གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་སྐོར་རོབ་ཙམ་གླེང་བ་གདུང་མུན་སེལ་བྱེད་སྒྲོན་མེ།

2010-03-29 10:38:00 བློ་བཟང་དགེ་འདུན། ཀློག་གྲངས། མཆན ཡོད།

   དེ་ཡང་སྤྱི་ཚོགས་གསར་བའི་དཔལ་ཡོན་གྱི་རླབས་ཕྲེང་མཁའ་ལ་འཕྱུར་བཞིན་པའི་དེང་གི་དུས་འདིར།  མི་རིགས་ཀྱི་སྐད་དང་ཡི་གེ་ནི་དུས་རབས་གསར་བའི་ནང་གཞི་རྩའི་རྐང་འཛིན་གྱི་མཐུ་ནུས་བླ་ལྷག་ཏུ་མཆིས་བཞིན་གདའ་ནའང་ལྟ་བ་དང་སྤྱོད་པ་ཡུལ་སྲོལ་གོམས་འདྲིས་མི་གཅིག་པའི་མི་རིགས་གཞན་རྣམས་ལྟ་ཅི།གངས་རིའི་ཁྲོད་འདིར་གདུང་རྒྱུད་དང་ཤ་རུས་གཅིག་པའི་སྤུན་ཟླ་མཁས་པར་རློམ་པ་འགའ་ཞིག་གིས། ཤེས་བྱའི་གནས་ལ་ཧ་ཅང་རྨོངས་ཤིང་སྤྱི་ཚོགས་སྟེང་མིག་རྒྱང་ཐུང་བ་དང་བློ་མིག་ལྡོང་བའི་ཅོལ་ཆུང་གི་བྱ་སྤྱོད་ཁོ་ན་ལག་བསྟར་གྱིས་བོད་རང་གི་ཉེར་ཆོས་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་བྱ་སྤྱོད་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ཕར་ཟད་མཐའ་གཅིག་ཏུ་རང་རིགས་ཀྱི་མ་འོངས་པའི་མདུན་ལམ་བཟང་བོར་འགལ་རྐྱེན་བཟོས་ཏེ་མི་རིགས་གཞན་གྱི་ཕྱོགས་ལ། དཔེར་ན། ཁྱི་དང་གློ་བ་འཕྲད་པ་ལྟར་སྐད་ཡིག་དང་རིག་གཞུང་སོགས་ལ་ངོ་མཚར་ཞིང་སྲེད་པའི་འགྲམ་ཆུ་ལྡང་བར་མ་ཟད།རང་རིགས་ཀྱི་རིག་གཞུང་ལ་དམའ་འབེབས་ཀྱི་འཆལ་གཏམ་བསྒྲགས་ཏེ་སློབ་གསོའི་བྱ་བ་ལ་ཤུགས་བསྐྱེད་པའི་ཉམས་ཤིག་སྣ་སྒོར་མོ་ནས་ཐོན་འདུག་ལ། དེས་ན་བོད་མི་རིགས་ཀྱི་མདུན་ལམ་ནི་ཕྱི་ནང་གི་རྐྱེན་དུ་མས་གཙེས་པའི་རླུང་ནང་གི་མར་མེ་ལྟ་བུར་མཆིས་པའི་ཧ་ཅང་ཉམ་ཆུང་བ་ནི་ཞུ་མི་དགོས་སོ།། དེའི་རྐྱེན་གྱིས་ལོ་རྒྱུས་ཐོག་དུས་ཡུན་ཧ་ཅང་རིང་བའི་བོད་མི་རིགས་དང་དེའི་སྐད་ཡིག་དང་རིག་གཞུང་སོགས་འབོར་ཆེན་དུ་བརྩིས་ཏེ་སེམས་ཀྱིས་གལ་འགངས་ཆེ་བར་འོངས་པའི་ཕོ་རབས་ཤིག་ལགས་ན། དུས་རབས་གསར་བའི་སྤྱི་ཚོགས་ཀྱི་གནས་བབས་དང་གཞན་གྱི་སྐད་ཡིག་དང་རིག་གཞུང་ལ་བསམ་གཞིགས་བཏང་ན། ཁོང་གི་གློ་སྙིང་བྲང་གསུམ་གྱི་སྲུབ་ཀ་རེ་རེ་ནས་བཟོད་ཐབས་བྲལ་བའི་ཟུག་ངུ་མི་འབྱིན་པ་ག་ལ་སྲིད།ཡིན་ནའང་སྤྱི་ཚོགས་སྟེང་བསམ་དངོས་ཀྱི་དཔལ་ཡོན་གཉིས་ལས་དངོས་པོའི་དཔལ་ཡོན་ཕྱོགས་ལ་ཕྱི་རོལ་ཡུལ་གྱི་བཀག་རྒྱ་ཆེ་ནའང་།དེ་ཙམ་ལ་ཁག་ཆེ་འཇོག་ཆུང་འཇོག་བྱས་ཏེ་རྙིང་ཞེན་དང་། ལེ་ལོ། བག་འཁུམས་ཀྱི་བྲན་གཡོག་ཏུ་ཆུད་དེ་རང་གཞན་ཕུང་ལ་སྦྱར་ན་རང་རིགས་ཉམས་རྒུད་ཀྱི་གཅོང་རོང་ཟབ་མོའི་སྦུབས་ལས་ནམ་ཡང་ཐར་དུས་ཤིག་མེད་པ་ནི་འཇིག་རྟེན་གྱི་གཤིས་སུ་གྲུབ། དེ་བས་བསམ་པའི་དཔལ་ཡོན་ནི་བདེ་རྩ་ཁོ་ནའི་ཉེར་ཆོས་ཡིན་ཙ་ན་ཐོག་མར་སེམས་ཤུགས་བསྐྱེད་དེ་ཐབས་རྒྱ་ཇུས་སྟོང་གིས་བསམ་པའི་དཔལ་ཡོན་རྒྱས་བྱེད་ཀྱི་ཐབས་དམ་པར་འབད་འབུངས་ཀྱིས་ལྷར་བཞེས་མཛད། དེ་ནས་དུས་གསར་འདིར་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་དངོས་བབས་ཀྱི་བཀའ་དྲིན་ལ་བསྟེན་ནས་མེད་མི་རུང་གི་དངོས་པོའི་དཔལ་ཡོན་བསྐྲུན་བྱེད་ཀྱི་ཐབས་ལམ་ཟབ་མོར་མངོན་པར་ཕྱོགས་ཏེ་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་བསད་ཀྱིས་གང་ཅིས་སྔོན་ཐོན་གྱི་མི་རིགས་དང་བསམ་དངོས་ཀྱི་དཔལ་ཡོན་ཟུང་འབུར་དུ་ཐོན་པའི་འཛམ་གླིང་སྟེང་ཡང་རྩེར་མཚོན་འི་དཔེ་ལེགས་ཅན་དུ་འགྱུར་མི་སྲིད་པ་ག་ལ་ཡིན་སྙམ།དེས་ན་ཤེས་ལྡན་དག་གིས་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བསྟེན་ནས་ཆད་པ་མཐུད་དེ་ཉམས་པ་ཡོད་གདུས་ཅིས་ཀྱང་སྒྲུབ་མ་ཐུབ་ཕྱིན། མི་རིང་བར་རང་རིགས་གཞན་དུ་འགྱུར་འགྲོ་བ་དང་། མིང་ཙམ་ཡང་ལྷག་ལུས་མེད་པར་འགྱུར་བ་ནི་ལས་སླ་བོ་ཞིག་རེད་སྙམ་མོ།། དེའི་རྐྱེན་གྱིས་ཉམས་རྒུད་ཀྱི་གནས་ཚུལ་ཚབས་ཆེན་ཤེས་མི་བཟོད་པ་མིག་མཐོང་ལག་ཟིན་དུ་གྲུབ་པ་ལ་དཔག་ན། མནན་ཀྱང་མི་ནོན་པའི་སྙིང་རླུང་ལྡང་ནའང་ཐབས་ཟད་པར་མ་གྱུར་བས་རེ་འདུན་གྱི་སེམས་ཤུགས་གསོན་པོ་ཞིག་གིས་ཉེ་བར་བསླངས་ཏེ། འདིར་སེམས་གཟེངས་སུ་བསྡོད་དེ་དུས་སྐབས་གསར་བའི་མི་རིགས་སྐད་ཡིག་སོགས་ལས་བརྩམས་ཏེ་གནད་དོན་འགའ་ཟུང་ཞུ་བ་ལ་མངོན་པར་ཕྱོགས་སོ།།

དང་པོ།  མི་རིགས་དང་དེའི་སྐད་ཡིག་གི་ངོ་བོ་ཙམ་བརྗོད་པ།

༡ དེས་ན་སྤྱིར་མི་རིགས་ཞེས་པ་ནི་ཕར་དེད་ན་འཇོག་བྱེད་ཅིག་མེད་པར་འདོད་རྒྱལ་གྱི་མིང་སྟོང་ཙམ་ཕར་བཏགས་པ་ཞིག་གཏན་ནས་མིན་ཞིང་འཇོག་བྱེད་མཚན་ཉིད་པ་ཞིག་དངོས་གནས་གྲུབ་པ་ཡིན་ཏེ། གླིང་བཞིའི་མིའི་འགྲོ་བ་གང་ལ་མཚོན་ན། སྨྲ་ཤེས་དོན་གོ་བའི་རིགས་སུ་གནས་པ་དེ་འགྲོ་བ་མིའི་འཇོག་བྱེད་དུ་བཞེད། དེའི་སྟེང་ནས་དེ་ལྡན་གྱི་མི་རིགས་དེ་མི་རིགས་གཞན་དང་མ་འདྲེས་པར་འབྱེད་བྱེད་ཐུན་མིན་གྱི་ཁྱད་ཆོས་རང་མཚན་ལྡན་པ་ནི་མི་རིགས་ཀྱི་འཇོག་བྱེད་དམ་ངོ་བོར་ཤེས་བར་ཀྱིས་ལ། དེའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི། སྐད་ཡིག་དང་ཡུལ་སྲོལ་གོམས་འདྲིས་རིགས་གཞུང་བཅས་ཡིན་པར་འཁུམས་ཏེ། ཆབ་སྲིད་ལས་དོན་ལ་མཁས་པའི་སི་ཏྰ་ལིན་གྱིས། མི་རིགས་ཀྱི་ཁྱད་ཆོས་ལ་སྐད་རིགས་དང་གནས་ཡུལ། འཚོ་བའི་གནས་སྟངས། རིག་གནས་ཀྱིས་མཚོན་པའི་འདུ་ཤེས་དང་ལྟ་བའི་ཁྱད་པར་བཅས་བཞིར་ཕྱེ་བ་དང་།   གང་ལྟར་ནའང་སྐད་རིགས་དང་རིགས་གནས་ལྟ་སྤྱོད་སོགས་ནི་མི་རིགས་རང་མཚན་པར་གྲུབ་པའི་ཁྱད་ཆོས་སུ་གདའ་བས། གལ་ཏེ་ཁྱད་ཆོས་དེ་རིགས་ཉམས་རྒུད་དུ་གྱུར་ན་དེ་ལྡན་གྱི་མི་རིགས་ཀྱང་ཉམས་རྒུད་དུ་གྱུར་བའི་རྟགས་ཡིན་ཞིང་། ཁྱད་ཆོས་དེ་རིགས་མིང་ཙམ་དུ་གྱུར་ན་མི་རིགས་དེ་ཡང་མིང་ཙམ་དུ་འགྱུར་བ་ཞུ་མི་དགོས་ལ་དེའི་གནད་ཀྱིས་མི་རིགས་ཞེས་པ་ནི་གཙོ་བོ་སྐད་ཡིག་དང་རིག་གཞུང་སོགས་ཀྱི་སྟེང་ནས་འཇོག་པ་ལས་གཞན་དུ་འོས་མེད་པས་ན་འདིའི་ཐད་ལ་ཉམས་པ་སོར་ཆུད་དང་མི་ཉམས་པ་གོང་འཕེལ་དུ་གཏོང་བའི་འགན་འཁྲི་ནི་ཤ་རུས་གཅིག་པའི་སྤུན་ཟླ་གངས་ཅན་པ་མཐའ་དག་གི་ཕྲག་པར་བབས་ཡོད་པ་ནི་ཤེས་པར་ཀྱིས་ཤིག་ཅེས་ཞུའོ།

 ༢ སྐད་ཡིག་ནི་མི་རིགས་གཞན་དང་གཞན་ལས་ཁྱད་པར་འབྱེད་ཆོས་བླ་ན་མེད་པར་གྱུར་བས། འཛམ་བུའི་གླིང་འདིར་མི་རིགས་གྲུབ་ཙ་ན། དེའི་སྐད་ཡིག་ཀྱང་རང་ཆོས་སུ་གྲུབ་པ་ཆོས་ཉིད་ཡིན་པས།གང་གི་སྐད་ཡིག་གྲུབ་པ་དང་འཕེལ་བ་ནི་མི་རིགས་དེ་གྲུབ་པ་དང་འཕེལ་བའི་གྲུབ་ཆའི་མཚོན་རྟགས་གཙོ་བོ་ཡིན་པ་བཤད་དགོས་ལ། གཞན་ཡང་རང་རིགས་ཀྱིས་ཅོལ་ཆུང་མཁས་པར་རློམ་པ་རེ་ཟུང་གིས་སྤྱི་ཚོགས་ཀྱི་གོ་སྐབས་བཙལ་ཏེ་བོད་ཀྱི་སྐད་ཡིག་སོགས་ནི་སྤྱི་ཚོགས་སྟེང་ཧ་ཅང་རྗེས་ལུས་ཡིན་པས་ས་རྒྱ་མི་ཆོད། དེ་བས་རྙིང་ཞེན་མཁྲེགས་བཟུང་མ་བྱེད་པར་འཛམ་གླིང་སྟེང་མི་རིགས་སྔོན་ཐོན་ཅན་གྱི་རྗེས་སུ་འབྲངས་ཏེ་དེའི་སྐད་ཡིག་ལ་སོགས་སྦྱངས་ན་ཕན་རླབས་ཆེ་ཚུལ་ལས་བརྩམས་ཏེ་སློབ་གསོ་དང་དྲིལ་བསྒྲགས་ཀྱི་ཤུགས་རྒྱབ་ལ་བལྟས་ན་ཅི་སྙམ། གླེན་རྟགས་ཀྱི་རང་ཚུགས་ཕྱི་རུ་མངོན་པ་དང་། རང་གི་དེ་ཉིད་སྟོན་པ་མ་ཡིན་ནམ། དེ་ནི་མཁས་པ་རྣམས་ཀྱི་སྨད་པའི་གནས་དང་། རང་ག་བ་རྣམས་ཀྱིས་གད་མོ་འཆོར་བའི་གནད་རེད་དོ།། ཅིའི་ཕྱིར་ཞེ་ན། སྤྱི་ཚོགས་ཀྱི་ལོ་རྒྱུས་སྟེང་ལོ་སྟོང་ཕྲག་དུ་མ་འདས་པའི་དུས་ཡུན་ཧ་ཅང་འགོར་བའི་བོད་མི་དམངས་ཀྱི་སེམས་ཤུགས་ཉམས་ཏེ། གླེན་བཤད་དག་ཚད་མར་བཟུང་ནས་འཛམ་གླིང་སྟེང་ཡང་རྩེར་སོན་པའི་བོད་ཡིག་དང་རིག་གཞུང་སོགས་རིས་སུ་བོར་ཏེ། བྱིས་པ་ཀླད་ཆུང་གཅིན་སྐྱག་ཀྱང་འདོར་མི་ཤེས་པ་དག་གི་རྗེས་སུ་མི་འབྲངས་པ་ཁོ་ཐག་ཡིན་ནོ།། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ནི་ཁྱད་པར་ཅན་གྱིས་ས་ཁམས་ཁོར་ཡུག་དང་རིག་གནས་ཆ་རྐྱེན་འོག་ཡུན་རིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིམ་བཞིན་གྲུབ་ཅིང་འཕེལ་བ་དང་།དེ་ལ་རང་སྟེང་གི་བརྟན་འཇགས་རང་བཞིན་དང་རིམ་འགྱུར་རང་བཞིན་ཡོད་ངེས་ལ། གང་ལྟར་སི་ཏྰ་ལིན་གྱིས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་གཏོར་དུ་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད། ཅེས་པ་ལྟར། རང་རིགས་ཀྱི་སྐད་ཡིག་ནི་གཞན་ལས་ཁྱད་དུ་འཕགས་པའི་དཀོན་ནོར་ལས་ཀྱང་རྩ་ཆེན་ཞིག་ཏུ་གྱུར་བ་ན་སྐད་ཆ་ནི་མི་རིགས་ཀྱི་བླ་སྲོག་ཡིན་ལ། ཡི་གེ་ནི་བླ་སྲོག་གི་མཚོན་རིས་ཡིན། ཞེས་མགྲིན་པ་བསྲིངས་ཏེ་བརྗོད་ཆོག་ཆོག་ཡིན་ཞེས་སྨྲ་ན་དགོངས་འགལ་མེད་པར་ཞུའོ།།  (མུ་འགོད)

 

 

རྩོམ་ཁུངས། དུས་རབས་ཀྱི་བསམ་གཞིགས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།