གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞི་བདེའི་ས་བོན་འཚོལ་བའི་སོ་ནམ་པ་ཞིག་གི་བསམ་གཞིགས།

2010-03-30 12:44:00 བཤད་སྒྲུབ། ཀློག་གྲངས། མཆན ཡོད།

ཕྲ་ཡང་མ་འདྲེས་གཟིགས་པའི་ཚན་རིག་མཁན།།

རྫུན་བསླུའི་ཨི་ཁུང་མེད་པ་ལེགས་གསུང་ཆོས།།

ཡ་རབས་གཤིས་ལེགས་སྤྱོད་བཟང་འདུས་པའི་སྡེ།།

གཏན་གྱི་སྐྱབས་སུ་གོ་ཡང་རྨོངས་དད་མིན།།

       འདི་ལྟར་སྔོན་བསུ་བྱེད་པ་ནི། ཡ་རབས་དམ་པའི་རྗེས་ཤུལ་ལ་བརྩི་མཐོང་གཙིགས་ཆེན་བྱེད་པ་ལས། བྱུང་རྒྱལ་དུ་སྨྲ་བའི་ཕོ་ཚོད་དང་སྙིང་སྟོབས་ཅི་ཡང་མེད། དེ་ལྟ་ནའང་། རང་ཉིད་ཀྱི་ལྟེ་ཁྲག་གང་གི་གནས་སུ་གཏོར་བའི་མིའི་རིགས་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡག་པོ་དང་བསྟུན་ཏེ། རང་དོན་ཆེས་ཆེར་མི་གཉེར་བའི་ཞིང་གཞན་དོན་སྒྲུབ་པ། ཤེས་མཐོང་ཟུང་གི་རྒྱ་ཡངས་པ། ངག་ཚིག་དྲང་བོར་སྨྲ་ཞིང་གཞན་ལ་བསྟུན་ཆེ་བ། འབངས་དང་ཚོགས་པར་ཤ་ཞེན་ཆེ་བ། ཁ་ཞེ་ལྟག་སྤྲོད་དུ་སོང་བའི་ཕྱོགས་རིས་ཀྱི་ཆ་མེད་པ། ཟས་གོས་ངན་ངོན་སོགས་ཀྱི་འཚོ་བར་བསྟེན་ཅི་ཐུབ་ཀྱིས་རང་གཤིས་བཟང་བོ་དང་མི་ཚེ་ཆོས་ཀྱིས་ཟད་པར་བྱེད་རྒྱུ་ནི། ང་དང་ངའི་གྲོགས་པོ་དག་གི་གཤིས་ཀ་ཉག་གཅིག་རེད། ཞེ་ཕངས་པ་ལ། སྲོལ་རྒྱུན་གྱི་བག་ཆགས་རྙིང་བའི་མངའ་ཁུར་ལས། གསར་བྱུང་གི་བུ་ཕྲུག་འཚར་ལོངས་བྱུང་ཡོད་པ་དངོས་སུ་གྲུབ་ནའང་། གསར་བྱུང་བུ་ཕྲུག་གིས་ཆེད་དུ་བགྲད་པའི་སྡང་མིག་དེ། སྔོན་སྲོལ་ཨ་མའི་ཞལ་ལ་རྣོ་བ་སེམས་ཚེ་ལྷག་བསམ་གྱི་ཐང་དཀར་རྒོད་པོའི་གཤོག་འགྱུར་མཁའ་དབྱིངས་སུ་བརྐྱངས་ཏེ་བདེན་གཏམ་གྱི་རོལ་མོ་སྤྲིན་དཀར་ཀློང་ནས་མི་འཁྲོལ་རང་དབང་ཅི།

རྙིང་ཞེན་རེ་འགས་གསར་བྱུང་ཐན་ལྟས་བསྒོམས།།

གསར་ཞེན་ཕལ་གྱིས་སྲོལ་རྒྱུན་རྨོངས་དད་སེམས།།

གཟུར་གནས་དྲང་བདེན་ཅན་གྱི་རྟོག་ངོ་རུ།།

འདི་གཉིས་ཕྱོགས་ཆད་མེད་པའི་མ་བུར་ངེས།།

ཞེས་པ་འདི་ནི་ཐོག་མའི་གཏམ་བརྗོད་དང་འབྲེལ་བའི་བར་སྐབས་ཀྱི་སྲོང་ཚིག་གི།

       འདིར་གླེང་བར་བྱ་བ་ནི། དེང་རབས་ཀྱི་བསམ་པའི་འཁྱེར་སོ་ལ་གཞིགས་ཏེ་བདེན་པ་བདེན་དོན་གྱིས་ཞི་བདེའི་ས་བོན་འཚོལ་བ་ལ། ཞི་བདེ་ཞེས་པའི་ངག་སྦྱོར་འདི། འཆད་པ་པོ་ཞིག་གིས་འཆད་པའི་ཚེ་འཆད་པར་སྤྲོ་བ་དང་། ཐོས་པ་པོ་ཞིག་གིས་ཐོས་པའི་ཚེ་ཐོས་པར་སྤྲོ་བ་ཞིག་ཏུ་ངེས་ཀྱང་། འདིའི་རྒྱུ་སྒྲུབ་པ་ལྷུར་ལེན་བྱེད་མཁན་ནི་ཉིན་སྐར་ལས་ཀྱང་དཀོན་པའི་ཚོད་དུ་སྣང་ངོ་། །

 དེས་ན་ང་ཚོ་སུ་དང་གང་ཞིག་ཡིན་རུང་། རང་རང་འཚོ་བའི་གནས་སྟངས་ཡག་པོ་ཞིག་དང་ལྷིང་འཇགས་ཀྱི་ཞི་བདེའི་འཚོ་གནས་རྣལ་མ་ཞིག་འཐོབ་དགོས་ན་ངེས་བར་དུ་དེའི་རྒྱུ་སྒྲུབ་དགོས་པ་ནི། ང་དང་ངའི་གྲོགས་པོ་ཀུན་གྱིས་འཁུར་འོས་པའི་ཁུར་རོ།།ཐོག་མར་ཞི་བདེ་ཞེས་པའི་པ་འདི་གཞན་ནས་བཙལ་ཏེ་སྟོན་རྒྱུ་ཞིག་མིན་པ་ནི་ཤེས་ཚོད་རེད། འོ་ན་ཞི་བདེ་ཞེས་པ་དེ་གང་ལ་ངོས་འཛིན་ཞེ་ན། གནས་སྐབས་སུ་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་ཞིང་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་བདེ་བ་ཞིག་དང་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་སུ་གྱུར་བའི་སྒྲིབ་པ་ཀུན་དང་བྲལ་བའམ་ཞི་བའི་ཡོན་ཏན་ལ་མངའ་བརྙེས་པའི་བདེ་བ་མཆོག་ལ་ངོས་འཛིན་དགོས་པ་ཡིན།   དེ་ཡང་སེམས་ཞི་བའམ་སེམས་འདུལ་དགོས་པ་ཞིག་ལ་ངོས་འཛིན་པ་ལས། ཕྱི་རོལ་ཡུལ་གྱི་གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་ལ་རྩོད་སྒྲུབ་དང་བརྩོན་ལེན་བྱེད་པ་ལས་བྱུང་བ་ཞིག་གཏན་ནས་མིན། དེ་བས་ཀྱང་། རྒྱལ་ཁབ་དང་སྒེར་གྱི་མངའ་ཁོངས་སྲུང་སྐྱོབ་ལ་ཁ་གཡར་ཏེ་དམག་མིས་གོ་མཚོན་འགྲན་བསྡུར།  མེ་ཤུགས་དང་རྫས་ཤུགས་ལ་བརྟེན་པའི་འཕུར་མདའ་དང་འབར་མདེའུ། དུག་རླངས་དང་ནད་འབུ་ཕྲ་རབ་བསྒོས་པའི་རྡུལ་ཕྲན་མཚོན་ཆ་སོགས་བཟོ་བསྐྲུན་བྱེད་པ་ལས་བྱུང་བ་ནི་དེ་བས་ཀྱང་མིན་པར་གོ་སྟེ། དེ་དག་གིས་རང་གཞན་གཉིས་ཀ་མི་བདེ་བར་བྱེད་པའི་རྒྱུར་མ་གཏོགས་ཞི་བ་དང་བདེ་བའི་རྒྱུར་འཛོམས་མ་འཛོམས་དང་། ཕུ་ནུ་མིང་སྲིང་། སྙིང་དང་འདྲ་བའི་མཛའ་མཐུན་གྱི་གྲོགས་པོ། བུ་དང་བུ་མོ། ཚ་བོ་ཚ་མོ་སོགས་མང་པོ་ཞིག་ཡོད་ཀྱང་ཐ་མར་འབྲལ་དགོས་པ་ལས་བདེ་བ་མེད་པ་ནི། དཔེར་ན། སྐྱེ་བོ་མཐོ་དམན་སུ་འདྲ་ཞིག་ཡིན་རུང་། སྐྱེ་མཆི་དང་སེམས་ལ་རང་དབང་ཐོབ་པ་ཞིག་མིན་ཕྱིན། སྐྱེ་རྒ་ན་འཆི་གསུམ་དང་།  དགྲ་སྡིག་པ་དང་འཕྲད་པ། གཉེན་ཡིད་འོང་དང་བྲལ་བ། འདོད་པ་བཙལ་ཀྱང་མི་རྙེད་པ། མི་འདོད་པ་ཐོག་ཏུ་འབབ་པ་སོགས་ཀྱི་སྡུག་བསྔལ་འབྱུང་བཞིན་པ་ཤེས་ཚོད་རེད། གཞན་ཡང་ཟག་བཅས་ཀྱི་དངོས་པོ་ཟས་གོས་དང་རྒྱན་ཆ། དངུལ་དང་ཡོ་བྱད། གནས་ཁང་སོགས་ནམ་མཁའི་མཛོད་ལ་དབང་ཡང་། རང་ཉིད་མ་ཤི་ཚུན་ཆད་དུ་གཅིག་གཅིག་ལ་གཏམ་བརྗོད་ངན་སྨྲས་འབྱུང་བཞིན་པའི་སྡུག་བསྔལ་དང་། ཐ་མར་འབྲལ་དགོས་པའི་ཚེ་ནའང་རང་ཉིད་འཆི་མི་ཐུབ་པའི་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མ་ཟད། ཤི་བའི་རྗེས་སུའང་གཉེན་ཉེ་ཕན་ཚུན་ལ་མཚོན་གྱིས་འདེབས་པ་དང་སྲོག་འཕྲོག་པ་ལ་སོགས་པའི་ལས་ལ་ཞུགས་པའི་སྡུག་བསྔལ་མྱོང་བཞིན་པ་མིག་མཐོང་དངོས་ཐོས་རེད།དེར་མ་ཟད། ནང་བསམ་པ་བརྩེ་སེམས་དང་ལྷག་བསམ་གྱིས་མ་ཟིན་པའི་ཤེས་ཡོན་ཅན་དང་ལག་རྩལ་ཅན། ཐོབ་དང་གོ་ས་ཅན་དེ་དག་ཀྱང་རང་རང་གི་གར་སྟེགས་སུ་ཁེངས་དྲེགས་ཀྱིས་འགྱིང་བཞིན་བཞད་གད་ཆེན་པོས་བརྙས་སྨོད་དང་ཕྲག་དོག་གི་ཚོར་སྣང་གཞན་ལ་བསྟབས་ཀྱང་མ་ཚིམ་པའི་སྡུག་བསྔལ་ལས་གཞན་གོ་གནས་བརྩད་ཀྱང་མཐོ་དམན་ཤོར་བའི་སྡུག་བསྔལ་བ་སོགས་ལས་བདེ་བའི་གོ་སྐབས་འབྱུང་མི་སྲིད་པ་ནི་མངོན་གསལ་རེད། དེའི་ཕྱིར། ང་ཚོ་སུ་ཡིན་ཡང་སེམས་ལ་ལྷིང་འཇགས་ཀྱི་བདེ་བ་ཞིག་ཐོབ་དགོས་ན། ངེས་པར་དུ་སེམས་འདུལ་དགོས་པ་ནི། མདོ་ལས། སེམས་འདུལ་བ་ནི་ལེགས་པ་སྟེ།། སེམས་འདུལ་བ་ནི་བདེ་བ་འདྲེན།། ཞེས་འཇིགས་པ་མེད་པའི་བཀའ་ལུང་འདི་ལས་གཞན་ལུང་སྣ་ཚོགས་འདྲེན་པ་ལ་དགོས་པ་ལྷག་པོ་མེད་པའི་ཕྱིར་རོ།།

འོ་ན་སེམས་ཀྱི་གླང་བོ་འགུག་པའི་ཐབས་ལམ་གྱི་ལྕགས་ཀྱུ་ལྟ་བུ་གང་ཞེ་ན། ཚད་མ་ཀུན་བཏུས་ལས། ཚད་མར་གྱུར་བ་འགྲོ་ལ་ཙན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ།། ཅེས་གསུངས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་ནང་གི་དངོས་པོ་མཐའ་དག་མ་འདྲེས་པར་མཁྱེན་བཞིན་གཏན་ལ་འབེབས་པའི་ཚད་རིག་མཁན་པོའམ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་འདུལ་བྱ་རྣམས་གྲོལ་ལམ་ཟབ་མོར་འཁྲིད་པའི་དེད་དཔོན་ཆེན་པོ། ཚད་མའི་སྐྱེས་བུ་སྟོན་པ་བདེ་གཤེགས་སྐྱོབ་པ་མཆོག་གི་ཚད་མའི་གསུང་གི་ངང་ཚུལ་ཉིད་ལས་གཞན་མེད་དེ། མདོ་ལས།  སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་སོ།།

སྨྲས་པ།

བརྩེ་བྲལ་སྟོབས་ནུས་ལྡན་ལ་གཞན་ཕན་མེད།།

འཕྲུལ་དང་རྫས་མཚོན་དར་ཡང་ཞི་བདེ་མེད།།

ཕུ་ནུ་མིང་སྲིང་འཛོམས་ཀྱང་ལྷིང་འཇགས་མེད།།

སེམས་གླང་འགུག་ལ་དམ་ཆོས་ལྕགས་ཀྱུ་ཉིད།།

གཉིས་པ།  ལྷིང་འཇགས་ཀྱི་ཞི་བདེའི་རྒྱའི་གཙོ་བོ་ལ་སྙིང་རྗེ་ཉིད་མེད་མི་རུང་བར་གླེང་བ་ལ། དེང་གི་དུས་འདིར། ཚན་རིག་ཡང་རྩེར་སོན་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ལ་ལྟ་རྟོག་དང་ཞིབ་འཇུག་ཅི་ཙམ་བྱེད་ཀྱང་ཕྱི་ནང་གི་དངོས་པོའི་གནས་ཚོད་རགས་པ་ཙམ་ལས། ཚན་རིག་ལ་ཕན་ནུས་ངེས་ཅན་ཞིག་སྟེར་བཞིན་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་སུ་ཆོད་མི་ཐུབ་པ་ཤེས་ཚོད་རེད། ཡིན་ནའང་། ཆོས་དང་ཆོས་མིན་གྱི་ཁྱད་འབྱེད་མི་ཤེས་པའི་རང་རིགས་ཀྱི་ཞིབ་འཇུག་སློབ་མ་རེ་འགའ་དང་། ནང་ཆོས་ལ་ཞིབ་འཇུག་གནང་མཁན་ཡིན་ཟེར་བ་རེ་གཉིས་ཀྱིས་ནང་རིག་པར་ཞིབ་དཔྱད་བྱེད་པར་ཕར་ཟད། དཔེ་ཀློག་ཙམ་ཡང་ཕལ་ཆེར་བྱས་མེད་པའི་མཚོན་རྟགས་མངོན་གསལ་ཅན་ཁག་གཅིག་གིས་རང་ཉིད་ཀྱིས་མི་རིགས་གཞན་པའི་སྐད་དང་སྐད་ཡིག་རེ་ཕྱོགས་མཐོང་ཙམ་གྱིས་ཁེངས་བློས། རྙིང་བའི་རིག་སྲོལ་མཐའ་དག་མཆིལ་ལུད་ལྟར་ཕྱག་དར་ཁྲོད་དུ་འཕེན་དགོས་པ་དང་། གསར་བྱུང་མཐའ་དག་རིན་ཆེན་གྱི་ནོར་ལས་ལྷག་པར་གཅེས་གཉེར་བྱ་དགོས་ཞེས་པའི་རྩོམ་ཡིག་དང་གཏམ་བཤད་སྤེལ་བ་དང་། སངས་རྒྱས་ཆོས་ལུགས་ནི། ཀླད་རྙིང་རྒན་ཤེས་ཕོ་མོ་དང་། ཤེད་མ་རྒྱས་པའི་བྱིས་པ། དབང་བོ་སྐྱོན་ཅན་རྣམས་ཀྱིས་ཆེད་དུ་གཉེར་བར་བྱ་བའི་ལས་ཀར་བསམ་ཞིང་། སངས་རྒྱས་ཆོས་ལུགས་ལ་རྨོངས་དད་དུ་བཟུང་ནས་ཆོས་ལ་ལོག་བཤད་དང་། རྒྱུ་མཚན་ཅི་ཡང་མེད་པར་འཆལ་གཏམ་སྣ་ཚོགས་བསྒྲགས་ཏེ། སངས་རྒྱས་ཆོས་ལུགས་ནི་བོད་མི་རིགས་ཀྱི་དཔལ་འབྱོར་རིག་གནས་སོགས་ཡར་རྒྱས་སུ་འགྲོ་བའི་གེགས་རྡོ་ལྟ་བུ་རེད་ཅེས་ཐན་བྱ་འུག་པའི་སྐད་ངན་བྲག་ལ་ཆ་བ་དེ་དག་ལ་བསྙད་པར་བྱ་བ་འདི་ཡོད་དེ། རྣ་བར་གཟན་པའི་འཆལ་གཏམ་དེ་དག་མི་འཐད་པར་ཐལ། ལྷང་འཇགས་ཀྱི་ཞི་བདེ་རྣལ་མ་ཞིག་ཐོབ་དགོས་ན། རྙིང་སྲོལ་ནང་ན་ནོར་བུ་ལས་ཀྱང་ཆེད་གཉེར་བྱེད་དགོས་པ་དང་། གསར་བྱུང་ནང་ན་མཆིལ་ལུད་ལས་ཀྱང་ཞེན་ལོག་ངེས་པ་ཡོད་པའི་ཕྱིར་ཏེ། ཁྱེད་ཅག་གིས་རྙིང་བའི་གྲས་སུ་ངོས་བཟུང་ཟིན་པའི་བྱམས་སྙིང་རྗེ་དང་གཞན་ཕན། བྱང་ཆུབ་ཀྱི་སེམས་དང་ལས་འབྲས་སོགས་ཞི་བདེའི་སྲོག་རྩར་མ་སོང་བ་མེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།། དེ་ཀུན་གཞན་བདེ་འདོད་ལས་བྱུང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།། དེ་ཀུན་བདག་བདེ་འདོད་ལས་བྱུང་།། ཞེས་གསུངས་པའི་ཕྱིར་དང་། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས་ཀྱང་། དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན།། འདི་ནི་སྙིང་རྗེ་ལྗོན་ཤིང་ཆེན་པོ་ཡིན།། ཞེས་དང་། ཡང་དེ་ཉིད་ལས། བརྩེ་དང་ལྡན་པའི་སྙིང་རྗེ་སྦྱིན་པ་དང་།། ལོངས་སྤྱོད་དང་ནི་དེ་ལས་བྱམས་པ་དང་།། རྗེས་སུ་བཟུང་བས་བསྐྱེད་དང་དེ་ཡིས་མཐུས།། བྱམས་པའི་བདེ་བ་རྟག་ཏུ་འཕེལ་བར་འགྱུར།། ཞེས་གསུངས་པ་འདི་དག་ལ་དཔྱད་པ་རེ་མ་བཏང་ངམ། རིག་པས་ཀྱང་གྲུབ་པ་ཡིན་ཏེ།། དཔེར་ན། ཉེ་སྔོན་ཨ་རུའི་ནང་ཁུལ་དུ་འཇིགས་བསྐུལ་རིང་ལུགས་པས་རྒྱུ་དངོས་ལ་གཏོར་སྐྱོན་ཚབ་ཆེན་བཏང་སྟེ་མི་གྲངས་སྟོང་ཕྲག་མང་པོ་ཤི་རྨས་ཐེབས་སུ་འཇུག་མཁན་དེ་ལ་སྙིང་རྗེ་དང་གཞན་ཕན་སོགས་མེད་པ་མངོན་སུམ་དང་། མི་ཚེ་རྐུ་འཕྲོག་གསོད་གསུམ་ལ་བསྟིམ་པའི་ཆོམ་རྐུན་པ་དག་གི་ཉེ་སར། ཕ་རོལ་ལ་རྒོལ་མི་ཐུབ་པའི་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་གི་མི་ཕྱུགས་ཀུན་ལ་ལྷིང་འཇགས་ཀྱི་བདེ་བ་ཡོད་མེད་ལ་དཔྱད་མི་དགོས་པ་དང་། ས་རྩོད་ཆུ་རྩོད་སོགས་ཀྱི་ཆེད་དུ་དམག་འཁྲུག་དང་། སྡེ་འཁྲུག་བྱེད་སྐབས་སུའང་ཕན་ཚུན་བདེ་བ་ཕྲན་ཙམ་ཡང་འབྱུང་མི་སྲིད་པ་དང་། ཕན་སེམས་དང་བྲལ་བའི་འཕྲོད་བསྟེན་པ་དང་། གཤག་བཅོས་པ་དག་གིས་མིག་སྔར་ལྐོག་དངུལ་སྤྲོད་རྒྱུ་མེད་པའི་དབུལ་བོ་ནད་ཀྱིས་འཆི་བར་ཐུག་པ་ལའང་བདེ་བ་ཅི་ཡོད་བསམ་ན་ཤེས་པ་དང་། སློབ་ཡོན་ཤིན་ཏུ་ལྕི་བའི་སློབ་གྲྭའི་དགེ་རྒན་དག་གི་མདུན་ས་ནའང་སློབ་ཡོན་སྤྲོད་རྒྱུ་མེད་པའི་བྱིས་པ་བློ་རིག་རྣོ་ཞིང་། རིག་པའི་གནས་ལ་སྐོམ་པ་ཆུ་འདོད་ལྟར་གྱུར་ནའང་སེམས་ཀྱི་སྡུག་བསྔལ་ཉིད་ལས་འགོང་ཐབས་མེད་པ་འདི་དང་། འཇིག་རྟེན་གྱི་མ་རུང་གྱུར་ནའང་། རྐྱེན་ཕྲན་ཙམ་གྱིས་རང་ཉིད་གཤག་བཅོས་བྱེད་དུ་བཅུག་ནས། མངལ་ཆགས་ཕྲུ་གུ་དམར་འདོན་བྱས་ཏེ་བསད་པ་དང་། དུག་སྨན་སྦྱར་ཏེ་མངལ་ལས་འཆི་ལྟུང་བྱེད་དུ་བཅུག་པ། རང་གི་ཤ་ལས་ཆད་པའི་བྱིས་པ་སྙོར་སྐྱོང་མི་བྱེད་པའི་ཁར་གྲང་བསྲེགས་བཙོངས་གསུམ་གྱིས་འཆི་བ་ལ་སྦྱར་བར་བྱེད་པ་མངོན་སུམ་དུ་བྱུང་དང་འབྱུང་བཞིན་པ་འདི་དག་ཐམས་ཅད་སྙིང་རྗེ་དང་གཞན་ཕན་འབྱུང་བཞིན་པ་འདི་དག་ཐམས་ཅད་སྙིང་རྗེ་དང་གཞན་ཕན། བྱང་ཆུབ་ཀྱི་སེམས་དང་བྲལ་ཞིང་ལས་འབྲས་མི་བསམ་པ། ཧམ་ཤེད་དང་སྒེར་སེམས་ཆེ་བ་སོགས་ལས་བྱུང་བ་འདིས་གནོད་པར་མ་གྱུར་གང་། གལ་ཏེ་འདི་དག་ལ་སྙིང་རྗེ་སོགས་ལྡན་པར་གྱུར་ཡོད་ཚེ་དེ་ལྟ་བུའི་སྡུག་བསྔལ་བར་གྱུར་དོན་མེད་པའི་ཕྱིར་རོ།། མཐར་ཐུག་ཞི་བ་མཆོག་གི་བདེ་བ་ཐོབ་པ་ལའང་སྙིང་རྗེ་ཉིད་ངེས་པར་དུ་དགོས་ལུགས་མདོ་རྒྱུད་བསྟན་བཅོས་དག་ལས་ལན་གཅིག་མིན་པར་གསུངས་ཀྱང་། འདིར་འགོད་པ་ལ་ངལ་བ་མ་བྱས་པ་ནི། ཇི་སྐད་དུ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།། གོ་ཡི་བླུན་པོས་དེ་ལྟ་མིན།། ཉི་མའི་འོད་ཟེར་ཤར་བ་ན།།འབྱུང་བོའི་བྱ་རྣམས་ལོང་བར་འགྱུར།། ཞེས་འབྱུང་བ་ལྟར། ནང་རིག་པའི་ཕྱོགས་ཙམ་ཡང་མ་མཐོང་ཞིང་། ལོག་ལྟས་མི་ཚེ་དོན་མེད་དུ་བསྐྱལ་བ་ཁྱེད་ཅག་དང་ཁྱེད་ཅག་འདྲ་བ་དག་ལ་གོས་ཀྱི་ཁ་དོག་དམུས་ལོང་ལ་སྟོན་པ་ལྟ་བུའི་དཔེར་སོང་འདུག་པས་དོན་འདི་ལ་སྙུག་གུ་ལག་ཏུ་འཆང་བར་མི་སྤྲོའོ།།

 སྨྲས་པ།

མིང་སྐམ་འཛིན་བྱང་ངོམས་པའི་སློབ་བུ་འགས།།

རྙིང་སྲོལ་ཐམས་ཅད་མཆིལ་ལུད་ལྟར་མཐོང་ཡང་།།

གཙུག་ཕུད་རླུང་ལ་གཏོར་བའི་མགོ་རིལ་བས།།

དཀོན་པའི་ནོར་ལས་ལྷག་ཡང་རྙེད་པ་ཡོད།།།

ཡང་གསར་བའི་ནང་ན་མཆིལ་ལུད་ལྟར་ཞེན་ལོག་ངེས་ནི་འདི་ལྟ་སྟེ། ཁྱེད་ཅག་གི་གསར་ཞེན་གྱི་དམ་བཅའ་ངན་པ་དེ་དག་དང་། དུས་གསར་འདིར་ཤྭ་འོད་ཐུར་དུ་རྒྱུག་པ་ལྟར་དར་ཆེ་བའི་སྨད་འཚོང་དང་ཇག་རྐུན་གྱི་ལས་ལ་ཞུགས་པའི་བུ་བུ་མོ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དག་དང་། ཚན་གསར་དུ་ངོམ་ཆེ་བའི་རྡུལ་ཕྲན་མཚོན་ཆ་དང་། དུག་སྦྱོར་ལས་གྲུབ་པའི་རྫས་འཕྲུལ་སྣ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་རླུང་ནང་གི་མར་མེ་ལྟ་བུར་འགྱུར་བཞིན་པ་འདི་དང་། སྲོལ་གསར་དུ་དར་ཆེ་བའི་ཕ་མ་རྒན་འཁོགས་སྒོ་རུ་འདེད་པ་དང་། ཡང་ན་རྒྱང་བསྐྱུར་བྱེད་བཞིན་པའི་སྲོལ་ངན་འདི་དང་། ཡང་རྩོམ་གསར་དུ་ཞེན་ཁུལ་གྱིས་རང་གི་ཕ་མེས་ཡང་མེས་ཀྱི་རྒྱུན་སྲོལ་དང་། རིག་རྫས། སྔོན་བྱོན་དམ་པ་རྣམས་ཀྱི་ཡང་དག་པའི་མཛད་སྤྱོད་དང་རྣམ་ཐར། ལོ་རྒྱུས། དེབ་ཐེར།གསུམ་རྩོམ་སོགས་ལ་བསྐུར་འདེབས་དང་དམའ་འབེབས་སོགས་བྱེད་བཞིན་ཡོད་པ་འདི་དག་ཐམས་ཅད་བརྩེ་སེམས་དང་གཞན་ཕན། ངོ་ཚ་དང་ཁྲེལ་གཞུང་།སྔོན་བྱོན་ཡ་རབས་དམ་པའི་སྲོལ་བཟང་སོགས་ཉམས་པ་ལས་བྱུང་འདུག་པ་མངོན་སུམ་དུ་གྲུབ་ནའང་། ད་དུང་གཡོ་སྒྱུ་བྱས་ཚེ་འདི་ལྟ་སྟེ་དམ་པ་ཁྲོས་ཀྱང་བཏུད་ན་ཞི།། དམན་རྣམས་བཏུད་ན་ལྷག་པར་རངས།། གསེར་དངུལ་སྲ་ཡང་བཞུ་ནུས་ཀྱི།། ཁྲི་ལུད་བཞུས་ན་དྲི་ངན་འབྱུང་།། ཞེས་པ་འདི་ལས་མ་འདས་སོ།།

 སྨྲས་པ།

 དེང་དུས་རྒན་འཁོགས་ཁྱི་ཡི་གོ་སར་འདེད།།

 གཞོན་སྐྱེས་ཕལ་ཆེར་ངོ་ཚ་ཁྲེལ་དང་བྲལ།།

 གསར་རྩོམ་དབྱུ་གུས་ལོག་ལྟའི་རྔ་བོ་བརྡུངས།།

མེས་པོའི་གཤིས་ལ་སྲོལ་ངན་འདི་འདྲ་མེད།།

ཡང་རང་གི་མི་རིགས་འདིའི་རིག་འབྱོར་སོགས་ཡར་རྒྱས་སུ་འགྲོ་བ་ལ། ནང་བ་སངས་རྒྱས་པའི་ཆོས་ལུགས་དར་བས་གནོད་ཅེས་བཤད་པ་ཆེས་མི་རིགས་པར་ཐལ། རིག་འབྱོར་སོགས་ཡར་རྒྱས་སུ་འགྲོ་བ་ལ་ནང་ཆོས་ལས་ཐབས་མཆོག་གཞན་མི་རྙེད་པའི་ཕྱིར། དེར་ཐལ། ད་ལྟ་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པའི་འཇར་པན་དང་འབར་མ། སིང་ག་ལ་དང་བྷང་ག་ལ། ཅན་པན་ཀྲེ་སོགས་སུ་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་པ་འདིས། རྒྱལ་ཁབ་དེ་དག་གི་རིག་རྫས་དང་དཔལ་འབྱོར། འཕྲུལ་ཆས་ཀྱི་རིགས། དམག་དོན། སློབ་གསོ། མཐུན་སྒྲིལ་སོགས་ལ་རམ་འདེགས་རང་གི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནའང་། ཆོས་རྒྱལ་མེས་དཔོན་གསུམ་གྱི་སྐུ་རིང་ལ་དཔལ་འབྱོར་རིག་རྫས་སོགས་འཛམ་གླིང་གི་སྔོན་ཐོན་དུ་སོན་པའི་དུས་དེར་ཡང་ནང་ཆོས་ཆེས་ཆེར་དར་ཡོད་པའི་ལོ་རྒྱུས་ལ་དཀྱོགས་བཤད་བྱེད་དགོས་དོན་མེད་པའི་ཕྱིར། ཡང་ནང་རིག་པའི་ཆོས་ཀྱི་ངོས་ནས་བཤད་ནའང་། རང་མི་རིགས་འདིས་འཛམ་གླིང་སྟེང་ངོམ་ཆོག་ཆོག་གི་རིག་གནས་ལྔའམ་བཅུའི་གྲས་ན་འོད་འཚེར་བ་ནི་ནང་ཆོས་ཉིད་ཡིན་བཞིན་དུ་དེ་ལ་རྨོངས་དད་ཅེས་བཤད་པ། རང་རིགས་ཀྱི་རིགས་སྲོལ་དེ་དག་མིང་གི་ཤུལ་ཙམ་དུ་བཟོ་འདོད་ཀྱི་ཀུན་སློང་ངན་པ་མངོན་དུ་གྱུར་བའམ། ཡང་ན་རང་ཉིད་ཀྱི་གླ་ཕོག་ང་གོ་སའི་ཆེད་དུ་ཨེ་ཡིན། མིན་ན་རྒྱུ་མཚན་གང་ཡང་མེད་པར་ལོག་བཤད་ཡི་གེར་བཀོད་དེ་འོས་མིན་གྱི་ལྕི་ཁུར་ཕྲག་ཏུ་ལེན་དོན་མེད་པའི་ཕྱིར། གལ་ཏེ་རང་རིགས་ཀྱི་རིག་འབྱོར་སོགས་ཡར་རྒྱས་སུ་འགྲོ་བ་ལ་ཚན་རིག་དར་དགོས་པ་ལས། ནང་ཆོས་ཀྱིས་ཅི་ཡང་མི་འོང་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། ནང་བ་སངས་རྒྱས་པའི་ཆོས་ལུགས་ལས་ལྷག་པ་མེད་ཚུལ། ཚན་རིག་ལ་ཞིབ་འཇུག་གནང་མཁན་གྱི་མིང་དུ་གྲགས་པ་ཀྲེ་ཅང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དབྱིག་ཀྲི་པེའོ་ཡིས་བྲིས་པའི་རྩོམ་ཡིག<<སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ>>དང་ཉེ་སྔོན་ཕྱོགས་སྟོན་ལགས་ཀྱིས་འགྲེམ་སྤེལ་གནང་བའི་རྩོམ་ཡིག་<<ནང་ཆོས་ཚན་རིག་དང་འབྲེལ་ནས་རྨོངས་པའི་རང་མཚང་འབྱིན་པ>>གཉིས་ཚར་རེ་ཀློགས་དང་ཡང་དག་པའི་གནས་ལུགས་ར་སྤྲོད་བྱུང་ངེས་རེད། ཡང་སངས་རྒྱས་ཆོས་ལུགས་ལ་གཙིགས་མཐོང་གནང་དགོས་ཙམ་ཡོད་ཀྱང་། དེའི་རྗེས་འཇུག་པ་རྣམས་རྨོངས་དད་བྱེད་མཁན་དང་ལེ་ལོ་ཅན། འབངས་ཀྱི་ཕྲག་གི་ཤིན་ཏུ་ལྕི་བའི་ཁུར་བོ་རེད་ཅེས་བརྗོད་ན། བདེན་བདེན་འདྲ་བ་རེ་ཡོད་དེ། དཔེར་ན། སྟོན་གོས་རྫུ་ཆོས་སུ་སྤྲས་པའི་གཡོ་སྒྱུ་ཅན་དུ་མས། གྲོང་དང་གྲོང་གསེབ་རྣམས་སུ་ཁྱི་ལྡོམ་ལྟར་ཤ་ཐང་ཐང་དུ་མྱུལ་ཏེ། ནག་འཚོང་བྱེད་མཁན་ལ་མཛའ་བོར་བསྡེབས་བཞིན་དུག་རྫས་མེ་མདའི་འཚོང་བྱེད་པ། རྐུན་ཇག་ལ་ལག་སྦྲེལ་བྱས་ཏེ་དགོན་གནས་དང་རྟེན་ཁང་མེར་བསྲེགས་པ་དང་རྩ་ཆེའི་དངོས་རིགས་བརྐུ་བ།  དགོན་པའི་དཀར་ཐིག་དང་བླ་མའི་བསྔོ་རྟེན་སོགས་ལ་ཁ་གཡར་ཏེ་སྟོད་སྨད་ཀུན་ནས་སྐམ་ལུགས་བསྡུ་བཞིན་བཤན་པར་སྤྲོད་པ་སྡིག་སྟོད་སྨད་ཀུན་ནས་སྐམ་ལུག་བསྡུ་བཞིན་བཤན་པར་སྤྲོད་པ་སྡིག་འཚོང་བྱེད་པ། སྟོན་གོས་ཕྲག་ཏུ་གཟར་བཞིན་བཤང་འཚོང་འཕྱོན་མའི་བསླུ་བྲིད་འོག་ཏུ་ཉིན་དང་མཚན་གཉིས་ལ་ཁྱིམ་ལྟར་ངོ་བསྲུང་བྱེད་བཞིན་མི་ཚེ་བསྐྱལ་བ་དེ་དག་ནི། རྒྱལ་ཁབ་ཀྱི་ཉེས་བསྲུང་བྱེད་བཞིན་མི་ཚེ་བསྐྱལ་བ་དེ་དག་ནི།རྒྱལ་ཁབ་ཀྱི་ཉེས་ཅན།དཔལ་ཡོན་དར་བའི་སྲོག་འཕྲོག  མི་རིགས་ཀྱི་རྐང་འདྲེན། སྟོན་པའི་ཆོམ་རྐུན་དངོས་སུ་ལྷགས་པ་ཡིན་པས། ཁྱེད་ཅག་མ་ཟད། ང་དང་ངའི་གྲོགས་པོ་དག་གིས་ཀྱང་དམར་ཆེན་ཁྲག་ཟོར་གཉན་པོས་ལས་མཛད་རུང་བའི་གནས་སོ།། འདི་དག་གི་རྐྱེན་གྱིས་གོ་སྐམ་ལ་སོ་བགྲད་དང་ཕྲེང་གོག་ལ་སེན་བགྲད་རྒྱག་པའི་ཡ་རབས་གཤིས་བཟང་གི་གྲྭ་རྐྱང་ཚོ་ལ་སྡིགས་སྨོད་བྱེད་དགོས་དོན་མེད་དེ། འདོད་ཆུང་ཆོག་ཤེས་ཀྱི་ངོས་ནས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་གཞོལ་བཞིན་མི་ཚེ་བསྐལ་བ་འདི་ལྷིང་འཇགས་ཀྱི་ཞི་བདེའི་ས་བོན་ཡིན་པ་རང་ཉིད་རང་བྱུང་བའི་གཟུགས་བརྙན་བཟུང་ཙམ་གྱི་ཞེན་ཕྱོགས་མ་ཡིན་པའི་ཕྱིར་རོ།། དེ་ལྟར་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གི་ཞེས་རང་གི་རྣམ་རྟོག་དང་འབྲེལ་བའི་གཏམ་བརྗོད་འདི་ལ། ཕྱོགས་ཞེན་དང་རྨོངས་དད་ཀྱི་ཆ་གཉིས་ཡོད་བཞིན་དུ་ད་དུང་ཨུ་ཚུགས་དང་ནན་བཤད་བྱེད་པ་ཆ་གཉིས་ཡོད་བཞིན་དུ་ད་དུང་ཨུ་ཚུགས་དང་ནན་བཤད་བྱེད་རྨོངས་དད་ཡིན་པས། གཟུར་གནས་མཁྱེན་དཔྱོད་ཡངས་པ་རྣམས་ཀྱིས་གྲི་ཁ་ལ་རྣོ་དང་རྣོ་ཁ་ལ་བརྡར་བཞིན་དགོངས་འཆར་ལྷུག་སྩོལ་གནང་རྒྱུ་མཁྱེན་ནུའོ།།

 སྨྲས་པ།

བཙོ་སྦྱངས་གསེར་ལྟར་བརྟག་ནས་ནི།། སྨྱུག་རྒོད་རྩེན་པ་རབ་ཀྱི་ལས།། བྱུང་རྒྱལ་སྨྲ་བའི་སྐྱེ་བོ་ལ།། རྗེས་མཆོད་བྱེད་པ་བླུན་པོའི་གཤིས།། གནའ་དེང་ཡ་རབས་གཤིས་བཟང་དེ།། སུས་ཀྱང་བཟློག་མེད་ཞི་བདེའི་སྲོག།ངན་སྤྱོད་རྒུ་འཛོམས་བཙུན་གཟུགས་པ།། སྟོན་དང་བསྟན་པའི་ཆོམ་རྐུན་ཉིད།། རྒྱགས་ཕྱེ་སློང་བའི་གྲྭ་རྐྱང་ཚོ།། དད་ལྡན་དག་གི་ཁུར་བདེན་ཡང་།། ཟས་ཀྱིས་འགྲང་བའི་ལས་བྱེད་ཀུན།། འབངས་ལ་སྦྱིན་གཏོང་ཡིན་ནམ་ཅི།།མཐེ་ཆེན་སྒྲེང་ལ་ཐོབ་པའི་རྫས།། མིང་སྙན་དཀར་ཐིག་བསླངས་པའི་ནོར།། བཙན་གྱིས་དེད་པའི་ཁྲལ་དངུལ་སོགས།། འབངས་ཀྱི་ཤ་དང་ཁྲག་རིན་ཉིད།། ཞིབ་འཇུག་པ་དང་ཚན་རྩལ་པ།།ལོ་རྒྱུས་པ་དང་སྲིད་འཛིན་པ།།ཐོས་བསམ་པ་དང་སྒོམ་སྒྲུབ་པ།། གཞན་དོན་སེམས་པ་རེ་གཉིས་ཙམ།།རིང་ནས་སེམས་པའི་གླེང་སྟེགས་འདི།། མཚང་ལ་རྒོལ་ཡང་རང་གཤིས་དངོས།། གཞན་གནོད་འཁྱོག་བརྗོད་ཉིད་མཐོང་ན།། མེ་ལྷའི་ཞལ་དུ་སྟོབས་པར་མཛོད།། དེ་མིན་སོར་མོའི་འདུ་བྱེད་ཀྱི།།རི་མོར་དགོས་ཕྲན་ཡོད་གྱུར་ན།།སླར་ཡང་རང་གཤིས་སྲོང་བོའི་གཏམ།། ཡང་ཡང་སྤེལ་བའི་འདུན་པ་ཡོད།།

 

རྩོམ་ཁུངས། དུས་རབས་ཀྱི་བསམ་གཞིགས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།