གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༦

2009-12-07 10:03:00 ཕུན་ཚོགས་དབང་རྒྱལ(ཕུན་དབང)། ཀློག་གྲངས། མཆན ཡོད།

 

 

མཚམས་འདི་ནས་ད་དུང་ངེས་པར་དུ་བསྟན་དགོས་པ་ཞིག་ལ།  གནའ་དེང་ཕྱི་ནང་གི་ལོ་རྒྱུས་དང་འཚོ་བ་དངོས་ཀྱི་ཁྲོད་སྤྱིར་བཏང་དུ་གནས་པའི་སྣང་ཚུལ་ཞིག་སྟེ། སྤྱིར་བཏང་ཡིན་ན་དབང་བསྒྱུར་མི་རིགས་དང་མི་སེར་སྤེལ་བའི་རིང་ལུགས། མི་རིགས་ཆེན་མོ་དེ་དག་གིས་རང་གི་ཁོངས་གཏོགས་ཀྱི་དབང་བསྒྱུར་མྱོང་བའི་མི་  རིགས་དག་ལ་ནང་ཁུལ་དུ་སོ་སོར་ཕྱེས་ནས་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་པ་ཡིན་ཏེ། མི་རིགས་་ཤིག་གི་ནང་ཁུལ་དུ་ཁོངས་གཏོགས་མི་འདྲ་བའི་སྲིད་འཛིན་ས་བཅད་ཕྱེས་ཤིང༌། མི་རིགས་གཅིག་ཡུལ་གྲུ་མི་འདྲ་བ་དུ་མར་བགོས་ཏེ་སིལ་བུར་བཏང་བ་དང༌། འདིའི་དགོས་དབང་ནི་དབང་བསྒྱུར་བྱེད་བདེ་ཞིང་ཁྱུར་མིད་གཏོང་བདེ་བ་དེའོ།། དེའི་མོད་ལ། མི་རིགས་གང་དེའི་རང་སྟེང་ན་གནས་པའི་སྲོལ་རྒྱུན་གྱི་སྒྲིག་གཞི་དེ་ཐབས་སྣ་ཚོགས་ཀྱིས་མི་རིགས་ཆེན་མོ་རང་གི་ལུགས་སུ་བསྒྱུར་བ་དང་བསྟུན་ནས། མི་རིགས་ཉམ་ཆུང་དག་གི་སྐད་དང་ཡི་གེ།   ཡུལ་སྲོལ་རིག་གནས་ལ་སོགས་པའང་མི་རིགས་ཆེན་མོ་དེའི་རྗེས་སུ་འབྲངས་ཤིང་གཞན་འགྱུར་བྱུང་བར་ བྱེད།  འདི་ནི་རྒྱལ་རབས་སོ་སོའི་དབང་བསྒྱུར་མི་རིགས་དང་དབང་བསྒྱུར་གྲལ་རིམ་གྱིས་རྟག་ཏུ་་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཐབས་ལམ་འདིའང་མཐར་གཏུགས་ན།དུས་རབས་སོ་སོའི་དབང་བསྒྱུར་མི་རིགས་དང་དབང་བསྒྱུར་པས་དབང་བསྒྱུར་མྱོང་བའི་མི་རིགས་དེའི་རིག་གནས་ཀྱི་ཡུལ་དབུས་མེད་པར་གཏོང་ཆེད་དང༌།   མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ།    ལྷག་པར་དུ་མི་རིགས་ཀྱི་གཅིག་འདུས་སྟོབས་ཤུགས་དེ་སིལ་བུར་བཏང་ནས་ཁྱུར་མིད་བྱེད་བདེ་བའི་ཆེད་དུ་ཡིན།   འདི་ནི་སིལ་བུར་ཕྱེས་ནས་སྐྱོང་བའི་སྲིད་ཇུས་ཀྱི་ངོ་བོ་དང་དམིགས་ཡུལ་ལོ།།
ད་དུང༌། གནའ་དེང་ཕྱི་ནང་གི་དབང་བསྒྱུར་མི་རིགས་དང་རྒྱལ་རབས་སོ་སོས་དབང་བསྒྱུར་མྱོང་བའི་མི་་རིགས་དེ་ལ་བེད་སྤྱོད་གཏོང་བའི་ཁྲིམས་སྲོལ་ཞིག་ཡོད་པ་ནི། མི་རིགས་དབང་བསྒྱུར་དང་གཉའ་གནོན་ལམ་ལུགས་ལ་མགོ་སྒུར་བ་དང་དང་ལེན་བྱས་ཚེ།དེ་ནི་ཡ་རབས་འབངས་མི་ཡིན་པ་དང༌། དེ་ལས་ལྡོག་ན་མ་རབས་ ངན་པ་དང་ངོ་ལོག་པར་བརྩི། ཡ་རབས་ལ་བརྔན་པ་གནང་ཞིང་མ་རབས་ལ་ཆད་པ་གཅོད།    མགོ་སྒུར་མིན་ལས་བཟང་ངན་འབྱེད་པ་དང༌། དང་ལེན་མིན་ལས་ཆད་བསྟོད་དབྱེ་བའི་བཤད་ཚུལ་ཤིག་ཆགས་འདུག་ཅིང༌།  འདི་ཉིད་མི་རིགས་ཉམ་ཆུང་རྣམས་བདག་སྐྱོང་བྱེད་ཐབས་ཀྱི་ཚད་གཞིར་འཇོག་ཅིང་ཡོད། ཡ་མཚན་པ་ཞིག་ལ།དུས་དེ་རིང༌། དབང་བསྒྱུར་པ་ལ་ལས་འཚོ་བ་དངོས་ཀྱི་ཁྲོད།   བཀས་བཀོད་སྒེར་དབང་སྤྱི་ཚོགས་ཀྱི་མི་རིགས་་གཉའ་གནོན་བྱེད་པའི་ཚད་གཞི་དེ་ད་དུང་ཡང་རྨོངས་ཚོད་ཀྱིས་ལག་ཏུ་བསྟར་ཞིང་འདུག་ལ། ཐ་ན་དེ་ལ་ཡི་རང་འུད་བསྟོད་བྱེད་ཀྱིན་འདུག་གོ།།
འོན་ཏེ་གནའ་བོའི་བཀས་བཀོད་སྤྱི་ཚོགས་སུ། མཁས་ཤིང་མཛངས་པའང་རེ་འགའ་སྣང་སྟེ། གནའ་བོའི་་་རྒྱལ་ཁབ་གསུམ་གྱི་སྐབས་སུ་ཀྲུའུ་ཀི་ལེང་གིས་དམག་འཐབ་ཁྲོད་མིན་ཧོ་ཐེངས་བདུན་ལ་བཟུང་ཞིང་ཐེངས་བདུན་ལ་བཏང་བའི་གཏམ་རྒྱུད་ཡོད་ཅིང༌། སྐབས་དེའི་རྒྱ་རིགས་དང་ཉེ་འབྲེལ་མི་རིགས་ཀྱི་འབྲེལ་བ་ནི་མཛའ་ཞིང་མཐུན་པ་ཞིག་ཡིན། ཀྲུང་གོ་གསར་བ་ཚུགས་པའི་ཐོག་མའི་དུས་སུ། གསར་བརྗེའི་གཙོ་འཛིན་མའོ་ཙེ་ཏུང་་གིས་ཀྱང་ཡང་དག་པའི་སྒོ་ནས་འདི་ལྟར། ང་ཚོ་ཀྲུའུ་ཀི་ལེང་ལས་མཁས་མཛངས་ལྡན་དགོས་ཏེ།  ཐེངས་བཅུ་ལ་འཛིན་པ་དང་ཐེངས་བཅུ་ལ་བཏང་ཆོག ཐ་ན་ཐེངས་བརྒྱར་བཟུང་ནས་ཐེངས་བརྒྱར་བཏང་ཡང་ཆོག ཅེས་གསུངས་མྱོང༌།    ཡིན་ན་ཡང་དེའི་རྗེས་སུ།   གཡོན་ལྷུང་གི་ལོ་ཉི་ཤུའི་རིང་གི་ནོར་འཁྲུལ་ལམ་ཕྱོགས་དང་ཡང་སྒོས་ལོ་བཅུའི་གོད་ཆག་གི་ཁྲོད་དུ།    མི་རིགས་གཞན་དག་ཐེངས་གཅིག་ལ་བཟུང་བ་དང་མི་གཏོང་བ་དང༌། ཐ་ན་ངོ་ལོག་གྲ་སྒྲིག་བྱེད་པའི་སྔ་རོལ་ནས་མེད་པར་གཏོང་དགོས་ཞེས་པའི་གནས་ཚུལ་བྱུང་ཞིང༌།    ཡ་ང་ཞིང་སྐྱི་གཡའ་བའི་མི་མེད་སྡེ་བ་དང་ཡུག་ཟ་སྡེ་བ་སོགས་ཀྱི་སྣང་ཚུལ་བྱུང་མྱོང༌།
གོང་ནས་དབང་བསྒྱུར་པའི་ཞི་དྲག་གི་ཐབས་ལམ་མཚམས་སྦྱོར་བྱས་པ་ཡིན་ཞིང༌། དེ་དང་འབྲེལ་ནས་གནད་དོན་གཞན་ཞིག་སྟེ་གཉའ་གནོན་མྱོང་བའི་མི་རིགས་སམ་ཉམ་ཆུང་མི་རིགས་ཀྱིས་མི་རིགས་རང་གི་རང་ དབང་དང་སྒེར་ཚུགས་ཀྱི་ཆེད་དུ་བདེན་དོན་འཇིགས་སྐྱོབ་ཀྱི་ལས་འགུལ་ཡང་གླེང་བར་འདོད་དོ།། རྒྱལ་ཁབ་སོ་སོའི་དབང་བསྒྱུར་མྱོང་བའི་མི་རིགས་སོ་སོའི་གནས་ཚུལ་ལས་བལྟས་ན།  དེ་ལའང་ཞི་དྲག་རིགས་སྣ་ཚོགས་འདུག་ཅིང༌། སྙིང་སྟོབས་དང་བློ་གྲོས་གཉིས་འདུས་ཀྱིས་འཛེམ་བག་མེད་པར་མི་རིགས་གཉའ་གནོན་ལ་འགོག་ རྒོལ་བྱེད་པ་ཡིན། བྱེ་བྲག་འཐབ་རྩོད་བྱེད་སྟངས་ངེས་གཏན་ཞིག་ཡོང་དུ་མེད་པས། རྒྱལ་ཁབ་དང་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་ཆ་རྐྱེན་དང་དངོས་ཡོད་གནས་ཚུལ་བཅས་ལ་བསྟུན་དགོས། མི་རིགས་དང་རྒྱལ་ཁབ་ལ་ཤས་ཀྱིས་དུས་སྐབས་ངེས་ཅན་དང་སྤྱི་ཚོགས་ཆ་རྐྱེན་ངེས་ཅན་འོག    དྲག་ཤུགས་ལ་བརྟེན་ནས་ངོ་རྒོལ་བྱས་པས།  མཇུག་མཐར་གཟི་འོད་འཚེར་བའི་རྒྱལ་ཁ་འཐོབ། དཔེར་ན་ཀྲུང་གོ་ལྟ་བུའོ།། འོན་ཀྱང་སྤྱིར་བཏང་དུ་ལུའུ་ཞུན་ལགས་ནས་གསུངས་པ་བཞིན། རྡོ་འོག་ཏུ་མནན་པའི་སྐྱེ་དངོས་དེ་འཁྱོག་ནས་སྐྱེས་པ་ལས་ཐབས་མེད། ཅེས་པའི་གནས་ལུགས་འདི་རྟོགས་དགོས་ན། རང་གཞན་གྱི་གནས་ཚུལ་ལ་ཆ་རྒྱུས་གསལ་བོ་ཡོད་དགོས་ཤིང༌། དུས་དང་གནས་ཚུལ་དངོས་ལ་གསལ་བོར་བརྟགས་ནས། མཉེན་པས་སྲ་བ་ཐུལ་བ་ལས་ཨུ་ཚུགས་ཀྱིས་སྒོ་ང་རྡོ་ལ་བརྡབས་མི་རུང༌། ངེ་པར་དུ་ཤེས་དགོས་པ་ཞིག་ནི། བདེན་དོན་གྱི་ལས་དོན་ཡང་ཡུལ་དུས་རྐྱེན་གསུམ་དང་ཕྱོགས་གཉི་གའི་སྟོབས་ཤུགས་ཆེ་ཆུང་སོགས་ལ་རག་ལས་སོ།།   ལས་བཟང་བོར་བར་ཆད་མང་ཞིང་དཀའ་ངལ་ཁྲོད་དུ་རྒྱལ་ཁམས་དར་ཞེས་པ་ནང་བཞིན།སྐབས་མང་པོ་ཞིག་ཏུ་ཞི་བའི་འཐབ་མོ་དྲག་སྦྱོར་ལས་བཟང་ཞིང༌།བརྒྱུད་པའི་ཐབས་དེ་དངོས་ལས་རྒྱལ། གན་དེས
Gandhiསྤེལ་བའི་ཞི་བ་མི་འདྲིས་པའི་ལས་འགུལ་གྱིས་མཐའ་མར་ཧིན་རྡུའི་མི་རིགས་སོ་སོ་རང་དབང་སྒེར་ཚུགས་བྱས། ཡིན་ཡང་འདི་ནི་དཔེ་ཞིག་བསྟན་པ་ལས་འདི་ལྟར་ལག་ལེན་ བྱེད་དགོས་ཞེས་པ་མིན།
གོང་གསལ་ནི་གཉའ་གནོན་མི་རིགས་དང་གཉའ་གནོན་མྱོང་བའི་མི་རིགས་བར་མི་རིགས་འཐབ་རྩོད་ཀྱི་་སྤྱི་འགྲོས་དང་དེའི་ཕྱོགས་བསྡོམས་ཙམ་ཡིན། གང་ལྟར་ཀྱང༌། མི་རིགས་གནད་དོན་སྟེང༌། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབས་བྱ་ཕྱོགས་བསྡོམས་བྱས་ན། དབང་བསྒྱུར་པས་ཞི་དྲག་གི་ཐབས་དང་སིལ་བུར་སྐྱོང་བ་སོགས་ཐབས་གང་ཞིག་སྤྱད་ཀྱང་རུང༌། འདས་ཟིན་དང་ད་ལྟ་གང་ཡིན་རུང༌། ངོ་བོའི་སྟེང་དེ་ནི་ཤིན་ཏུ་མི་འོས་པའི་གནས་ཤིག་ལགས།  རྒྱུ་མཚན་ག་རེ་ཡིན་ཞེ་ན། དེ་ནི་ཡར་ཐོན་ལ་རྒོལ་བ་དང༌། དམངས་གཙོ་ལ་རྒོལ་བ། མིའི་རིགས་ཀྱི་དཔལ་ཡོན་ལ་རྒོལ་བའི་ལོག་སྤྱོད་ཀྱི་སྲིད་ཇུས་ཡིན་པས་དང༌། དེང་རབས་སྤྱི་ཚོགས་ཀྱི་ཚད་གཞི་སྟེ་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་དང་འགལ་བ་ལྟག་སྤྲོད་དུ་སོང་བར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་མི་རིགས་འདྲ་མཉམ་ལྟ་བར་དེ་ལས་ཀྱང་རྒྱབ་འགལ་བྱས་པས་སོ།།
མདོར་ན། མི་རིགས་མང་པོའི་རྒྱལ་ཁབ་ཏུ། མི་རིགས་སོ་སོའི་ཐུན་མོང་གི་རྩ་བའི་ཁེ་ཕན་གྱི་ཆེད་དུ། བྱེད་ཐབས་སྣ་ཚོགས་ཤིག་སྤེལ་བ་ཡིན་མོད༌། འཕྲལ་དོན་འཁྱོངས་ཐབས་ལས་ཕུགས་མི་རིང༌། མི་རིགས་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་ཡིན་ཚེ།  ད་གཟོད་མི་རིགས་གནད་དོན་རྩད་ནས་ཐག་གཅོད་བྱེད་ཐུབ་ཅིང༌། ཉམ་ཆུང་མི་རིགས་དག་གི་ཁེ་ཕན་ལའང་སྲུང་སྐྱོང་བྱས་ནས།རྒྱལ་ཁབ་དེའི་མི་རིགས་ཆེན་མོའི་ཕུགས་ཀྱི་བདེ་བར་ཡང་ཕན་ཐོགས་ངེས།   མཁས་ཤིང་མཛངས་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གནད་འདི་མཁྱེན་རྒྱུ་ནི་ ཤིན་ཏུ་གལ་ཆེ་ཞིང༌། འདི་ལྟར་ན་ད་གཟོད་མི་རིགས་ཆེན་མོ་ནི་བདེན་དོན་དང་མཐུན་པའི་མི་རིགས་ལྟ་བ་སྲུང་སྐྱོང་བྱེད་མཁན་ཡིན་པའང་མཚོན་ཐུབ།

རྩོམ་ཁུངས། ཕྱིར་དྲན་དང་གསར་རྟོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།