གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༦

2010-01-25 18:22:00 ཕུན་ཚོགས་དབང་རྒྱལ(ཕུན་དབང)། ཀློག་གྲངས། མཆན ཡོད།

༡༤ མི་རིགས་མཉམ་འདྲེས་དང་མི་རིགས་གཞན་འགྱུར་སྐོར། མི་རིགས་མཉམ་འདྲེས་དང་མི་རིགས་གཞན་འགྱུར་ཞེས་པའི་ཐ་སྙད་འདི་གཉིས་ལ་གཞུང་ལུགས་སྨྲ་བའི་ཁྲོད་མི་རིགས་དང་གྲལ་རིམ་གྱི་ལངས་ཕྱོགས་མི་འདྲ་བས་འགྲེལ་ཚུལ་ཡང་མི་འདྲ་བ་མང་མོད།དོན་གྱིས་འགལ་ཟླར་གྱུར་པའི་ལྟ་ཚུལ་གཉིས་སུ་དབྱེ་ཆོག་སྟེ། གཅིག་ནི་བཙན་འཛུལ་པ་དང་མི་སེར་སྤེལ་མཁན། གཉའ་གནོན་པ།དབང་བསྒྱུར་པ། སྟོབས་ལྡན་མི་རིགས་སམ་རྒྱལ་ཁབ་གང་དེའི་གཙོ་གྲུབ་མི་རིགས་སམ་མི་རིགས་ཆེན་མོའི་ཕྱོགས་ནས་མི་རིགས་མཉམ་འདྲེས་དང་གཞན་འགྱུར་གྱི་་་་བཟང་ཕྱོགས་ཀྱི་དོན་སྙིང་གླེང་ཞིང་ཡོད། ཅིག་ཤོས་ཀྱིས་དེ་ལས་ལྡོག་པའི་ལངས་ཕྱོགས་དང་ལྟ་བས་ཕ་རོལ་པོའི་ལྟ་བའི་ངན་ཕྱོགས་དང་ཐ་ན་ལོག་སྤྱོད་ཀྱི་ལྟ་བར་དགག་སྒྲུབ་བྱེད་ཅིང་མཆིས། ལྟ་བ་མི་འདྲ་བ་འདི་གཉིས་ནི་་གནད་དོན་འདིའི་སྟེང་གི་གཞི་རྩའི་ལྟ་བ་གཉིས་སོ།།
མི་རིགས་མཉམ་འདྲེས་དང་མི་རིགས་གཞན་འགྱུར་གྱི་གནད་དོན་འདི་གླེང་བའི་ཚེ་ན། ཐོག་མར་ཕྱུངས་པ་ནི་མི་རིགས་ཀྱི་སྐད་དང་ཡི་གེ་འི་གནད་དོན་ཡིན། སྐད་ཆ་དང་ཡི་གེ་ནི་མི་རིགས་ཤིག་གི་ཁྱད་ཆོས་དང་མི་རིགས་དེ་མི་རིགས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་ཤིག་ཡིན་པར་མ་ཟད། མི་རིགས་གང་དེ་གནས་པ་དང་འཕེལ་བའི་བརྒྱུད་རིམ་ཁྲོད། སྤྱི་ཚོགས་འཚོ་བའི་ཁྲོད་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་བྱེད་པའི་ལག་ཆ་ཡིན། མི་རིགས་ཤིག་མཉམ་འདྲེས་དང་གཞན་འགྱུར་བྱུང་ཡོད་མེད་དེ་ཐོག་མར་སྐད་ཡིག་གི་སྟེང་ནས་མངོན་ཡོང༌། མི་རིགས་མི་འདྲ་བའི་བར་འགྲོ་འོང་བྱེད་པའི་ཁྲོད་སོ་སོའི་སྤྱི་ཚོགས་གོ་གནས་དང་འབྲེལ་བ་ག་འདྲ་ཞིག་ཡིན་པའང་སྐད་ཡིག་ལས་མངོན་གསལ་དུ་ཤེས་ཡོང༌། དེའི་ཕྱིར། མི་རིགས་སྐད་ཡིག་གི་གནས་བབ་དང་ལས་དབང་གིས་མི་རིགས་གང་དེའི་གནས་སྟངས་དང་ཆབ་སྲིད་གོ་གནས། མདུན་ལམ་ལས་དབང་བཅས་མཚོན་ཐུབ།
ལེ་ཉིན་སོགས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བས་གནད་དོན་འདིའི་སྟེང་དུ་བཟུང་བའི་གཞི་རྩའི་ལྟ་ཚུལ་ནི། སུ་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་རྒྱུན་འཁྱོངས་མི་བྱེད་པ་དང༌། མི་་་་རིགས་གཉའ་གནོན་དང་འདྲ་མཉམ་མིན་པའི་གནས་ཚུལ་ལ་འཐབ་རྩོད་མི་བྱེད་ཚེ། དེ་ནི་མར་ཁེ་སི་རིང་ལུགས་པ་ཞིག་མི་ཞིང༌། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན། འདི་ལ་དོགས་པ་ཅི་ཡང་མེད། ཅེས་དང༌། ཡང༌། དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་ཚེ་ངེས་པར་དུ་ཆ་རྐྱེན་ཅི་ཡང་མེད་པར་སྐད་ཡིག་སོ་སོའི་རང་དབང་ཁས་་ལེན་དགོས་ཤིང༌། སྐད་རིགས་གང་ཞིག་ལ་ཁྱད་དབང་ཡོད་པ་དགག་དགོས། དམངས་གཙོ་རྒྱལ་ཁབ་ཞིག་ཡིན་་་་ཕྱིན། སྤྱི་ཚོགས་ལས་དོན་གྱི་ཕྱོགས་གང་དང་སྡེ་ཁག་གང་ནས་ཀྱང་མི་རིགས་གང་ཞིག་གིས་མི་རིགས་གཞན་དག་ལ་གཉའ་གནོན་བྱེད་པའམ་ཆེ་ཚུགས་བཟུང་མི་ཆོག ཅེས་དང༌། ད་དུང༌། མི་རིགས་གྲངས་ཉུང་གཞན་དག་གིས་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས། སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་བསྐུལ་བའི་དབང་ཆ་ཡོད། དཔེར་ན། རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པས་རང་གིས་སྐད་དེ་བཀོལ་ནས་ལན་འདེབས་པའི་ཁེ་དབང་སོགས་ཡོད། རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། མི་དམངས་མང་ཚོགས་ཁྲི་འབུམ་མང་པོས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ན་ད་གཟོད་སྲིད་་འབྱོར་རིག་གསུམ་གྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་འཐོབ་སྲིད་པས་སོ།། ཞེས་གསུངས་ཡོད།
མར་ཁེ་སི་རིང་ལུགས་པའི་མི་རིགས་སྐད་ཡིག་གི་གཞི་རྩའི་ལྟ་བ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་རྗེས། ད་ནི་མི་རིགས་མཉམ་འདྲེས་དང་མི་རིགས་གཞན་འགྱུར་གྱི་གནད་དོན་གླེང་བར་བྱ་སྟེ། སྤྱིར་བཏང་སྤྱི་ཚོགས་འཚོ་བའི་ཁྲོད་དུ། ཐོན་སྐྱེ་དང་ཚོང་ཟོག་བརྗེ་རེས་ཀྱི་ཤུགས་རྐྱེན་འོག་དཔལ་འབྱོར་ཉིན་རེ་བཞིན་འཕེལ་བ་དང༌། མི་རིགས་ནང་ཁུལ་དང་མི་རིགས་དང་མི་རིགས་བར་དུའང་དཔལ་འབྱོར་དང་རིག་གནས་ཆབ་སྲིད་ལ་སོགས་ཁྱབ་ཁོངས་མི་འདྲ་བ་སྟེ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཡང་ན་དབུས་མར་གནས་པ་ཆབ་སྲིད་དང་ཁྲིམས་ལུགས་ལ་སོགས་རྒྱུ་ཆའི་ཐོན་སྐྱེད་དང་བརྗེ་རེས་བྱེད་པའི་ཁྱབ་ཁོངས་སུ། ཚད་མི་འདྲ་བའི་འགྲོ་འོང་བྱེད་དགོས་བྱུང་བས་རིགས་དང་ཕྱོགས་ལ་ཤས་སུ་ཐུན་མོང་གི་རང་བྱུང་མཉམ་འདྲེས་བྱེད་པའི་སྣང་ཚུལ་འབྱུང་ངེས། འདི་ལ་སྤྱིར་བཏང་དུ་མི་རིགས་སམ་རིགས་རྒྱུད་བར་གྱི་ལུགས་མཐུན་མཉམ་འདྲེས་ཟེར། དེ་ལས་ལྡོག་པའི་གནས་ཚུལ་ནི། བཙན་པོས་གཉོམ་ཆུང་ཟ་བའི་མི་རིགས་སམ་རིགས་རྒྱུད་འཐབ་རྩོད་ཡང་ན་དམར་འཛིང་ཁྲོད།
སྟོབས་ལྡན་དབང་བསྒྱུར་མི་རིགས་ཀྱིས་རང་གི་སྲིད་འབྱོར་རིག་གསུམ་ཐད་ཀྱི་སྟོབས་ཤུགས་དང་ཁྱད་འཕགས་གོ་གནས་ལ་བརྟེན་ནས། ཞི་དྲག་གམ་གསལ་ལ་མི་གསལ་བའམ། དངོས་བརྒྱུད་གང་རུང་གི་ཐབས་སྣ་ཚོགས་ལ་་་བརྟེན་ནས། དབང་བསྒྱུར་མྱོང་བའི་ཉམ་ཆུང་མི་རིགས་སམ་རིགས་རྒྱུད་ཀྱི་གདོད་ནས་ཡོད་པའི་ཡུལ་སྲོལ་གོམས་འདྲིས་སོགས་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་སྐད་དང་ཡི་གེ་ཉམས་པར་བྱེད་པ་ཡིན། འདི་ལ་སྤྱིར་བཏང་དུ་མི་རིགས་གཞན་འགྱུར་སྲིད་ཇུས་ཟེར། མི་རིགས་གཞན་འགྱུར་ཞེས་པ་ནི་མི་རིགས་ཤིག་གི་གཞི་རྩའི་ཁྱད་ཆོས་རྣམས་བཙན་དབང་ཡང་ན་ཞི་ཐབས་སྣ་ཚོགས་ལ་བརྟེན་ནས་མི་རིགས་གཞན་ཞིག་གི་གཞི་རྩའི་ཁྱད་ཆོས་སུ་བསྒྱུར་པ་དེ་ལ་ཟེར།
མར་ཁེ་སིས་འདི་ལྟར་གསུངས་མྱོང་སྟེ། བཙན་དབང་གིས་མི་རིགས་གཞན་འགྱུར་བྱེད་པ་ནི་འཇིགས་རུང་གི་མགོ་སྐེ་འབྲེག་པའི་མི་རིགས་གཉའ་གནོན་གྱི་རྨང་གཞི་སྟེང་མངོན་འགྱུར་བྱས་པ་ཞིག་ཡིན། ཞེས་དང༌། སི་ཏ་ལིན་གྱིས་ཀྱང༌། གཞན་འགྱུར་སྲིད་ཇུས་ནི་མར་ཁེ་སི་རིང་ལུགས་ཀྱི་དྲག་མཛོད་དུ་གཏན་ནས་མི་རུང་བ་ཞིག་ཡིན། རྒྱུ་མཚན་ནི་དེ་ནི་མི་དམང་དང་གསར་བརྗེ། དམངས་གཙོ་བཅས་ལ་རྒོལ་བའི་གནོན་འཚེ་དང་བཅས་པའི་སྲིད་ཇུས་ཤིག་ཡིན། ཞེས་སོ།། འདི་ལས་ཤེས་རྟོགས་ཐུབ་པ་ནི། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ཡིན་ཡང༌། དངོས་བརྒྱུད་གསལ་ལྐོག་ཞི་དྲག་གི་མི་རིགས་གཞན་འགྱུར་སྲིད་ཇུས་དང༌། དྲག་ཤུགས་སམ་ཁྱད་དབང་སོགས་ལག་་་་་ཐབས་སྣ་ཚོགས་ལ་བརྟེན་པའི་གཞན་འགྱུར་སྲིད་ཇུས་གང་ཡིན་ཡང༌། ལྷག་པར་དུ་མི་རིགས་སྐད་ཡིག་སྟེང་མཚོན་པའི་གཞན་འགྱུར་སྲིད་ཇུས་ཐམས་ཅད་དམངས་གཙོ་རིང་ལུགས་ཀྱི་རྩ་དོན་དང་འགལ་བ་ཡིན་ཞིང༌། སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་དང་འགལ་བ་དེ་ལས་ཀྱང་སྨོས་མི་དགོས། དམངས་གཙོ་རྒྱལ་ཁབ་ཏུ། ལྷག་པར་དུ་་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དུ། དེའི་རྩ་ཁྲིམས་དང་འགལ་བ་ཡིན་དེ། རྩ་ཁྲིམས་དུ་མི་རིགས་སོ་སོར་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་གོང་འཕེལ་དུ་གཏོང་བའི་དབང་ཆ་ལྡན་ཞེས་པའི་འབྲེལ་ཡོད་རྩ་དོན་དང་འགལ་་བ་ཡིན། མི་རིགས་གཞན་འགྱུར་དང་མི་རིགས་མཉམ་འདྲེས་ཞེས་པའི་ཐ་སྙད་འདི་གཉིས་སྤྱི་ཚོགས་འཚོ་བའི་ཁྲོད་སྐབས་ལ་ལར་བསྣོལ་མར་གནས་པ་ཞིག་ཏུ་སྣང་མོད། དོན་དངོས་སྟེང་ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བ་དང་ཆ་རྐྱེན་མི་འདྲ་བའི་འོག་བྱུང་བའི་འགལ་ཟླར་གནས་པ་ཞིག་གོ།།
གཞན་དུ། མི་རིགས་མང་པོའི་རྒྱལ་ཁབ་ཁ་ཤས་ཀྱི་མི་རིགས་ཆེན་མོས། མི་རིགས་གཞན་འགྱུར་སྲིད་ཇུས་མངོན་སུམ་དུ་འདོན་སྤེལ་མི་བྱེད་ཀྱང༌། སྤྱི་ཚོགས་འཚོ་བའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་དང་དམག་དོན་སོགས་ཁྱབ་ཁོངས་སོ་སོ་རུ།རང་གི་གཞན་ལས་འཕགས་པའི་གོ་གནས་དང་ནུས་པར་བརྟེན་ནས།
རིགས་གཞན་ལ་བལྟས་ཚོད་ཀྱིས་གཞན་འགྱུར་སྲིད་ཇུས་དང་མི་མཚུངས་པའི་གཞན་འགྱུར་སྲིད་ཇུས་ལག་བསྟར་བྱེད་ཅིང༌། སྲིད་ཇུས་འདི་མངོན་སུམ་གྱིས་གཞན་འགྱུར་སྲིད་ཇུས་ལག་དུ་བསྟར་བ་དང་བསྡུར་ན། ནུས་པ་དང་མཇུག་འབྲས་ལ་དེ་ལས་ངན་ཚབས་ཆེ་བ་ཡིན། མིག་རྒྱང་རིང་ཞིང་བདེན་དོན་བསམ་པ། རིན་ཐང་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ཡང་དག་པ་ཞིག་ལྡན་པའི་མི་ཞིག་ཡིན་ཚེ། རྒྱུན་ལྡན་མ་ཡིན་པའི་ལོག་སྤྱོད་ཀྱི་འགྲོ་ལུགས་འདི་ལ་ཤེས་རྟོགས་བྱེད་ཐུབ་ཅིང༌། མི་རིགས་འབྲེལ་བར་གནོན་འཚེ་གཏོང་བའི་གནས་ཚུལ་ཚབས་ཆེན་དེའི་རིགས་ལ་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྒོལ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།
གཞན་ཡང༌། གཞུང་ལུགས་སྨྲ་བའི་ཁྲོད་དུའང་འདི་ལྟར་གླེང་མྱོང་སྟེ། ལོ་རྒྱུས་སྟེང་རིག་གནས་དར་ཚད་ཅུང་རྗེས་ལུས་ཡིན་ཞིང་དྲག་པོའི་གཡུལ་ལ་དགའ་བའི་མི་རིགས་ཁ་ཤས་ཀྱིས་གཞན་རིགས་དབང་འོག་ཏུ་བསྡུས་རྗེས། མཇུག་མཐར་རང་ཉིད་དབང་འོག་ཏུ་བཅུག་པའི་རིག་གནས་དར་ཚད་མཐོ་བའི་མི་རིགས་དེར་འགྱུར་པའམ་མཉམ་འདྲེས་བྱུང༌། འདི་ལྟའི་ལོ་རྒྱུས་མཇུག་འབྲས་ནི་བཙན་དབང་འོག་གི་མི་རིགས་དེས་བྱས་པ་ནི་མིན་དེ། དབང་བསྒྱུར་བྱེད་མཁན་རང་ལ་རག་ལས་སོ།།
མི་རིགས་མཉམ་འདྲེས་དང་མི་རིགས་གཞན་འགྱུར་གླེང་སྐབས། ངེས་པར་དུ་ཤེས་དགོས་པ་ནི་མི་རིགས་ཞེས་པའི་ཐ་སྙད་འདི་དང་ཐ་སྙད་གཞན་གང་ཡིན་ཡང༌། ཐམས་ཅད་བལྟོས་བཅས་རང་བཞིན་དང་ལྡན་པ་ཞིག་ཡིན། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད།མི་རིགས་དང་མི་རིགས་བར་ལྷག་པར་དུ་ཉེ་གནས་ཀྱི་མི་རིགས་བར་་གཉེན་འབྲེལ་ལ་སོགས་རྒྱུན་ལྡན་གྱི་འབྲེལ་འདྲིས་དང་རྒྱུན་ལྡན་མ་ཡིན་པའི་འཐབ་རྩོད་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས།  ཕན་ཚུན་བར་གྱི་འགྲོ་འོང་དང་ཚད་མི་འདྲ་བའི་འབྲེལ་འདྲེས་རྟག་ཏུ་ཡོད། དེའི་ཕྱིར། མི་རིགས་དབྱེ་བའི་སྐབས་སུ་རགས་ཞིབ་ལས་ཞིབ་དབྱེ་མི་རུང་ཞིང༌། དེང་གཙོ་བ་ལས་གནའ་བོ་ཚད་གཞིར་འཛིན་མི་རུང༌།
མར་ཁེ་སི་རིང་ལུགས་པས་ཀྱང་གཞུང་ལུགས་སྟེང་འཛམ་གླིང་ཁྱབ་ཁོངས་སུ་གྲལ་རིམ་བཤུ་གཞོག་དང་མི་རིགས་སམ་རིགས་རྒྱུད་གཉའ་གནོན་མེད་པར་བཟོས་ནས། གུང་ཁྲང་རིང་ལུགས་ཀྱི་འཇིག་རྟེན་དུ་སླེབས་པའི་དུས་ན། རིམ་བཞིན་མི་རིགས་བར་གྱི་བར་ཁྱད་དང་འགལ་བ་ཞི་བ་ར་འགྲོ་ཞིང༌། མི་རིགས་མཉམ་འདྲེས་ཡོང་བའི་སྐོར་ལ་དཔྱད་པ་བཏང་མྱོང༌། ཡིན་ན་ཡང༌། མཉམ་འདྲེས་འདི་ནི་མི་རིགས་མང་པོ་ཞིག་མི་རིགས་གཅིག་གི་ཁྲོད་དུ་འདྲེས་པ་མིན་ཏེ། མི་རིགས་ཡོད་དོ་ཅོག་གི་བར་དུ་ཐུན་མོང་རང་བཞིན་ཞིག་ཆགས་པའི་མཚུངས་སུ།
རངསོ་སོའི་ཁྱད་པར་ཀྱི་ཆོས་གང་ཞིག་ད་དུང་སོར་གནས་བྱས་ཡོད་པ་ཞིག་ཡིན། དཔེར་ན་རྒྱའི་སྐད་ཡིག་ལ་མཚོན་ན།ཀྲུང་གོ་རྒྱལ་ཁབ་ཏུ། མི་རིགས་མཉམ་འདྲེས་ཞེས་པ་མི་རིགས་གྲངས་ཉུང55ཡོད་པ་རིམ་བཞིན་རྒྱ་མི་རིགས་ཁྲོད་དུ་མཉམ་འདྲེས་བྱེད་ཆོག་པ་ཞིག་གཏན་ནས་མིན། གཅིག་བྱས་ན་དེང་སྐབས་རྒྱའི་སྐད་ཡིག་དེ་རྒྱ་་་་རིགས་དང་མི་རིགས་གྲངས་ཉུང་གི་བར་དུ་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་ཅིག་ཏུ་སྣང་མོད། འོན་ཏེ་རྒྱུ་མཚན་འདི་ལྟ་བུ་ཞིག་ལ་བརྟེན་ནས་མི་རིགས་གྲངས་ཉུང་གཞན་དག་གི་སྐད་ཡིག་དང་ཡུལ་སྲོལ་ལ་སོགས་མེད་་པར་བྱེད་མི་རུང༌། རྒྱའི་སྐད་ཡིག་ལ་མཚོན་ན་འང་སྤྱི་སྐད་གཏན་འབེབས་བྱས་པ་དེས་མིག་སྔའི་བར་དུ་ཡུལ་སྐད་དག་མེད་པར་གཏོང་མ་ཐུབ་པས་ན། ལོ་བརྒྱ་སྟོང་མང་པོའི་རིང་ལ་ཆགས་པའི་མི་རིགས་མི་འདྲ་བའི་བར་་གྱི་སྐད་ཡིག་ལ་ཅི་ཁག གནས་ལུགས་འདི་ནི་མིག་སྔར་དབྱིངས་ཇིའི་སྐད་དེའི་འཛམ་གླིང་གི་སྤྱི་སྐད་དུ་ཆགས་བཞིན་ཡོད་མོད། དེ་རྒྱུ་མཚན་བྱས་ནས་རྒྱལ་ཁབ་དང་མི་རིགས་གཞན་དག་གི་སྐད་ཡིག་མེད་པར་གཏོང་མི་རུང་བ་ཇི་བཞིན་ནོ།།
མདོར་ན། མི་རིགས་མཉམ་འདྲེས་གནད་དོན་ནི་མིག་ད་དུང་སྔར་རྒྱལ་ཁབ་སོ་སོ་རུ་གླེང་གཞི་ཞིག་ཏུ་བརྩི་མི་འོས་ཤིང་བརྩི་ཡང་མི་བརྩི་ལ། གལ་ཏེ་བརྩི་བའི་དབང་དུ་བཏང་ན་མཇུག་འབྲས་ཚབས་ཆེན་ཞིག་ཡོང་བ་སྨོས་མི་དགོས། ཐ་ན་འཛམ་གླིང་སྤྱིའི་ཁྱབ་ཁོངས་སུའང་གཞུང་ལུགས་སྨྲ་བའི་ཁྲོད་དུ་མཚན་ཉིད་རིག་པའི་སྤྱི་མཚན་དང་རང་མཚན་གྱི་ངོས་ནས་མི་རིགས་མཉམ་འདྲེས་གནད་དོན་ལ་དཔྱད་གླེང་ཙམ་བྱེད་པ་ཁོ་ནའོ།།

རྩོམ་ཁུངས། ཕྱིར་དྲན་དང་གསར་རྟོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།