།

དང་པོ། སྒྲ་གདངས་འདྲེས་ནོར་དང་རྩོད་གཞི་ཆེ་བའི་ཡི་གེ་ངོས་བཟུང་བ།

 

 ཁོ་བོ་ལོ་ངོ་བཅུ་ཕྲག་ལྷག་ལ་ཆོལ་ཁ་གསུམ་གྱི་སློབ་གཉེར་བ་མཉམ་འདུས་ཁྲོད་གཞུང་ལུགས་ལ་བགྲོ་གླེང་བྱས་

པའི་མྱོང་ཚོར་གཞིར་བཞག་ན་བོད་པ་སྤྱི་ཡོངས་ཀྱི་ཁ་སྐད་ཁྲོད་འདྲེས་ཚབ་ཆེ་བའི་ཡི་གེ་ནི། ཀ་ག། ཅ་ཇ། ཏ་ད། པ་བ། འ་ཨ། ཝ། ཞ་ཤ། ཟ་ས་བཅས་ཡིན་པའི་སྣང་བ་བྱུང༌། གསལ་བྱེད་རྐྱང་བ་འདི་དག་གིས་གསལ་བྱེད་སུམ་ཅུའི་ཕྱེད་ཙམ་ཟིན་འདུག་ཀྱང་རང་རེས་བོད་ཡིག་སློབ་སྐབས་ཡི་གེ་སོ་སོའི་སྒྲ་གདངས་དང་ང་རོ་འབྱིན་ཚུལ་ཞིབ་ཁྲིད་བྱེད་པའི་ལུགས་སྲོལ་མེད་པ་འདྲ། དེ་བས་དབྱིན་ཡིག་གི་སྒྲ་ཇི་བཞིན་ཐོན་ཐབས་ལ་མཁས་བླུན་ཀུན་གྱིས་འབད་པ་དང་མ་ཐོན་ན་འཕྱ་སྨོད་བྱེད་པ། དབྱིན་ཡིག་ཨེ་ཧྥུའི་(F)སྒྲ་གདངས་མཚོན་པར་བོད་ཡིག  (ཕ༹) འདི་འདྲ་གསརབཏོད་བྱེད་མཁན་ཀྱང་བྱུང་བ་རེད། རང་རེའི་སྔོན་རབས་མཁས་དབང་རྣམ་པས་བོད་ཡིག་གི་ང་རོ་དང་སྒྲ་གདངས། མགོ་འདོགས། འཕུལ་རྟེན་བཅས་ལ་སྒྲ་འབྱིན་ཚུལ་དང་ཡི་གེ་སོ་སོའི་སྐྱེ་གནས་རྣམ་གཞག་སོགས་གསལ་ཞིང་ཚང་བའི་

རིག་པའི་གཞུང་ལུགས་མཛད་ཡོད་ན་ཡང༌།    འུ་ཅག་གི་དུས་འདིར་དེ་དག་ཕལ་ཆེ་བ་ས་རྡུལ་གྱིས་གོས་པའི་རྟེན་

སྒམ་ན་བཞུགས་པ་ལས་སློབ་གཉེར་བའི་མདུན་ཅོག་ན་མི་སྣང༌།  གོང་གསལ་སྒྲ་གདངས་འདྲེས་ནོར་ཆེ་བའི་ཡེ་གེ་

དག་ལས་དམིགས་བསལ་ཚོར་སྣང་དང་གླེང་རྙོག་ཆེ་བ་ནི་པ་བ་གཉིས་ཡིན་པས་འདིར་དེ་གཉིས་ཀྱི་སྒྲ་འབྱིན་ཚུལ་ཐད་བོད་ཀྱི་ཡུལ་ལུང་སོ་སོའི་ཁ་སྐད་ལ་མི་མཐུན་པ་ཅི་ཡོད་རགས་ཙམ་བཀོད་ན།   ཁོ་བོའི་ཉན་བྱེད་ལ་ནད་ཅིག་

ཞུགས་པ་མིན་ན། དབུས་གཙང་བ་ཕལ་མོ་ཆེས་པ་དང་བ་གཉིས་ཁྱད་མེད་དུ་ཀློག་པའི་སྣང་བ་བྱུང༌། འཛིན་གྲོགས་དབུས་གཙང་བ་རེར་པ་དང་བ་ལ་ཀློག་ཚུལ་མི་འདྲ་བ་ཡོད་མེད་དྲིས་ཚེ་ཡོད་པར་བཤད་ཀྱི་འདུག་མོད། འདོན་པའི་ཚེ་གཉིས་ཀར pa ཡི་སྒྲ་གདངས་རང་ལས་གོ་ཐབས་མ་བྱུང༌། མདོ་སྟོད་པའི་ནང་དུ་ཀློག་ཚུལ་འདྲ་མིན་སྣ་ཚོགས་འདུག་མོད༌། ཆབ་མདོ་དང་སྡེ་དགེ་བས་ཀློག་ཚུལ་དབུས་གཙང་དང་མཚུངས་ལ། ཏྲེ་ཧོར་དང་ཉག་རོང་སོགས་ཡུལ་ལུང་མང་པོ་ཞིག་མདོ་སྨད་དང་འདྲ་བར་སྐབས་འགར་པ་ལ་ཡང་བ་ཡིག་གི་སྒྲ་གདངས་  (wa)   འདི་འདྲ་འདོན་

བཞིན་འདུག གསལ་བོར་བཤད་ན་བ་ཡིག་མིང་གཞིར་སླེབས་ཚེ་དབུས་གཙང་བས་པ་སྒྲ་འདོན་པ་དང༌། མིང་གི་ཆ་ཤས་དང་ཚིགས་གྲོགས་སྐབས་སུ་བ་དང་པ་ཅི་རིགས་སུ་ཀློག་པ     མདོ་སྨད་ཕལ་ཆེ་བ་དང་དང་མདོ་སྟོད་མང་པོ་

ཞིག་གིས་བ་ཡིག་མིང་གཞི་དང་མིང་གི་ཆ་ཤས་ཚིག་གྲོགས་བཅས་སྐབས་གང་དུའང་བ་སྒྲ་རང་དུ་འདོན་པ་དང༌ །

 སྐབས་འགར་པ་ཡིག་ལའང་བ་སྒྲ་འདོན་པ་ནི་ཡུལ་སྐད་གཉིས་ཀྱི་ཁྱད་པར་དུ་ངེས། དཔེར་ན། བུད་པ། བོད་པ།བུམ་པ། བ་གླང༌། བག་ལེབ་སོགས་ལ་དབུས་གཙང་དང་ཆབ་མདོ་སོགས་ཀྱིས་པུད་པ། པོད་པ། པུམ་པ། པ་གླང༌། པག་ལེབ་ཅེས་ཚང་མར་པ་(pa)སྒྲ་འདོན་པ་དང༌། ཨ་མདོ་དང་ཁམས་པ་མང་པོ་ཞིག་གིས་བུད་པ་བོད་པ་སོགས་ཚང་མར་བ་wa་འདོན་པས་མཚོན་ནོ། །གཞན་བ་ཡིག་མིང་གི་ཆ་ཤས་ལ་སླེབས་པའི་ཟླ་བ། གྲྭ་བ། སླ་བ། དང་བ་ལྟ་བུའི་བ་ཡིག་ལ་ཡུལ་སྐད་གཉིས་ཀས་བ་སྒྲ་གཅིག་མཚུངས་སུ་འདོན ། ཡང་སྟོང་བ། གསར་བ    ཡུལ་བ་ལྟ་བུའི་བ་ལ་དབུས་གཙང་

སོགས་ཀྱིས་པ་pa སྒྲ་རུ་ཀློག་པ་དང༌། ཨ་མདོ་སོགས་ཀྱིས་བ་wa སྒྲ་རུ་ཀློག་པ་སོགས་ཡུལ་སྐད་གཉིས་ཀར་གཏན་ཆགས་ཤིག་མེད་པར་སྣང༌ ། ད་དུང་ཨ་མདོ་བས་མིང་གི་ཆ་ཤས་དང་ཚིག་གྲོགས་ལ་སླེབས་པའི་པ་ཡིག་ཀྱང་སྐབས་འགར་བ་ཡིག་ཏུ་ཀློག་པ་སྟེ། དཔེར་ན། དངོས་པོ། དགོས་པ། བསླུས་པ་བཅས་ལ། དངོས་བོ།དགོས་བ། བསླུས་བ་བཅས་སུ་ཀློག་པས་མཚོན་ནོ། །གང་ལྟར་དབུས་གཙང་བ་དང་ཆབ་མདོ་སོགས་ལ་པ་སྒྲ་མང་བ་དང༌། ཨ་མདོ་བ་དང་མི་ཉག་ཏྲེ་ཧོར་སོགས་ལ་བ་སྒྲ་མང་བ་ནི་ཡུལ་སྐད་གཉིས་ཀའི་ཆོས་ཉིད་ལྟ་བུར་གྲུབ་འདུག་པས་སྐྱོན་ཞིག་ཡོད་པར་གྱུར་

ཚེ་གཉིས་ཀར་ཁྱབ་མཉམ་དུ་འཇུག་པ་ལས། ཁང་དཀར་སྐལ་བཟང་ཚུལ་ཁྲིམས་ལྟར་ཕྱོགས་གཅིག་གི་ཡུལ་སྐད་ལ་

ཕྱོགས་གཅིག་གད་མོ་འཆོར་བར་བཤད་པ་ཙམ་གྱིས་ཅིག་ཤོས་སྐྱོན་ཅན་དུ་ནམ་ཡང་སྒྲུབ་མི་ནུས་སོ། །

  པ་བ་གཉིས་ཀྱིས་མཚོན་གོང་བཀོད་སྒྲ་གདངས་འདྲེས་ཚབ་ཆེ་བའི་ཡི་གེ་དག་ལའང་རྣ་བར་ཐོས་པ་ཙམ་གྱིས་སྒྲ་གདངས་དང་བྱེད་རྩོལ་གྱི་ཁྱད་པར་ཤིན་ཏུ་གསལ་བའི་ཡུལ་སྐད་མེད་པ་ནི་མིན་མོད ། སྟབས་ཉེས་ན་དེ་ནི་ང་ཚོས་

ཀུ་རེ་ཀྱལ་གའི་ཁྲོད་ཀྱང་མཐོང་ཆུང་བྱེད་པའི་འབྲོག་སྐད་དང་ས་མཐའི་ཡུལ་ལུང་བྱེ་བྲག་རེའི་ནང་དུ་གནས་རྐྱེན་ང་ཚོས་གཏན་ནས་སློབ་སྦྱོང་བྱེད་མི་སྲིད ། མཚམས་འདིར་ས་སྐྱ་པཎ་ཆེན་གྱི་སྡོམ་ཚིག་(བོད་སྐད་ཆོས་དང་མཐུན་པ་འབྲོག་པའི་སྐད་)ཅེས་པ་དེར་བསྐྱར་དུ་ཆེ་མཐོང་ཞིག་གནང་སྟེ་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཐུགས་གཞིག་ཟབ་མོ་ཞིག་བྱེད་པའི་དུས་ལ་བབ་པར་སྣང་ངོ༌། །

 

གཉིས་པ། རང་བསམ་ལྟར་གྱི་སྒྲ་གདངས་དང་འཕྲོས་དོན།

 

  གོང་བཀོད་སྒྲ་གདངས་འདྲེས་ཚབ་ཆེ་བའི་ཡི་གེ་དག་ལ་རང་བསམ་ལྟར་གྱི་སྒྲ་གདངས་ངོས་འཛིན་དང་འཕྲོས་དོན་མདོ་ཙམ་བརྗོད་རྒྱུར། རྟགས་འཇུག་གི་མིང་གཞིའི་རྟགས་ཀྱི་དབྱེ་བའི་སྐབས། ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང༌། ། ག་ཇ་ད་བ་ཛ་དང་ཝ། ། ཞ་ཟ་འ་ཡ་ཤ་ས་མོ། ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་སྟེ། །ཞེས་པའི་རྣམ་གཞག་འདིར་སྔོན་དེང་གི་མཁས་པ་རྣམས་མགྲིན་དབྱངས་གཅིག་གྱུར་ཡིན་པ་མ་ཟད ། རྣམ་གཞག་དེ་ལྟར་

མཛད་པའང་ཡི་གེ་དེ་དག་གི་སོ་སོའི་སྐྱེ་གནས་དང་སྒྲ་གདངས་དྲག་ཞན། བྱེད་རྩོལ་གྱི་དམ་ལྷོད་བཅས་ལ་བརྟེན་ནས་ཕྱེས་པར་ཞལ་འཆམས་སོ ། ། དེས་ན་དེང་དུས་བརྡ་སྤྲོད་སྨྲ་བ་རྣམས་དཔེ་དེབ་ཁྲོད་དུ་གཅིག་མཐུན་དང་ལྕེ་ཐོག་ནས་ཕྱོགས་ལྷུང་ཧ་ཅང་ཆེ་བའི་གཞུང་ལུགས་འདིར་རྒྱབ་རྟེན་བཅོལ་ནས་ཡི་གེ་དེ་དག་ལ་རང་གིས་གང་འབྱོང་གི་སྒྲ་གདངས་ཤིག་བཀོད་ན། ཀ་་་་་kaa ག་་་་་kah ཅ་་་་cha ཇ་་་་་chah ཏ་་་་་ta ད་་་་་་tah པ་་་་་pa བ་་་་་wa་་་va? ཝ་་་་་་wh འ་་་་་་a ཨ་་་་་་་aa ཞ་་་་་་་xha ཤ་་་་་sha ཟ་་་་་za  ས་་་་་sa འདི་འདྲ་ཞིག་ཡིན་དགོས་པར་བསམ་ན་ཡང་སྤྱིར་བཏང་འཛམ་གླིང་གི་མི་རིགས་རྣམས་ཀྱི་སྐད་བརྡའི་ཁྲོད་མི་རིགས་སོ་སོར་ལྷན་སྐྱེས་སུ་གྲུབ་པའི་སྐད་ཀྱི་གདངས་སམ་མིང་ཚིག་གི་རྗོད་པ་གྲུབ་བྱེད་ཀྱི་བརྡ་རྣམས་ལ་མི་མཐུན་ས་ཆེས་མང་

བས་མཐའ་གཅིག་ཏུ་འདི་ཙམ་གྱིས་མཚོན་པར་དཀའ་བས་བོད་སྐད་ཀྱི་གདངས་མཚོན་པའི་རྒྱལ་སྤྱིའི་སྒྲ་རྟགས་ལ་མཁས་པ་རྣམས་ཀྱིས་ཞིབ་འཇུག་ཡོང་བ་ཞུ།   

  གསལ་བོར་བཤད་དགོས་པ་ཞིག་ལ་པ་དང་བ་ཡི་སྒྲ་གདངས་ཐད། པ་ལ་ (pa དང༌།།བ་ལ་( wa་་་་va? )འདི་འདྲའི་ཁྱད་པར་ཞིག་མི་འབྱེད་ཐབས་མེད་ཡིན་ཏེ། གཅིག་ན་དབུས་གཙང་བས་ཀྱང༌། ཟླ་བ། གྲྭ་བ། རེ་བ། གསང་བ་སོགས་ཀྱི་བ་ཡིག་ལ (wa) འདི་འདོན་པ་དང༌། གཉིས་ན་པ་ཡིག་མིང་གཞིའི་ཕོ་དང་བ་ཡིག་མིང་གཞིའི་མོ་ཡིན་པས་ཀྱང་ཡི་གེ་འདི་གཉིས་ལ་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་ཆེ་ཙམ་ཞིག་ཕྱེ་དགོས་པ་དང༌། གསུམ་ན་ (བང་)ཞེས་པའི་ཡིག་འབྲུ་འདི(pang)ཞེས་ཀློག་དགོས་ན། སྔོན་འཇུག་ད་བཞག་སྟེ་ (དབང་)ཞེས་པ་འདི་ལ (wang) སྒྲ་ཞིག་

འོང་ཐབས་གཏན་ནས་མེད་དོ ། །  འདི་ནི་བོད་སྐད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་དང་ཐོན་མི་སམ་བྷོ་ཊས་བོད་ཡིག་ལ་

གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་རིས་བསྡུས་མཛད་པའི་གནད་དམ་པ་སྟེ། གཞན་དུ་ན་  (དཔང་) ལ་ཡང་(དབང་)སྒྲ་མི་འོང་པའི་རྒྱུ་མཚན་ཏིལ་ཙམ་མེད་པའི་ཕྱིར། གོང་བཀོད་ཡི་གེ་དེ་དག་གི་སྒྲ་འབྱིན་ཚུལ་གཏན་འཁེལ་བ་ཞིག་བྱུང་ན་རྟགས་འཇུག་སྐབས་ཀྱི་ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པ་འདི་ཡང་དཔེ་དེབ་ཁྲོད་ཀྱི་ངོས་འཛིན་ཙམ་ལས་འདས་ཏེ་ཡི་གེ་རེ་རེ་མིང་གཞི་གང་དང་སྦྱར་བས་སྒྲ་གདངས་ཅི་ཞིག་འབྱུང་མིན་དང༌    དྲག་པོ་ཡིན་ན་དྲག་ཚུལ་ཇི་ལྟར་ཡིན་པ་

རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་གཏམ་གླེང་ལ་སྤྱོད་ཐུབ་པ་ཞིག་འོང་བར་ངེས      གཞན་བ་ཕོ་ག་ད་གཉིས་མ་ནིང༌  ། །

འ་མོ་མ་ནི་ཤིན་ཏུ་མོ་ཞེས་ཅི་ཙམ་བྱང་བར་བྱས་ཀྱང་ཡི་གེ་སོ་སོའི་དྲག་ཞན་གྱི་ཁྱད་པར་དེ་རྒྱུན་སྤྱོད་སྐད་ཆའི་ཁྲོད་བེད་སྤྱོད་མ་ཐུབ་ཚེ་ཕོ་མོ་མ་ནིང་གི་དབྱེ་བ་དེ་ཚིག་ཙམ་དུ་འགྱུར་ལ་བོད་སྐད་གཅིག་གྱུར་ཞེས་པའང་རྨི་ལམ་གྱི་དངོས་པོ་འཚོལ་བའི་ལས་སུ་སྣང༌།

ད་ལྟ་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྤྱི་སྐད་འཚོལ་བའི་ལས་སུ་ཞུགགས་པའི་དཔྱད་རྩོམ་མང་དུ་ཐོན་བཞིན་འདུག་མོད། ཕལ་ཆེ་བའི་ལུང་ཚན་གང་ཞིག་གི་ཁ་སྐད་སྤྱི་སྐད་ཀྱི་གཞི་འཛིན་བྱེད་དགོས་མིན་གཙོ་བོར་བརྗོད་པ་

ལས་གསལ་བྱེད་སུམ་ཅུ་ལ་གཅིག་གྱུར་གྱི་སྒྲ་གདངས་འཚོལ་བ་དང་དེའི་གཏན་འབེབ་ལ་དཔྱད་ཞིབ་པ་ཆེས་ཉུང་

བ་འདི་ནི་ངོ་མཚར་བ་ཞིག་སྟེ། བོད་སྐད་དེ་གཅིག་གྱུར་ནས་སོ་སོར་གྱེས་ཚུལ་ཀུན་གྱིས་སྒྲོག་བཞིན་ཡོད་པ་ལ །སླར་ཡང་གཅིག་གྱུར་གྱི་ཐབས་ལམ་དེ་སླར་ཡང་སྔོན་གྱི་གཅིག་གྱུར་ལྟར་ཡིག་སྐད་ལ་ཕྱིར་ཕྱོགས་དགོས་པ་སུས་ཀྱང་ཡིད་ལ་ཤར་སླ་བའི་ཚོད་དུ་འདུག་མོད  ། ཚུལ་དེ་ཕར་བཞག་ནས་ཁ་སྐད་གང་ཞིག་གཞི་འཛིན་བྱེད་དགོས་མིན་དང་ཁ་སྐད་གང་ཞིག་གི་དགེ་མཚན་གླེང་རྐྱང་བྱེད་པ་འདི་སྤྱི་སྐད་འཚོལ་བའི་སྙིང་གཏམ་ཞིག་ལས་སྤྱི་སྐད་བརླགས་པའི་

གཤེད་མར་མི་འགྱུར་བའི་ངེས་པ་མི་སྣང༌།

 ཁོ་བོས་བསམ་པར་བོད་ཀྱི་སྤྱི་སྐད་དེ་རྟགས་འཇུག་གི་དགོངས་པ་ལྟར་སྔོན་རྗེས་མིང་གསུམ་གྱི་སྒྲ་གདངས་དྲག་ ཞན་ཇི་ལྟར་ཕྱེས་པ་དེ་ལྟར་གཏན་འབེབས་དང་རྒྱུན་སྤྱོད་སྐད་བརྡའི་ཁྲོད་འཇགས་ཐབས་བྱེད་རྒྱུ་ལས་གཞན་པའི་བོད་སྐད་གཅིག་གྱུར་བྱེད་ཚུལ་ཞིག་མི་མཐོང༌། འདི་ལ་དགོས་པ་དགེ་མཚན་མང་དུ་བརྗོད་རྒྱུ་ཡོད་མོད་རེ་ཞིག་དེ་ཙམ་བྱ། དེའི་ཕྱིར་སློབ་གྲྭ་སོ་སོའི་དགེ་རྒན་རྣམ་པ་གཙོ་བྱས་བོད་ཡིག་སྦྱོང་སྤེལ་གྱི་ལས་ལ་གཞོལ་བ་ཚོས་བོད་ཡིག་ལ་གཅིག་གྱུར་གྱི་ཀློག་གདངས་ཤིག་འཚོལ་བའི་ཐབས་ལ་བརྩོན་ན་བོད་སྐད་གཅིག་གྱུར་ནི་དེ་རང་གིས་འོང་བར་

མཐོང་སྟེ་ཞོར་འཕྲོས་ཙམ་མོ། །

      དེ་བཞིན་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་དེ་ཡང་བྲ་ཏིའི་ལུགས་དང་སི་ཏུའི་ལུགས་ཞེས་རང་ལྟ་མཆོག་  འཛིན་གྱི་ལམ་སྲོལ་འདི་རེ་ཞིག་བཏང་སྙོམ་ལ་བཞག་སྟེ      སྒྲ་གདངས་དྲག་ཞན་གྱི་དབྱེ་བ་མངོན་པར་དོད་པའི་

འབྲོག་སྐད་དང་ལ་དྭགས་སྐད་སོགས་ལ་ཞིབ་འཇུག་དང་འབྲེལ། སྔོན་བྱོན་མཁས་པའི་གཏན་འབེབ་དང་ཕན་ཚུན་དཔྱད་བརྡུར་གྱི་ཐབས་ལམ་སྤྱད་དེ་མ་འོངས་བོད་སྐད་གཅིག་གྱུར་ལ་གཅིག་གྱུར་གྱི་ཀློག་གདངས་ཤིག་འཚོལ་

དགོས་པ་ལས།ཡུལ་སྐད་གང་ཞིག་གི་མིང་བརྡ་གསར་བ་ཡིན་མིན་དང་རྣ་ལ་བདེ་མིན་བཤད་པས་བོད་སྐད་གཅིག་གྱུར་ལ་ཕན་ཐོགས་ཅུང་ཞིག་ཀྱང་མི་སྣང་ངོ༌  ། ། གལ་སྲིད་ཆོལ་ཁ་གསུམ་ལ་མཐུན་སྣང་བ་མེད་པའི་ཀློག་གདངས་འདི་དེ་མུར་རྒྱུན་བསྐྱངས་ན་བོད་སྐད་གཅིག་གྱུར་ཞེས་པ་ཕར་ཞོག་ཐོབ་ཐང་དང་མིང་ཚིག་གི་རྣམ་གཞག་ཀྱང་ཁ་འཐོར་ཡ་བྲལ་དུ་འགྲོ་ཞིང་དེའི་སྔ་རྟགས་ཙམ་ད་ལྟ་ནས་མངོན་བཞིན་འདུག་པ་འདིའོ། །

 

གསུམ་པ། པ་བ་གཉིས་ཀྱི་ཡིག་གཟུགས་སྦྱོར་ཚུལ་སྐོར།

 

པ་བ་གཉིས་ཕྲད་རང་དབང་བ་ཡིན་མིན་དང་དེ་གཉིས་བདག་སྒྲར་འཇུག་མིན་ཐད་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་བཞེད་ཕྱོགས་གཉིས་སུ་གྱེས་ཤིང་ཕན་ཚུན་དགག་གཞག་གི་རྣམ་པའང་མང་དུ་ཐོན་ཡོད། དེ་ཡང་དཔལ་སྒང་ལོ་ཙ་བའི་ངག་སྒྲོན་དུ   ། ག་ད་ན་བ་མ་ས་དང༌ ། །ད་དྲག་ཅན་མཐར་པ་དང་ནི། ། ང་འ་ར་ལ་མཐའ་མེད་མཐའི ། །ཝ་ཕྱེད་བར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར ། །ཟག་པ་མེད་པ་ཕན་པ་མཆོག །  ཐོབ་པ་དམ་པ་

མཁས་པ་རུ  ། །གྱུར་བ་དང་བ་དགའ་བ་ལ ། །མྱུར་བར་མཇལ་བར་སྤྲོ་བ་ལས། ། ལུང་པ་མདའ་པའི་འབྱོར་པ་ཡིས ། །

ཡུལ་པ་ཕུ་པ་ཚིམ་སོགས་དཔྱད། །ཅེས་འབྱུང་བས་ལུང་པ་མདའ་པ་སོགས་དཔྱད་གཞིར་བཞག་པ་མ་ཟད། མྱུར་བར་མཇལ་བར་སྤྲོ་བ་ལས་ཞེས་པས་མི་འཐད་པའི་ཕྱོགས་སུ་བསྟན་པ་ཤུགས་ཀྱིས་རྟོགས་ཐུབ་པ་ཡིན། དེ་བཞིན་ཞ་ལུ་ལོ་ཆེན་དང༌། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ ། པྲ་ཏི་རིན་ཆེན་དོན་གྲུབ ། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་པ་མང་བོ་ཞིག་གིས་པ་བ་གཉིས་ཕྲད་གཞན་དབང་བར་བཞེད། སི་ཏུ་པཎ་ཆེན་གྱིས་པ་བ་གཉིས་ཕྲད་རང་དབང་བ་དང་བ་ཡིག་བདག་སྒྲ་ལ་གཏན་ནས་མི་འཇུག་པར་བཞེད་པས་ཁོང་གི་ཕྱོགས་འཛིན་མཁས་པ་སྐོར་ཞིག་གིས་པུ་ལིངྒ་དང་སྟཱི་ལིངྒ་མི་འགལ་བའི་ཐལ་བ་འཕེན་མྱོང་ན་ཡང༌། བཞེད་ཕྱོགས་གཉིས་སུ་གྱེས་པའི་རྩ་གནད་ནི་སུམ་རྩའི་པུ་ལིངྒ་ཡི་སྒྲ་མེད་པ་ཞེས་པར་ཞ་ལུ་ལོ་ཆེན་སོགས་ཀྱིས་པ་སྡེར་གོ་བ་དང༌ །     སི་ཏུ་སོགས་ཀྱིས་པ་ཡིག་ཁོ་ནར་གོ་སྟེ་

བཞེད་ཕྱོགས་སྔ་མ་བཀག་ནས་རང་ལུགས་གསལ་བོར་བཞག་པ་ཡིན། འོན་ཀྱང་པ་བ་གཉིས་བདག་སྒྲར་འཇུག་མིན་ལ་ལུང་ཙམ་སྐྱབས་སུ་བརྟེན་མི་དགོས་པར་ཡོངས་ཁྱབ་ངང་བོད་ཀྱི་ཡུལ་སྐད་དག་ལ་གསལ་བོར་ཡོད་དེ། མུ་སྟེགས་པ། དགའ་ལྡན་པ། མདོ་སྟོད་པ། སྙན་ངག་པ་སོགས་ཀྱི་པ་ཡིག་བདག་སྒྲ་ཡིན་པ་རྩོད་མེད་དང༌། ལྷ་ས་བ།  སེ་ར་བ།

ཨ་རི་བ། ཀྲུང་གོ་བ། རེབ་གོང་བ། ཕུལ་བྱུང་བ  ། གླུ་བ་སོགས་ཀྱི་བ་ཡིག་ཁ་ཅིག་གིས་པ་འབྲི་བདག་སྒྲ་ཡིན་མིན་ལ་  ཡང་རྩོད་པ་འོང་དོན་མེད་སྙམ། མི་མཐུན་ས་ནི་ (ལྷ་ས)ལྟ་བུའི་མཐའི་ཡི་གེར་པ་དང་བ་གཉིས་ལས་གང་ཞིག་བྲིས་ན་འགྲིག་མིན་དེ་ཡིན།དབུས་གཙང་བའི་ཁ་སྐད་ལྟར་ན་པ་དང་བ་གང་བྲིས་ཀྱང་ཕལ་ཆེ་བས་པ་ཡིག་ཏུ་ཀློག་པས་

དེའི་ཤན་ཤུགས་འོག་(ལྷ་ས)ལྟ་བུའི་མཐར་ཡང་ ()ཡིག་འབྲི་བ་ནི་ཧ་ཅང་ཐལ་ཆེ་བར་སྙམས་ཏེ། དཔེར་ན། བུམ་པ།བ་གླང་སོགས་ཀྱི་བ་ཡིག་དབུས་གཙང་བས་པ་ཡིག་ཏུ་ཀློག་པས་དེར་ཡང་པ་ཡིག་བྲིས་ན་འོས་འཚམས་ཤིག་ག་ལ་ཡིན། དེ་བཞིན་ཨ་མདོ་བས་བ་ཡིག་ཏུ་ཀློག་པ་དག་ཀྱང་རྣམ་པ་ཀུན་ཏུ་བ་ཡིག་འབྲི་དགོས་པ་གཏན་ནས་མིན་ཏེ་

དཔེར་ན། བྱིས་པ་ལ་བྱིས་བ། པཎ་ཆེན་བན་ཆེན་སོགས་ནི་བརྡ་ལོག་ཏུ་སོང་ན་ཡང་ཁ་སྐད་དེ་བཞིན་ཡིག་ཐོག་ལ་

འབྲི་མཁན་གྱི་མདོ་སྨད་པ་ཞིག་དེ་སྔ་བྱུང་མེད་པར་བསམ།འོན་ཀྱང་དབུས་གཙང་བའི་ཁ་སྐད་ཀྱི་ཤན་ཤུགས་འོག་མིང་མཐའི་པ་བ་ཡོད་ཚད་པ་ཡིག་ཏུ་སྒྱུར་བཞིན་པ་ཚོས་ཅུང་གཟབ་དགོས་པར་མཐོང་སྟེ་མི་རིགས་ཤིག་གི་སྐད་

ཡིག་གི་རྣམ་གཞག་མི་རེ་གཉིས་ཀྱིས་རང་དགར་བསྒྱུར་ཆོག་པ་ཞིག་ཡིན་རྒྱུ་མ་རེད།དེའི་ཕྱིར་མིང་གི་ཆ་ཤས་མ་ཡིན་པའི་རྟགས་མཐའི་པ་བ་ལ ། ག་ད་པ་ས་ན་མ་པ ། །ང་འ་ར་ལ་མཐའ་མེད་བ། ། ཞེས་པའི་རྣམ་གཞག་ལྟར་སྤྱད་ན་

ལེགས་ཏེ་སྒྲ་གདངས་གཅིག་གྱུར་དང༌། འབྲི་ཚུལ་གཅིག་གྱུར། མིང་ཚིག་གཅིག་གྱུར་ནི་བོད་སྐད་གཅིག་གྱུར་གྱི་རྨང་གཞི་ཡིན་པའི་ཕྱིར།གལ་སྲིད་པ་བ་གཉིས་ཕྲད་རང་དབང་བར་བཟུང་ནས་དེ་གཉིས་སྦྱོར་ཚུལ་སྔར་མུས་བཞིན་རྒྱ་

ཡན་དུ་བཏང་ཚེ་མི་རེ་ངོ་རེས་རང་ཉིད་ཀྱི་བརྗོད་བདེར་བསྙེགས་ནས་པ་བ་གཉིས་ཆ་ཤས་སུ་གྲུབ་པའི་མིང་རྐྱང་

རྣམས་ཀྱང་ཕུ་དཀྲུགས་མདའ་དཀྲུགས་ཤིག་འབྱུང་ངེས་ཏེ་ད་ལྟའི་ཆར་ཡང་སྟོང་བ། རྒྱལ་བ། གསར་བ་ཞེས་དང༌།

སྟོང་པ། རྒྱལ་པ། གསར་པ་ཞེས་སྣ་ཚོགས་སུ་སྤྱོད་པ་འདིས་མཚོན་ཐུབ། ལར་བརྗོད་བདེ་ཞེས་པ་འདི་ལ་བརྡ་སྤྲོད་ཀྱི་རྣམ་གཞག་གཏོར་བའི་ཐོག་མདའ་ཞིག་གི་ནུས་པ་འདུག་ན་བརྗོད་བདེ་ལ་མཚམས་ཚིག་བཙན་པོ་ཞིག་འཇོག་པ་

འམ། ཡང་ན་བརྡ་སྤྲོད་སྨྲ་བའི་ཚིག་མཛོད་ལས་རྒྱང་འཕུད་གཏོང་དགོས་པར་མཐོང༌། གཞན་ཡང་སྔོན་རྗེས་ཀྱི་སྒྲ་

གདངས་དྲག་ཞན་དང་བོད་ཀྱི་ཡུལ་ལུང་སོ་སོའི་ཁ་སྐད་ལ་དཔྱད་བསྡུར་གྱིས་བརྗོད་པར་བྱ་བ་མང་དུ་འདུག་ཀྱང་རང་དོན་གྱི་སློབ་གཉེར་ཐན་ཐུན་པོར་ཞེ་ཆགས་ཀྱིས་བྲེལ་ཞིང༌། དཔྱོད་ལྡན་གཞུང་དྲང་གི་གངས་རིའི་བུ་ཕྲུག་ཚོས་རང་གི་ཕ་སྐད་རླུང་ལ་མི་སྐུར་བའི་ཡིད་ཆེས་དང་ལྷན་དུ་དེ་ཙམ་གྱིས་ཆོག་པར་བྱས་སོ། །

སྐྱེས་སྦྱངས་རྣམ་དཔྱོད་རང་མཐུ་མ་རྫོགས་རྨོངས་པའི་མུན་པར་ཉལ་ན་ཡང༌། 

རིགས་ཀྱི་ནོར་བུ་སྟོར་ལ་མ་བཟོད་རང་སེམས་རང་གིས་མ་ཁོག་པར། །

ལྷག་བསམ་གཙང་མའི་སྙིང་གཏམ་འདི་ཀོ་བྱིས་པའི་ཅ་ཅོ་ཡིན་ལགས་ཀྱང༌། །

ར་རུའི་རྡུལ་བྲལ་སེམས་པ་དྭངས་མོ་ཁྱེད་ཅག་དགྱེས་པའི་རྟེན་དུ་འདེགས། །

བརྡ་སྤྲོད་གཞུང་ལུགས་རྒྱ་མཚོའི་ཕ་མཐའ་ནས། །

གཙུག་ལག་ཧུབ་ཀྱིས་འདྲེན་པའི་མཁས་པ་དག 

དོན་སྟོང་བྱིས་པའི་མུ་ཅོར་སྒྲོག་པ་འདིས། །

བྱམས་བརྩེའི་གཟིགས་པ་གདོང་དམར་བོད་ལ་ཞུ། །

 

ཅི་ཡང་མ་མཐོང་གང་ཡང་མ་ཐོས་པའི། །

ཅང་མེད་བླུན་པོའི་བུ་ང་གླེན་ན་ཡང༌། །

ཀ་ཁ་ག་ངའི་མུ་མཐའ་བསྲིང་སྙམས་ཏེ། །

ཅ་ཆ་ཇ་ཉའི་ལ་རྒྱ་འདི་རུ་བྲིས། །

 

 

 

                                                     ༢༠༠༥ ཟླ་༧ ཚེས་༧ ལ་སེ་ར་ནས།

གསལ་བཤད། རྩོམ་ཡིག་འདི་ནི་དེ་སྔ་རྒན་བྱ་གཞུང་ཀླུ་པ་དང་། གྲོགས་པོ་གཡུ་སྒང་སྣ་བོ་ཆེ། ཆོས་འཕེལ། རང་ཉིད་བཅས་ཀྱིས་

གཉེ ར་བའི་༼ཅང་ཤེས་རྨིག་སྒྲ༽  དུས་དེབ་ཏུ་བཀོད་མྱོང་།

 

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།