གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༥

2010-01-24 18:43:00 ཕུན་ཚོགས་དབང་རྒྱལ(ཕུན་དབང)། ཀློག་གྲངས། མཆན ཡོད།

༡༣ མི་རིགས་རང་སྐྱོང་གནད་དོན་སྐོར། མི་རིགས་མང་པོའི་རྒྱལ་ཁབ་ཏུ། མི་རིགས་རང་སྐྱོང་ནི་མི་རིགས་ཆེན་མོ་དང་ཉམ་ཆུང་མི་རིགས་དག་གི་བར་དུ་མི་རིགས་གནད་དོན་ཐག་གཅོད་བྱེད་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེ་བ་ཞིག་ཡིན་ཞིང༌། དམངས་གཙོ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་ལ་ཆེ་ཆུང་དང་མང་ཉུང་མི་ཕྱེས་པའི་རྩ་དོན་དང༌། མི་རིགས་རང་གཙོ་རང་བདག་རང་སྐྱོང་དབང་ཆའི་གཞུང་ལུགས་ལྟར། རྒྱལ་ཁབ་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་སྒོས་རང་གི་ཁྱད་ཆོས་ལྡན་པའི་མི་རིགས་རང་སྐྱོང་སྲིད་ཇུས་གཏན་ལ་ཕབས་དགོས་པ་ཡིན། གུང་ཁྲང་ཏང་གི་མགོ་ཁྲིད་འོག སྤྱི་བཏང་ཚད་མཐོ་བའི་ཆབ་སྲིད་རང་སྐྱོང་དང་ཚད་དམའ་བའི་སྲིད་འཛིན་རང་སྐྱོང་རིགས་གཉིས་སུ་དབྱེ། ཆབ་སྲིད་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་འོག གནས་ཚུལ་ཁྱད་པར་བའི་དབང་གིས་རང་སྐྱོང་མི་རིགས་ཀྱིས་རྒྱལ་ཁབ་དེ་ལས་བྲལ་བའི་དབང་ཆ་ལག་བསྟར་བྱས་ཆོག དཔེར་ན་སུའུ་ལེན་དུས་སྐབས་ཀྱི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་སི་ལ་ཧྥུ་ལྷོ་མའི་ཡུལ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སོགས། དེ་ལས་གཞན། ད་དུང་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ཡུལ་འདུས་ལམ་ལུགས་ཀྱི་ཆགས་སྟངས་སོགས། སྲིད་འཛིན་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་འོགརང་སྐྱོང་བྱས་པའི་མི་རིགས་དེས་རྒྱལ་ཁབ་ལས་ཁ་བལ་བའི་དབང་ཆ་ལག་བསྟར་མི་བྱེད་པའི་མི་རིགས་རང་སྐྱོང་གི་རྣམ་པ་་་་ཞིག་ལ་ཟེར། རང་སྐྱོང་འདིའི་རིགས་ལ་མཐོརིམ་དང་དམའ་རིམ་རིགས་གཉིས་སུ་ཕྱེས་ཤིང༌། མཐོ་རིམ་སྲིད་འཛིན་རང་སྐྱོང་ནི་རིགས་སྣ་ཚོགས་ཀྱི་མི་རིགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་སྟེ། སྔོན་མའི་སུའུ་ལེན་དང་དེང་སྐབས་ཨུ་རུ་སུ་རྒྱལ་ཁབ་ལ་སོགས་པའི་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ལྟ་བུ། ད་དུང་མི་རིགས་གཅིག་གི་ནང་དུའང་སྲིད་འཛིན་ཁྱད་དབང་ས་ཁུལ་དབྱེ་ཆོག་སྟེ། དཔེར་ན་ཀྲུང་གོའི་ཞང་ཀང་དང་ཨོ་མིན། མ་འོངས་པའི་ཐེ་་ཝན་སོགས་ཀྱང་རྒྱལ་ཁབ་གཅིག་གི་མངའ་ཁོངས་སུ་ཚད་མཐོ་བའི་སྲིད་འཛིན་རང་སྐྱོང་ལག་བསྟར་བྱེད་པ་ཡིན།
འདིའི་རྩ་བའི་ཁྱད་ཆོས་ནི། ས་གནས་དེའི་མི་ཡིས་རང་ས་གནས་སྐྱོང་བ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། རང་སྐྱོང་ཚད་མཐོན་པོ་སོགས་སོ།། གནད་འདི་དག་ལ་བརྟེན་ནས་གཞི་རྩའི་ཁྲིམས་གཏན་ལ་ཕབས་པ་ཡིན།
གཞན་ཡང༌། རྒྱལ་ཁབ་སོ་སོའི་ནང་ཁུལ་གྱི་སྲིད་འཛིན་ས་ཁོངས་དབྱེ་སྟངས་ལྟར། མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཀྱང་ཆོག སྤྱི་བཏང་འདི་ནི་ཚད་དམའ་བའི་སྲིད་འཛིན་རང་སྐྱོང་དུ་གཏོགས་མོད། མི་རིགས་མང་པོའི་རྒྱལ་ཁབ་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་ཀྱི་སྲིད་ཇུས་གལ་ཆེན་ཞིག་ཡིན།
མི་རིགས་རང་སྐྱོང་གནད་དོན་དང་མི་རིགས་གཉའ་གནོན་ནི་ཕན་ཚུན་འགལ་བར་གནས་པ་ཞིག་ཡིན། ལེ་ཉིན་གྱིས་གསུངས་རྒྱུར། མི་རིགས་གྲངས་ཉུང་གི་ཁེ་དབང་འགན་སྲུང་བྱེད་པའི་རྩ་དོན་ནི་ཕྱོགས་ཀུན་ནས་འདྲ་མཉམ་དུ་བལྟ་བའི་རྩ་དོན་དང་འབྲེལ་བ་ཟབ་མོ་འདུག མི་རིགས་རང་སྐྱོང་ཁུལ་ཆུང་བ་ཞིག་ཡིན་ཡང་རུང༌། དེ་ཉིད་འཐུས་ཚང་དང་གཅིག་གྱུར་ཅན་ཞིག་འཛུགས་པ་དེར་མི་རིགས་གཉའ་གནོན་མེད་པར་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཞེས་སོ།།
མི་རིགས་འདྲ་མཉམ་གྱི་རྩ་དོན་ལྟར། གཞུང་ལ་དང་ལག་ལེན་ཟུང་དུ་སྦྲེལ་ན། མི་རིགས་རང་སྐྱོང་ཆགས་སྟངས་ཐད་གཤམ་གྱི་ཕྱོགས་འགར་བརྩི་འཇོག་བྱེད་དགོས།
མི་རིགས་རང་སྐྱོང་ས་ཁུལ་གྱི་ཆགས་སྟངས་དང་རིམ་པ་གང་ཡིན་ཡང༌། རྒྱལ་ཁབ་དེའི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ནས། རང་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྟར། གཞི་རྩའི་ཁྲིམས་སྟེ་རང་སྐྱོང་ཁྲིམས་སྲོལ་གཏན་ལ་ཕབས་དགོས་ཤིང༌། ཆབ་སྲིད་དང་དཔལ་འབྱོར། ཐོན་ཁུངས། རིག་གནས། སྐད་ཡིག་སོགས་ཕྱོགས་སོ་སོའི་བྱེ་བྲག་སྲོལ་ཡིག་གཏན་ལ་ཕབས་དགོས། འདི་ནི་མི་རིགས་རང་སྐྱོང་དབང་ཆ་དང་ས་གནས་རང་སྐྱོང་དབང་ཆ་གཅིག་ཏུ་བསྡུས་པའི་མཚོན་རྟགས་ཡིན་པས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྱད་ཆོས་ཀྱང་མཚོན་ཐུབ།
མི་རིགས་རང་སྐྱོང་ས་ཁུལ་གྱི་ཆགས་སྟངས་དང་རིམ་པ་གང་ཡིན་ཡང༌། མི་རིགས་གང་དེས་རང་སྐྱོང་བྱེད་པ་མིང་དུ་བཏགས་རྗེས། མི་རིགས་གྲུབ་ཆའི་ཐད། མང་ཆེ་བ་མི་རིགས་དེའི་མིས་གྲུབ་པ་ཞིག་ཡིན་དགོས། དེ་ལྟ་མིན་ཚེ། མི་རིགས་གྲུབ་ཚུལ་ཐད་མིང་དོན་མི་མཚུངས་པས་འགལ་བ་དང་རྩོད་གཞི་སྣ་ཚོགས་འབྱུང་ངེས་ཤིང༌། རང་སྐྱོང་མི་རིགས་ཀྱི་རང་སྐྱོང་དབང་ཆ་དང་ཁོངས་འདུག་མི་རིགས་གཞན་གྱི་དམངས་གཙོ་ཁེ་དབང་བར་གཅིག་བསྟུན་གཅིག་ཤོར་གྱི་འགལ་བ་སྣ་ཚོགས་འབྱུང་ངེས། རྐྱེན་སྣ་ཚོགས་ལས་བྱུང་བའིལུགས་དང་མི་མཐུན་པའི་སྣང་ཚུལ་འདིའི་རིགས་ལ་ཐག་གཅོད་བཟང་པོ་བྱེད་དགོས། འདི་ནི་རང་སྐྱོང་ས་ཁུལ་སོ་སོས་མི་་་རིགས་གྲུབ་ཚུལ་སྟེང་དུ་བརྟན་འཇགས་མཛའ་མཐུན་གྱི་སྤྱི་ཚོགས་ཤིག་ཆགས་པར་འཐབ་ཇུས་རང་བཞིན་ལྡན་པའི་བྱེད་ཐབས་ཤིག་གོ།།
མི་རིགས་རང་སྐྱོང་ས་ཁུལ་གྱི་ཆགས་སྟངས་དང་རིམ་པ་གང་ཡིན་ཡང༌། དེའི་ཁྲིམས་འཛུགས་ལས་་་ཁུངས་དང༌། ལྷག་པར་དུ་སྲིད་འཛིན་ལས་ཁུངསཏང་སྲིད་ལས་ཁུངས་ཀྱང་འདུསདང་དེའི་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོ་དང་སྤྱིར་བཏང་ལས་བྱེད་མི་སྣ་དག་གཞི་རྩའི་སྟེང་རང་སྐྱོང་མི་རིགས་གང་དེའི་མི་སྣ་ཡིན་དགོས། འདི་ནི་ལས་བྱེད་པ་མི་རིགས་ཅན་དུ་བསྒྱུར་དགོས་ཞེས་པ་དེ་ཡིན། རང་སྐྱོང་ལག་བསྟར་བྱས་པའི་་མི་རིགས་དེས་སི་ཏ་ལིན་གྱིས་གསུངས་པ་ལྟར་རང་གི་རྐང་པ་ལ་བརྟེན་ནས་འགྲོ་ཤེས་དགོས། འདི་ལྟར་ན་ད་གཟོད་མི་རིགས་སོ་སོས་རང་ཁྱིམ་རང་བདག་བྱས་པ་ཡིན་ཞིང༌། མགོ་ཁྲིད་ཐད་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་བར་འགན་སྲུང་བྱས་ཡོད་ཅིང༌། དུས་ཡུན་རིང་བོར་ཆགས་པའི་གྲངས་ཉུང་མི་རིགས་རང་ཁྱིམ་དུ་གནས་མོད་མི་རིགས་ཆེན་མོས་རང་བདག་བྱེད་པའི་རྣམ་པ་བསྒྱུར་ཐུབ།
དོན་འདིའི་ཐད། ལོ་རྒྱུས་སྟེང་དབང་བསྒྱུར་མི་རིགས་ལ་རྟག་ཏུ་བྱུང་བའི་ནོར་འཁྲུལ་ཅིག་ནི། ཁོག་རྒྱ་དོག་ཅིང་དོགས་པ་ཆེ་བ།མིག་རྒྱང་ཐུང་བ་བཅས་ཡིན་ཏེ། མི་རིགས་ཆེན་མོའི་སྒེར་ཁེའི་ཆེད་དུ། དབང་བསྒྱུར་པའི་ཁོག་རྒྱ་ཇི་ལྟར་ཆེ་ཡང༌། རིགས་གཞན་ལ་ནམ་ཡང་ཡིད་ཆེས་མི་བྱེད་པར། ངའི་རིགས་མིན་ཚེ་དེའི་སེམས་ང་དང་འགལ་སྙམ་པའི་སེམས་ཁམས་ཀྱིས་བརླན་ཏེ་གནད་འགག་ས་ཁུལ་དང་འགག་དོན་སྟེང་དབང་ཆ་མི་སྤྲོད། དེའི་་ཕྱིར། ལས་བྱེད་པ་མི་རིགས་ཅན་དུ་བསྒྱུར་རྒྱུ་ནི་མི་སྣ་བཀོད་སྒྲིག་བྱེད་སྐབས་ལོ་རྒྱུས་ཀྱི་ལོག་ལྟ་ལས་གཡོལ་བའི་ཁག་ཐེག་ཅིག་ཡིན།
མི་རིགས་རང་སྐྱོང་ས་ཁུལ་གྱི་ཆགས་སྟངས་དང་རིམ་པ་གང་ཡིན་ཡང༌། དེའི་ཁྱབ་ཁོངས་སོ་སོ་ནས་རང་སྐྱོང་བྱས་པའི་མི་རིགས་དང་ས་ཁུལ་དེའི་ཆེ་བ་དང་ཁྱད་ཆོས་ཐོན་དགོས་ཏེ། མི་རིགས་ཀྱི་ཡུལ་སྲོལ་དང་བརྩིགས་བཟོ་ལ་སོགས་པར་མི་རིགས་དེའི་ཁྱད་ཆོས་ལྡན་དགོས་པ་ཡིན། འདི་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་དུ་སྤེལ་བའི་རྩ་བའི་རྣམ་འགྱུར་ཞིག་གོ།། མི་རིགས་དང་ས་གནས་གང་དེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པ་བཟང་ཚེ། རྣམ་པའི་སྟེང་མི་རིགས་ཅན་དང་ནང་དོན་ཐད་དེང་རབས་ཅན་གྱི་ཡང་དག་པའི་ལམ་ཕྱོགས་མཚོན་ཐུབ་པ་ཡིན། འདི་ནི་སྲོལ་རྒྱུན་དང་དེང་རབས་ཟུང་དུ་སྦྲེལ་བའི་རྩོད་སྒྲུབ་ལགས།
མི་རིགས་རང་ལ་སྐད་ཡིག་ཡོད་པ་ཞིག་ཡིན་ཚེ་རང་སྐྱོང་ས་ཁུལ་དུ་རང་སྐྱོང་བྱས་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་འཛིན་དགོས་ཤིང༌། ཞོར་ལ་ཀུན་གྱིས་སྤྱོད་པའི་གཙོ་གྲུབ་མི་རིགས་སམ་མི་རིགས་ཆེན་མོའི་སྐད་ཡིག་ལ་སློབ་པའི་སྐད་གཉིས་ལམ་ལུགས་སྤེལ་དགོས། འོན་ཀྱང་གཙོ་ཕལ་གྱི་དབྱེ་བ་འཁྲུལ་བའམ་བརྗེ་མི་་་་རུང༌། ལྷག་པར་དུ་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་འདོར་མི་རུང༌། ཡུལ་སྲོལ་དང་སྐད་ཡིག་ལ་སོགས་གོང་དུ་སྤེལ་བ་ལས་བྱུང་བའི་འགལ་བ་སྣ་ཚོགས་ལས་གཡོལ་བའམ་ཐག་གཅོད་བཟང་པོ་བྱེད་དགོས། འདིའི་འགན་ཁུར་གཙོ་བོ་དབང་འཛིན་པར་ཡོད་པས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་དགོས་ཤིང༌། རྒྱལ་ཁབ་དེའི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྒྲུབ་པ་ལས། གང་འདོད་དུ་ཁྲིམས་འགལ་ལུགས་འགལ་བྱེད་མི་རུང་ཞིང༌། ལྷག་པར་དུ་མི་རིགས་སྐད་ཡིག་གི་སྟེང་མི་རིགས་ཆེན་མོའི་སྐད་ཡིག་གིས་ཚབ་བྱེད་མི་རུང༌།
མི་རིགས་རང་སྐྱོང་ས་ཁུལ་དུ་རང་མི་རིགས་གཙོ་བྱས་ཏེ་བདེ་སྲུང་དམག་དཔུང་བཙུགས་ཆོག
གནད་དོན་འདིའི་སྟེང་མི་རིགས་བར་ཁྱད་ཀྱི་དབང་གིས་བསླངས་པའི་འགལ་བ་དང་རྩོད་གཞི་ལས་གཡོལ་བའམ་ཇེ་ཉུང་དུ་གཏོང་ཐུབ། འོན་ཀྱང་རྒྱལ་སྲུང་དམག་མི་གཞི་རྩའི་སྟེང་རྒྱལ་ཁབ་དེའི་མི་རིགས་གཙོ་བོའམ་མི་རིགས་ཆེན་མོས་གྲུབ་པ་ཡིན། བདེ་སྲུང་དམག་དཔུང་གི་འགན་འཁྲི་གཙོ་བོ་ནི་ནང་གི་བདེ་འཇགས་སྲུང་རྒྱུ་དེ་་་ཡིན། རྒྱལ་སྲུང་དམག་དཔུང་གི་འགན་འཁྲི་གཙོ་བོ་ནི་ཕྱི་རྒོལ་འགོག་པའི་ཆེད་དུའོ།། སོ་སོའི་འགན་འཁྲི་གསལ་ཞིང་ཕན་ཚུན་བར་འགལ་བ་མེད། སྐབས་དོན་ཉེན་སྐྱོབ་སོགས་ཀྱི་ཁྲོད་གཉི་ག་ཞུགས་ཆོག་པ་ཡིན།
མི་རིགས་རང་སྐྱོང་ས་ཁུལ་དུ། མི་རིགས་གཉིས་ཀྱིས་མཉམ་འབྲེལ་སྒོས་རང་སྐྱོང་བྱེད་པའི་ས་ཁུལ་དུ།
གཞན་ཡང་མི་རིགས་སིལ་བུར་སྡོད་པ་དང་འདྲེས་མར་སྡོད་པའི་ས་ཁུལ་དུ། ངེས་པར་དུ་ཆེ་བས་ཆུང་བ་དང་སྟོབས་ཆེན་གྱིས་ཉམ་ཆུང་ལ་བྱམས་སྐྱོང་བྱེད་པའི་མི་རིགས་འདྲ་མཉམ་གྱི་རྩ་དོན་ལག་བསྟར་བྱེད་དགོས།
གོང་དི་འདི་དག་ལས་གཞན་ད་དུང་གསལ་བཤད་བྱེད་དགོས་པ་ཞིག་ནི།
རིགས་དང་རིམ་པ་མི་འདྲ་བའི་མི་རིགས་རང་སྐྱོང་ས་ཁུལ་འཛུགས་པ་ནི། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་གྱི་རྩ་དོན་འོག སྲིད་ཇུས་དང་ལམ་ལུགས། བཅའ་ཁྲིམས་བཅས་ནས་མི་རིགས་རང་སྐྱོང་གི་ཁེ་དབང་བྱེ་བྲག་ཏུ་གཏན་ལ་ཕབས་པ་ཡིན་ཞིང༌།དམིགས་ཡུལ་གཙོ་བོ་ནི་མི་རིགས་གྲངས་ཉུང་དང་ཉམ་ཆུང་མི་རིགས་ཀྱི་འཚོ་གཞེས་པའི་དབང་ཆ་དང་དེའི་རྨང་གཞིའི་སྟེང་གི་གོང་དུ་སྤེལ་བའི་དབང་ཆར་ཁག་ཐེག་དང་འགན་སྲུང་བྱེད་པའི་ཆེད་དུ་ཡིན། འཚོ་གཞེས་དབང་ཆ་དང་གོང་སྤེལ་དབང་ཆ་འགན་སྲུང་བྱས་པས་ན། ད་གཟོད་མི་རིགས་སོ་སོ་མཉམ་གནས་མཉམ་དར་གླེང་རིན་ཡོད་པ་ཞིག་ཡིན།
ངེས་པར་དུ་བསྟན་དགོས་པ་ཞིག་ལ། མི་རིགས་མང་པོའི་རྒྱལ་ཁབ་ཁ་ཤས་སུ། མི་རིགས་ཆེན་མོར་ཕྱོགས་་་མང་པོ་ཞིག་ནས་ཆ་རྐྱེན་གཞན་ལས་འཕགས་པ་ཞིག་ཡོད་པ་ཡིན། ལྷག་པར་དུ་མི་གྲངས་སྟེང་ནམ་རྒྱུན་མང་ཆེ་་བ་ཟིན་པས། དེ་ལ་འཚོ་གཞེས་དབང་ཆ་དང་གོང་སྤེལ་དབང་ཆའི་ཐད་སེམས་དོགས་ཅི་ཡང་མེད། དེའི་ཕྱིར། ཁོ་ཚོར་མི་རིགས་གཞན་དག་གི་འཚོ་གཞེས་དབང་ཆ་དང་གོང་སྤེལ་དབང་ཆར་ཐབས་སྣ་ཚོགས་ཀྱིས་འགན་སྲུང་བྱེད་པའི་འོས་འགན་ཡོད་པ་དང༌། མི་རིགས་འདྲ་མཉམ་ལྟ་བ་རྒྱུན་འཁྱོངས་བྱེད་པ་ལས་མི་རིགས་ཆེན་མོ་རིང་་ལུགས་ཀྱི་གཞན་འགྱུར་སྲིད་ཇུས་ལག་ཏུ་བསྟར་མི་རུང༌། མདོར་ན། སྤུན་ཟླའི་མི་རིགས་དང་ལྷན་དུ་མཉམ་དར་་མཉམ་སྐྱིད་བྱེད་པ་ལས། མི་རིགས་ཆེན་མོ་དར་རྒྱས་སུ་སོང་བ་དང་བསྟུན་ནས། སྤུན་ཟླ་མི་རིགས་རྣམས་མིང་གི་ལྷག་མ་ཙམ་དུ་བསྒྱུར་མི་རུང་ངོ༌།།
མི་རིགས་མང་པོའི་རྒྱལ་ཁབ་ཁ་ཤས་སུ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས། མི་རིགས་ཆེན་མོ་དེ་མི་གྲངས་ཆེས་མང་ཡང༌། ས་རྒྱ་ཆུང་བ་དང་ཞིང་ས་དང་ཐོན་ཁུངས་ཆེས་ཉུང་བ་ཡིན། མི་རིགས་གཞན་དག་དེ་ལས་ལྡོག་སྟེ། མི་གྲངས་ཉུང་ཡང་ས་རྒྱ་ཆེ་བ་དང༌།ཐོན་ཁུངས་ཤིན་ཏུ་འཛོམས་པོ་ཡིན། གནས་ཚུལ་འདི་འདྲའི་འོག མི་རིགས་ཆེན་མོ་དེ་མི་རིགས་གཞན་དག་གི་ཡུལ་དུ་གནས་སྤོར་བ་དང༌།འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་གང་འདོད་ཀྱིས་གནས་སྡོ་བྱེད་པའི་སྣང་ཚུལ་དེ་ལོ་རྒྱུས་སྟེང་གནས་པ་ཞིག་ཡིན། དེའི་ཕྱིར་ལོ་རྒྱུས་དང་ད་ལྟའི་དུས་སུའང༌།
མི་རིགས་ས་ཁུལ་དུ་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་སོ་སོ་ནས་འདྲ་མཉམ་མིན་པ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད། སྣང་ཚུལ་འདིར་བྱེད་ཕྱོགས་གཉིས་ཡོད་དེ། གཅིག་ནི་མི་རིགས་ཆེན་མོས་མུ་མཐུད་དུ་རང་གི་ཆེ་བ་སྟེ་ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར་སྟེང་གི་སྟོབས་ཤུགས་ལ་བརྟེན་ནས།
མི་རིགས་གཞན་དག་གམ་ཉམ་ཆུང་མི་རིགས་རྣམས་རིམ་བཞིན་མིང་གི་ལྷག་མར་བྱེད་པ་དང༌། ཅིག་ཤོས་ནི་མི་་རིགས་ཆེན་མོ་དང་དེའི་དབང་བསྒྱུར་པས་དམངས་གཙོ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་གཞིར་བཟུང་ཞིང༌། རང་གཅིག་པུ་སྤྲོ་བ་ལས་ཐམས་ཅད་སྐྱིད་པ་དགའ་ཞེས་པའི་བློས་མིང་རྒྱང་བསྐྱེད་དེ་ཡུན་རིང་པོའི་འཐབ་ཇུས་དམིགས་འབེན་དང་བྱེ་བྲག་ལག་བསྟར་བྱེད་ཐབས་གཏན་ལ་ཕབས་པ་བཅས་ཀྱིས་མི་རིགས་ཆེན་མོའི་མི་མང་པོ་མི་རིགས་གྲངས་ཉུང་ས་ཆར་གནས་སྤོར་བའི་སྣང་ཚུལ་ཚབས་ཆེན་འདི་འགོག་དགོས། ཡིན་ན་ཡང༌།ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་འཆར་གཞི་འཐུས་ཚང་ཞིག་དགོས་ཏེ། གཅིག་ནས་མི་རིགས་ཆེན་མོར་མི་གྲངས་མང་ཞིང་ས་རྒྱ་ཆུང་བའི་གནས་ཚུལ་ལ་གཞིགས་ནས། མི་རིགས་རང་སྐྱོང་ས་ཁུལ་ཡིད་འཐད་བྱུང་རྗེས། མི་རིགས་ཆེན་མོའི་མི་ཁག་ཅིག་འཆར་གཞི་ལྡན་པ་དང་རབས་དང་རིམ་པ་སྒོས་མི་གྲངས་ཉུང་བའི་མི་རིགས་གྲངས་ཉུང་ས་ཁུལ་དུ་སྤོར་བ་དང༌། དེདང་ལྷན་དུ། ས་གནས་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སོགས་མུ་མཐུད་དུ་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ལ་ལྷག་པར་དུ་བསམ་བློ་གཏོང་་དགོས་ཤིང༌།གནས་སྤར་ཟིན་པ་དག་ལ་ལེགས་སྒྲིག་འོས་འཚམ་བྱེད་དགོས། འདིའི་ཐད་དུ་བསམ་བློ་གཏོང་དགོས་ས་ཤིན་ཏུ་མང་མོད།ཐོག་མར་བསམ་བློའི་སྟེང་གཞི་མགྲོན་གྱི་འབྲེལ་བ་གསལ་བོ་ཡིན་དགོས་ཏེ། མི་རིགས་གྲངས་ཉུང་ནི་ལོ་རྒྱུས་ཐོག་གནས་དེའི་བདག་པོ་ཡིན་པ་དང༌། སྔ་གཞུག་ཏུ་གནས་སྤར་ཡོང་བའི་མི་རྣམས་ནི་མགྲོན་པོ་ཡིན། འདི་ནི་སྔོན་འགྲོ་དང་རྩ་བ་ཡིན་ཞིང༌། གཞི་མགྲོན་གྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་ཐུབ་མིན་གྱི་གནད་འགག་ཀྱང་ཡིན། དེའི་ཕྱིར། ཕྱི་ཡོང་གི་མིས་ས་གཤིན་པོ་བཟུང་མི་རུང་ཞིང༌། ཐོག་མར་ས་གནས་་མི་རིགས་དམིགས་བསལ་སྟེར་བ་ལས། ཁྱབ་ཁོངས་སོ་སོ་ནས་རང་ཉིད་ནི་མི་རིགས་ཆེན་མོ་ཡིན་པའི་སྟོབས་ལ་བརྟེན་ནས་གཞི་མགྲོན་གྱི་གོ་ལྡོག་པ་དང་གཞན་ས་མཐར་འདེད་པ། ཐ་ན་ས་གནས་མི་རིགས་ཀྱི་ཐོན་སྐྱེད་དང་་འཚོ་བའི་རྒྱུ་ཆ་བདག་གིར་བཞེས་པ་སོགས་གཏན་ནས་བྱེད་མི་རུང༌། གཞན་ཡང༌། རིག་གནས་ཡོན་ཚད་ཅུང་་་་་མཐོ་བའི་རུ་ཡོང་པས་ས་གནས་མི་རིགས་གྲངས་ཉུང་གི་དེང་རབས་ཅན་དང་ཚན་རྩལ་ཤེས་བྱ་སོགས་ཐབས་སྣ་་ཚོགས་ཀྱིས་ཇེ་མཐོར་གཏོང་བར་རོགས་རམ་བྱེད་དགོས། འདི་ལྟར་ན། གཞི་མགྲོན་གྱི་འབྲེལ་བ་དེ་མཛའ་མཐུན་དང་ལྷིང་འཇགས་བརྟན་ཆགས་ཤིག་ཡོང་ཐུབ་བོ།།
རིགས་དང་རིམ་པ་མི་འདྲ་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་ཆ་དེ། གནས་ཚུལ་ཆེས་བཟང་བའི་འོག་ཏུའང་རྒྱུས་སྤུས་ཐད་ཚད་དམའ་མོ་ཞིག་ན་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། ཕྱོགས་གཅིག་་་ནས་རང་སྐྱོང་བྱེད་པའི་མི་རིགས་དེའི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཆ་རྐྱེན་དང་མིའི་བསམ་པའི་གོ་རྟོགས་ཀྱིས་ཚད་བཀ
ག་བྱས་པས་ཡིན་ལ། ཕྱོགས་གཞན་ཞིག་ནས་མི་རིགས་ཆེན་མོའི་དབང་བསྒྱུར་པས་མི་རིགས་རང་སྐྱོང་ས་ཁུལ་ལ་ཁྲིམས་ལས་གཏན་འཁེལ་བྱས་པའི་དབང་ཆ་བྱིན་པ་མི་འདང་བའམ་ཧ་ཅང་ཚད་ཡོད་པ་ཡིན།
མི་རིགས་རང་སྐྱོང་གི་ནང་དོན་དང་རྣམ་པའི་སྐོར། ནང་དོན་གྱིས་རྣམ་པ་ཐག་གཅོད་པ་དང༌། རྣམ་པས་ནང་དོན་ལ་ཤན་ཤུགས་ཐེབས་སྲིད། ནང་དོན་དང་རྣམ་པ་འགལ་མེད་དུ་གནས་པ་ནི་གནད་དོན་གང་ཞིག་གམ་ལྷག་པར་དུ་མི་རིགས་གནད་དོན་ཐག་གཅོད་པའི་བརྒྱུད་ལམ་ལུགས་དང་མཐུན་པ་ཞིག་ཡིན། འོན་ཀྱང་གཞི་རྩའི་སྟེང་མི་རིགས་རང་སྐྱོང་གི་རྣམ་པ་ལྡན་ཞིང་མི་རིགས་རང་སྐྱོང་གི་ནང་དོན་མེད་པ་ཞིག་དང༌། ཡང་ན་ནང་དོན་ལྡན་ཞིང་རྣམ་པ་མེད་པ་ཞིག་སྟེ་རིགས་འདི་གཉིས་ལས་ཕྱི་མ་བདམས་པས་དགའ།ཡིད་ཕངས་པ་ཞིག་ལ། འཚོ་བ་དངོས་ཀྱི་ཁྲོད། མི་རིགས་རང་སྐྱོང་ས་ཁུལ་ཕལ་ཆེ་བ་ནི་མིང་དོན་མི་མཚུངས་པས་རང་སྐྱོང་དོན་དང་མཐུན་པ་ཞིག་ཏུ་བསྒྱུར་དགོས། རྒྱལ་ཁབ་ལ་ལ་རུ་མི་རིགས་རང་སྐྱོང་གི་རྣམ་པ་མི་འདུག་མོད་དོན་དངོས་སྟེང་་རང་སྐྱོང་བྱས་ཡོད་དེ།དཔེར་ན་རོས་ཧྲི་ལྟ་བུ། དེ་ན་གནས་པ་གཙོ་བོ་ནི་འཇར་མན་དང་ཧྥ་རན་སི། ཨེ་ཐ་ལེ་སྐད་ཤོད་ཀྱིན་པའི་མི་རིགས་ཡིན། ལེ་ཉིན་སོགས་གསར་བརྗེ་མགོ་ཁྲིད་པས་ལོ་བརྒྱའི་སྔོན་ལ་མི་རིགས་འདྲ་མཉམ་རྒྱལ་ཁབ་ཅེས་པའི་མཚན་གསོལ་མྱོང་ཞིང༌། ད་ལྟའང་ད་དུང་དེ་ལྟར་གནས།
གཞན་ཡང༌། མི་རིགས་འབྲེལ་བ་ཁ་ཤས་ལ་རང་སྐྱོང་གི་རྣམ་པ་མེད་མོད། དེ་ལ་ལུགས་དང་མཐུན་ཞིང་བསྔགས་འོས་ཀྱི་ནང་དོན་ལྡན། དཔེར་ན། ལི་ཀོང་ཡོ་ནས་མགོ་ཁྲིད་གནང་བའི་སིང་ཀ་ཕོར་རུ་མང་ཆེ་བ་རྒྱ་རིགས་དང་ཁོ་ཚོ་ནི་རུ་ཡོང་པ་ཡིན། གཞི་སྡོད་མི་རིགས་ནི་མ་ལེ་ཞི་ཡ་ཡིན་མོད་དེའི་མི་གྲངས་ཧ་ཅང་ཉུང༌། དེ་ལྟ་མོད་ཀྱང་རྒྱལ་ཁབ་དེའི་སྐད་ཆ་ནི་མ་ལེ་ཞི་ཡ་སྐད་དུ་གཏན་འཁེལ་བྱས་འདུག་ཅིང༌། སྤྱི་སྤྱོད་སྐད་ཆ་དབྱིན་སྐད་ཡིན། དབྱིན་སྐད་དང་མི་རིགས་རང་གི་སྐད་ཡིག་མཉམ་དུ་སློབ་སྦྱོང་བྱེད་པའི་སྐད་གཉིས་ལམ་ལུགས་ལག་བསྟར་བྱེད་ཅིང་ཡོད། མ་ལེ་ཞི་ཡའི་སློབ་མ་ཞིག་ཡིན་ཕྱིན། སློབ་ཆུང་ནས་མཐོ་འབྲིང་དང་སློབ་གྲྭ་ཆེན་མོ་བར་དུ་སློབ་ཡོན་སྤྲོད་མི་དགོས། ཕ་མ་གཉིས་ལས་ཕྱོགས་གཅིག་མ་ལེ་ཞི་ཡ་རིགས་ཡིན་ཚེའང་འདི་ལྟར་བྱེད། གྲུབ་མཐའ་སོ་སོ་འདྲ་མཉམ་ཡིན་ཞིང༌། མི་རིགས་འབྲེལ་བའི་ཁྲོད་གཞི་མགྲོན་གྱི་གོ་གནས་དང་མི་གྲངས་མང་བའི་རུ་ཡོང་་པས་མི་གྲངས་ཉུང་བའི་གཞི་འདུག་པར་དམིགས་བསལ་སྟེར་བའི་བྱེད་ཕྱོགས་མཚོན་ཡོད། དེར་བརྟེན། རྒྱལ་ཁབ་དེའི་མི་རིགས་འབྲེལ་བ་མཐུན་འགྲིག་དུ་གནས་པ་དང༌། རྒྱལ་ཁབ་དར་ཞིང་རྒྱས་པའི་རྣམ་པ་ཆགས་འདུག
གོང་བཤད་ལ་ཕྱོགས་བསྡོམས་བྱས་ན། ཚད་མཐོ་བའི་ཆབ་སྲིད་རང་སྐྱོང་ནས་ཚད་དམའ་བའི་སྲིད་འཛིན་རང་སྐྱོང་བར་སྟེ། མི་རིགས་རང་སྐྱོང་གནད་དོན་ཐག་གཅོད་པར་རིགས་དང་རིམ་པ་མི་འདྲ་བ་དུ་མ་ལྡན། སྲིད་འཛིན་རང་སྐྱོང་ཁྲོད་དུའང་ཚད་མཐོ་བ་དང་དམའ་མོ་རིགས་གཉིས་སུ་ཕྱེས་ཡོད། མི་རིགས་ས་ཁུལ་རང་སྐྱོང་བྱེད་པ་ནི་ཆེས་མ་གཞིར་གྱུར་ཞིང་ཚད་དམའ་བའི་རང་སྐྱོང་བྱེད་སྟངས་ཤིག་ཡིན། དམངས་གཙོ་རྒྱལ་ཁབ་ངོ་མ་ཞིག་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ངོ་མ་ཞིག་ཏུ། མི་རིགས་ས་ཁུལ་རང་སྐྱོང་བྱེད་པའི་རྣམ་པ་འདི་ལ་འུད་བསྟོད་མི་བྱེད་པར་ཞེ་བསམ་པས་མིང་དོན་མཚུངས་པ་ཞིག་དང་ཡུན་རིང་པོའི་འཚོ་བའི་ཁྲོད་དུ་ཆགས་པའི་མི་་རིགས་གྲངས་ཉུང་ཁྱོམ་བདག་བྱས་ཏེ་མི་རིགས་ཆེན་མོས་དབང་ཐག་གཅོད་པའི་ཚུལ་དང་མི་མཐུན་པའི་རྣམ་པ་འདི་ལ་འབྲེལ་ཡོད་དབང་བསྒྱུར་ཕྱོགས་ཀྱིས་བསམ་བློ་ནན་མོ་གཏོང་བ་དང་དྲང་བདེན་ངང་ཤེས་རྟོགས་བྱེད་འོས། དབང་བསྒྱུར་པའི་འབྲེལ་ཡོད་མགོ་ཁྲིད་ལ་མཚོན་ན། འདི་ནི་དངོས་ཡོད་འཚོ་བ་དང་མ་འོངས་ལོ་རྒྱུས་ལ་་འགན་ཁུར་བའི་གཡོལ་མེད་འོས་འགན་ལགས།
རྒྱལ་ཁམས་བདེ་བ་ཀུན་ལས་གལ་ཆེ། བདེ་འཇགས་ཀྱི་རྨང་གཞིའི་སྟེང་ད་གཟོད་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་རྒྱུན་ལྡན་དང་སྒྲིག་སྲོལ་ཅན་དུ་ཆགས་ངེས་ཤིང༌། ལྷག་པར་དུ་མི་རིགས་མང་པོའི་རྒྱལ་ཁབ་ཤིག་ལ་མཚོན་ན། མི་རིགས་གནད་དོན་ཡང་དག་པར་ཐག་གཅོད་རྒྱུ་དེ་ཀུན་ལས་གལ་ཆེ་བ་ཡིན། འདི་ནི་རྒྱལ་ཁབ་དང་སྲིད་གཞུང་ཞིག་ལ་མཚོན་ན་སྨོས་མེད་ཀྱི་ལས་འགན་ཡིན། གནའ་ནས་ད་བར་དུ། རྒྱལ་ཁབ་དར་རྒྱས་སུ་འགྲོ་མིན་ལ་ཕྱི་ནང་གི་རྐྱེན་གང་མང་འདུག་མོད། ཆེས་རྩ་བར་གྱུར་པ་ནི་ནང་རྐྱེན་ཡིན། དེའི་ཕྱིར་གནའ་མིས་ཀྱང༌། རྒྱལ་ཁབ་དྲུག་པོ་བརླགས་མཁན་ནི་རྒྱལ་ཁབ་དྲུག་པོ་རང་ཡིན་པ་ལས་ཆིང་རྒྱལ་ཁབ་མིན། ཆིང་མི་རིགས་བསྣུབས་་་་མཁན་ནི་ཆིང་རང་ཉིད་ལས་གནམ་འོག་མིན། ཞེས་གསུངས་པ་འདི་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་ངེས་དོན་ཅན་ཞིག་ཏུ་འཁུམས་སོ།།
གོང་དུ་མི་རིགས་རང་སྐྱོང་གི་ཐད་དོ་སྣང་དང་ཐག་གཅོད་དགོས་པའི་ཕྱོགས་གཙོ་བོའི་གནད་ཀྱི་དོན་ལ་་་གསལ་བཤད་བྱས་པ་ཡིན། གལ་ཏེ་རྒྱལ་ཁབ་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་གནད་འདི་དག་དོན་དུ་གཉེར་ཚེ། མི་རིགས་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་ཅིང༌། མི་རིགས་རང་སྐྱོང་གིགནད་དོན་ཡང་གཞི་རྩའི་སྟེང་ཐག་གཅོད་བཟང་པོ་བྱེད་ཐུབ།མདོར་ན། གནད་འདི་དག་གིས་ཕྱོགས་གཅིག་་་ནས་ཆགས་སྟངས་མི་འདྲ་བའི་མི་རིགས་རང་སྐྱོང་སོ་སོར་འགན་སྲུང་བྱས་ནས། མི་རིགས་རང་སྐྱོང་ལམ་ལུགས་མིང་གི་ལྷག་མར་བྱེད་པའི་གནས་ཚུལ་ལས་བཟློག་ཐུབ་པར་མ་ཟད། མི་རིགས་སོ་སོ་མཉམ་གནས་མཉམ་དར་གྱི་རྣམ་པ་ཆགས་པར་ཡང་འགན་སྲུང་བྱེད་ཐུབ། དེའི་ཕྱིར། གནད་འདི་དག་དོན་ཐོག་འཁྱོངས་རྒྱུ་དེར་འཐབ་ཇུས་བྱེད་ཕྱོགས་སྟེང་རྒྱང་རིང་བོའི་དོན་སྙིང་གལ་ཆེན་ལྡན།
མཇུག་མཐར། མི་རིགས་གནད་དོན་སྟེང་གནས་པའི་འཁྱོག་དོན་སྨྱོ་བཤད་ཅིག་གནས་འདིར་དྲངས་ནས་་འབྲེལ་ཡོད་དབང་འཛིན་པས་གཙོས་ཀུན་གྱིས་དོ་སྣང་གཙིགས་འཛིན་བྱེད་པར་རེ་བ་ཡིན། དུས་རབས་གོང་མའི་ལོ་རབས་དགུ་ཅུ་པར། སུའུ་ལེན་སིལ་བུར་འཐོར་བ་དང་ཨོ་གླིང་ཤར་མར་འཕོ་འགྱུར་བྱུང་རྗེས། ཀྲུང་གོ་སོགས་་རྒྱལ་ཁབ་ཁ་ཤས་ཀྱིས་སྔར་བཞིན་རང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་མུས་སུ་མཆིས་མོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་མཁས་སུ་རློམས་པའི་མི་ལ་ལས་རང་གི་བཀས་བཀོད་ཆེད་དབང་གི་རྒྱ་རིགས་ཆེན་པོའི་ལོག་སྤྱོད་བསམ་བློ་ཕྱིར་ཕྱུངས་ནས། འདི་ལྟའི་ལོག་བཤད་སྒྲོག་ཅིང་འདུག་སྟེ། སུའུ་ལེན་སོགས་རྒྱལ་ཁབ་ཀྱིས་སྔོན་ཆད་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་བྱེད་སྟངས་ནི་འཁྲུལ་བ་ཡིན་ཞིང༌། ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའང་འཁྲུལ་བ་ཡིན། རང་སྐྱོང་ཀྱི་རྣམ་པ་གང་ཡིན་ཡང་རྒྱལ་ཁབ་ཁ་བྲལ་དུ་གཏོང་ངེས། ཞེས་པའི་སྤྱོ་གཏམ་འདིའི་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་མི་རིགས་ལྟ་བ་རྩ་ནས་དགག་པར་མ་ཟད་ཐ་ན་དམངས་གཙོ་རིང་ལུགས་ཀྱི་མི་རིགས་ལྟ་བ་ཡང་མིན་ཐག་བཅད་ཡོད། དེང་རབས་ཀྲུང་གོང་དུ་འཚོ་བ་རོལ་བཞིན་དུ་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་དང་གཞི་རྩའི་ཁྲིམས་དུ་གཏོགས་པའི་མི་རིགས་རང་སྐྱོང་ཁྲིམས་རྒྱབ་ཏུ་སྤྱུགས་ནས། ལོག་གཏམ་འདི་ལྟ་བུ་སྤེལ་མཁན་ནི་དེང་སང་གི་ཆེད་མཁས་སུ་རློམས་པ་ཁ་ཤས་ཀྱི་སེམས་ཁམས་ལགས་པས་ཅིས་ཀྱང་དོགས་ཟོན་བྱེད་དགོས་པའི་གནས་སོ།།

རྩོམ་ཁུངས། ཕྱིར་དྲན་དང་གསར་རྟོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།