གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕར་ཕྱིན་ལུགས་ཀྱི་སྐུ་དང་ཞིང་ཁམས་ཀྱི་རྣམ་གཞག་ལ་དཔྱད་པ།

2009-10-08 12:32:00 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

      ཕར་ཕྱིན་གཞུང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་སྤྲོས་ཅན་དེ་དག་ཐེག་ཆེན་གྱི་མདོ་སྡེ་རྣམས་ལ་བརྟེན་ནས་མཛད་པ་ཡིན་ཡང༌། ཐེག་ཆེན་གྱི་སྡེ་སྣོད་ཚད་མར་འོས་མིན་ནི་ཤིན་ཏུ་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་དེ། དེ་ཡང་སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ནི་ཉན་ཐོས་ལུགས་ཀྱི་སྡེ་སྣོད་གསུམ་པོ་སྟེ་དེང་སང་ཡོངས་གྲགས་སུ་ཐེག་དམན་གྱི་མདོ་སྡེར་འབོད་པ་འདི་དག་ཙམ་ཡིན། འདི་དག་གི་ཁྲོད་དུ་སྐྱེས་པའི་རབས་དང་སྔོན་གྱི་བྱུང་བ་སོགས་ལ་སྒྲུང་གཏམ་གྱི་སླད་གཏན་ནས་མེད་པ་མིན་ཡང༌། གཞི་རྩའི་ཆ་ནས་སྟོན་པ་ཉིད་ཀྱི་སྐུ་ཚེ་ལོ་རྒྱུས་དང་མཛད་པ་ཕྲིན་ལས་སོགས་དངོས་ཡོད་དང་ཐག་ཉེ་པོ་ཞིག་འཁོད་ཡོད། སྟོན་པ་ཉིད་ཞལ་བཞུགས་པའི་དུས་ཀྱི་སློབ་མའི་གཙོ་བོ་མཆོག་ཟུང་དང༌། ཉན་ཐོས་འོད་སྲུང་ཆེན་པོ་སོགས་དང༌། མྱ་ངན་ལས་འདས་ནས་བསྟན་པའི་གཏད་རབས་བདུན་ལ་སོགས་པས་བསྟན་པ་སྐྱོང་བའི་སྐབས་སུ་ཡང་ཐེག་ཆེན་གྱི་གྲགས་འགུལ་ཅི་ཡང་མེད། དེ་ལྟའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་ཞིག་སོང་བའི་རྗེས་སུ་གཞི་ནས་སྔོན་གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱིས་གསུང་རབ་རྣམས་འདོན་པ་ཅུང་ཟད་མི་འདྲ་བ་ཁ་ཅིག་གིས་འདོན་ཞིང༌། འདས་རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་ད་གཟོད་ཀླུ་ཐོགས་གཉིས་སོགས་བརྒྱུད་ནས་ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད། དེ་དག་གི་ཁུངས་དང་རྒྱུད་པ་གང་ཡིན་དྲིས་པ་ན། ཀླུ་སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་ལ་དྲངས་པ་ཡིན་ཚུལ་དང༌། ཐོགས་མེད་ཀྱིས་ཁོ་རང་ནམ་མཁའ་ལ་འཛེགས་ནས་མར་ལ་ཕབ་པ་ཡིན་ཚུལ་སོགས་གསུངས་པ་མ་གཏོགས་འཇིག་རྟེན་མི་ཡུལ་འདིར་མཛུབ་མོ་འཛུགས་ས་གཅིག་ཀྱང་རག་མེད་པ་རེད། ཁོང་རྣམ་གཉིས་ལ་བསྟན་པའི་ཤིང་རྟ་ཆེན་མོར་བགྲང་བའི་རྒྱུ་མཚན་ཡང་དྲང་མོར་ཞུས་ན་ཁུངས་ལུང་མེད་པའི་གྲུབ་མཐའ་མི་འདྲ་བ་གཉིས་གསར་དུ་སྤེལ་མཁན་ཡིན་པ་འདི་ལ་ཐུག་ཡོད། གཅུང་དབྱིག་གཉེན་སྐུ་ན་གཞོན་དུས་ཐེག་པ་ཆེ་ཆུང་གི་བར་ན་རྩོད་པ་ཛ་དྲག་ཆེ་བའི་སྒང་ཡིན་པ་འདིས་སྐབས་དེར་ཐེག་ཆེན་ས་ཐོག་ཏུ་བུད་ནས་དུས་ཡུན་མི་རིང་བར་ཤེས་ཐུབ། དེས་ན་སློབ་དཔོན་ཀླུ་སྒྲུབ་ཁོང་འདས་རྗེས་ཀྱི་བཞི་བརྒྱ་ལོན་དུས་སྐུ་འཁྲུངས་ཤིང་དགུང་གྲངས་དྲུག་བརྒྱའི་བར་དུ་བཞུགས་པ་སོགས་ནི་གཏམ་རྒྱུད་ཙམ་དང༌། དགུ་བརྒྱ་ཙམ་དུ་འཁྲུངས་ཤིང་སྟོང་ཕྲག་ཡས་མས་སུ་གྲོངས་པ་ནི་དངོས་དོན་དུ་བཟུང་ན་འགྲིག །མཁས་དབང་དགེ་ཆོས་ལགས་ཀྱིས། ལེགས་ལྡན་དང་ཆོས་གྲགས་སོགས་གསང་སྔགས་ལ་ཆ་རྒྱུས་མེད་པར་གསུངས་པ་ལྟར་དུས་རབས་བདུན་པའི་གཡས་གཡོན་ཙམ་ལ་ཡང་ཡོངས་གྲགས་སུ་གསང་སྔགས་ནང་བསྒྱུར་གནང་བའི་མགོ་ཕལ་ཆེར་ཚུགས་མེད་པ་འདྲ། ཕྱིས་སུ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་མཚན་འཁོད་པའི་གསང་འདུས་རིམ་ལྔ་དང༌། ཟླ་བའི་མཚན་འཁོད་པའི་སྒྲོན་མ་གསལ་བ་སོགས་མང་དུ་དར་ཡང་སློབ་དཔོན་དེ་དག་གི་གསུང་ག་ལ་ཡིན་ཏེ། དེ་ཚོ་ནི་ཀླུ་སྒྲུབ་ཡབ་སྲས་འདས་ནས་མི་ལོ་བརྒྱ་སྐོར་མང་པོ་སོང་རྗེས་གཞི་ནས་དོན་པ་ཡིན་འདུག་པའི་ཕྱིར། སྲོང་བཙན་གྱི་བཀའ་ཆེམས་དང༌། པད་མའི་བཀའ་ཐང་ཟེར་བ་དག་དང་འདྲ་བར་སློབ་དཔོན་གོང་མའི་མཚན་གཡར་བ་ཙམ་དུ་ཟད་དོ། །རྨོརྱའི་༡རྒྱལ་པོ་མྱ་ངན་མེད་ཀྱིས་འཛམ་བུའི་གླིང་དུ་ཆོས་ཀྱི་ཕོ་ཉ་བཀྱེ་སྐབས་རྒྱལ་བསྟན་དར་བའི་ཤར་ལྷོ་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཏུ་སྡེ་པ་མ་གཏོགས་ཐེག་ཆེན་མེད་པའི་རྒྱུ་མཚན་དང༌། རྒྱ་ནག་གི་སློབ་དཔོན་ཐང་སྡེ་སྣོད་གསུམ་པ་སོགས་ཀྱིས་མདོ་སྐོར་མ་གཏོགས་གསང་སྔགས་ཁུར་མ་འོངས་པའི་རྒྱུ་མཚན་དང༌། བོད་དར་རྫོགས་ཆེན་གྱི་ཆོས་སྐོར་དུས་ཕྱིས་སུ་ཡང་རྒྱ་གར་ན་མཇལ་རྒྱུ་མེད་པའི་རྒྱུ་མཚན་བཅས་ལ་ཐུགས་བསམ་དྲང་མོར་བཞེས་ན་གོ་བ་ནམ་ལངས་པ་ལྟ་བུ་རེ་འཆར་རྒྱུ་ཡོད་མོད་ཕྱོགས་ལྷུང་གི་རེ་ལྡེ་ནག་པོས་མགོ་གཏུམས་མཇུག་གཏུམས་བྱས་པའི་མི་དག་ལ་ཅི་ཆ། རྒྱ་གར་དུ་ཀླུ་སྒྲུབ་ཞབས་ཀྱིས་ཤེར་ཕྱིན་འབུམ་པ་ཀླུ་ཡུལ་ནས་བླངས་པ་ནས་བཟུང་སྟེ་མདོ་གསར་རྩོམ་གྱི་མཚམས་བཞག་ཅིང༌། ཙི་ལུ་པའམ་དུས་ཞབས་པས་དུས་ཀྱི་འཁོར་ལོ་མི་ཡུལ་དུ་བླངས་རྗེས་རྒྱུད་གསར་རྩོམ་གྱི་ཚ་རླབས་ཞི་འཇགས་སུ་ཕྱིན་པར་གྲགས། འོན་ཀྱང་ང་ཚོ་བོད་ཡུལ་ལ་མཚོན་ན་ནི་དེ་ནས་བརྩིས་པའི་མི་ལོ་སྟོང་ཕྲག་གཅིག་གི་རྗེས་ཏེ་དུས་ད་ལྟ་ཡང་ས་ཆོས་རྡོ་ཆོས་སྣ་ཚོགས་རྡོལ་མཚམས་བཞག་ཐུབ་ཀྱིན་མེད་པ་འདིས་ང་ཚོའི་མི་རིགས་འདི་ད་དུང་ཡང་བར་སྣང་ཁམས་ནས་མར་འབབ་ཡག་བྱས་མེད་པའི་ར་སྤྲོད་བྱུང་ཡོད། ཐེག་ཆེན་པའི་རང་སྐད་ལྟར་ན་སྟོན་པས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་རིམ་པ་གསུམ་དངོས་སུ་བསྐོར་མྱོང་བ་ཡིན་ཡང༌། ཁོང་དགོངས་པ་རྫོགས་མ་ཐག་གློ་བུར་དུ་མི་ཡུལ་འདིར་ཐེག་ཆེན་གྱི་གདུལ་བྱ་གཅིག་ཀྱང་གོ་རྒྱུ་རིག་རྒྱུ་མེད་པ་ཆགས་པས། སྲས་ཀྱི་ཐུ་བོ་བྱམས་འཇམ་དབྱངས་སོགས་བྱ་ཐབས་ཟད་དེ་ཐེག་ཆེན་གྱི་སྡེ་སྣོད་རྣམས་བསྣམས་ནས་ལྷ་ཀླུ་ལྷ་མིན་དྲི་ཟའི་ཡུལ་བཅས་སུ་ཕེབས་ཏེ། དུས་ཡུན་རིང་པོའི་བར་འཁྱམ་པོ་ལྡོམ་པོའི་འཚོ་བ་རོལ་བཞིན་བཞུགས་དགོས་བྱུང་བ་ཡིན་འདུག །བྱམས་འཇམ་དབྱངས་ཞུ་བ་འདི་དག་ཁ་ཅིག་གིས་རྒྱ་གར་ལུང་པའི་ནང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་ཟེར་བ་དང༌། ཁ་ཅིག་གིས་འཇིག་རྟེན་གཞན་ནས་འཁྱར་འོང་བའི་ལྷ་རེད་ཟེར་བཞིན་འདུག་སྟེ། དོན་དུ་དངོས་ཡོད་དངོས་མེད་གང་ཡིན་བརྗོད་ཚོད་མི་ཐིག་པ་ཞིག་ཏུ་སྣང༌། ཕྱོགས་གཅིག་ནས་སྟོན་པ་ཁོང་སྐྱེ་འཆི་འཕོ་འགྱུར་ལ་རང་དབང་ཐོབ་ཅིང༌། གདུལ་བྱ་འདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་ཡོལ་བར་ནམ་དགོས་ན་ནམ་ཡིན་པར་བཤད་པ་དང༌། ཕྱོགས་གཞན་ཞིག་ནས་དུས་ཚོད་མ་རན་གོང་ནས་ཆོས་འཁོར་སྟོང་བསྐོར་མཛད་ཅིང༌། སྲས་ཀྱི་ཐུ་བོ་ཚོ་སྒུག་ལོངས་མེད་པར་སྐུ་ཚེའི་འཕེན་པ་རྫོགས་འགྲོ་བ་འདི་དག་ལ་འགྲེལ་བཤད་ཇི་ལྟར་བརྒྱབ། དགུང་གྲངས་དྲུག་བརྒྱ་བཞུགས་པའི་སྐུ་ཚེ་ཞིག་ཡོད་ན་ཀླུ་སྒྲུབ་ལས་སྟོན་པ་ཉིད་ལ་མཁོ་ཆེ་བར་མི་འདུག་གམ། གདུལ་བྱ་དབང་པོ་ཡང་རབ་དེ་ཚོ་བསྟན་པ་ཡར་དར་གྱི་སྐབས་སུ་གཅིག་ཀྱང་འོང་རྒྱུ་མེད་པར་ལྔ་བརྒྱ་ཐ་མ་ཚེས་ལ་ཉེ་དུས་གཞི་ནས་ཁྱུ་དང་ཁྱུ་བྱས་ཏེ་གང་ནས་གཤར་ཡོང་བ་ཡིན་སུས་ཤེས། ཐེག་ཆེན་གསུང་སྐབས་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་དང༌། ཞུ་མཁན་གནས་བརྟན་ཀུན་དགའ་བོ། ཉན་མཁན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ད་དུང་དགེ་བསྙེན་ཕ་མས་གཙོས་པའི་བྲམ་ཟེ་དང་ཁྱིམ་བདག་དེ་འདྲའི་མང་པོ་ཞིག་ཡོད་འདུག་པ། སྟོན་པ་མྱ་ངན་ལས་འདས་མ་ཐག་སུ་ཞིག་གིས་དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས། ཁོ་ཚོས་ཐེག་ཆེན་གསུང་སའི་སྣོད་ལྡན་གྱི་སློབ་མ་མ་རྙེད་པའི་དབང་དུ་བཏང་རུང་མི་ཚེ་ལོ་རྒྱུས་གསུང་སའི་མི་རེ་གཉིས་ཤིག་ཅི་ལ་མི་རྙེད། དེས་ན་ཉན་ཐོས་སྡེ་པ་དག་གིས། ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་རེད། ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི་ཐུགས་ཁག་ཁྱོན་ནས་མི་འདུག་སྟེ། དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆོལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང་ན། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པའི་ཆོས་སྐོར་རྣམས་ལ་ནི་དེ་བས་ཀྱང་དགུ་འགྱུར་གྱིས་ཁུངས་ལུང་མེད་པ་ཤ་སྟག་སྟེ། གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པ་སྐྱ་སར་བབས་པའི་མིང་ཡིན་ཟེར་བ་ལྟ་བུ་གསུང་མཁན་ཁུངས་ལུང་མེད་པ་དང༌། ས་གནས་རི་རབ་ཀྱི་རྩེའམ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཡིན་ཞེས་པ་ལྟ་བུ་གསུང་ས་ཁུངས་ལུང་མེད་པ་དང༌། རྒྱུད་འཆད་པ་པོ་ང་དང་ཞུ་བ་པོའང་ང་ཡིན་ཞེས་པ་ལྟ་བུ་གསུང་ཡུལ་ཁུངས་ལུང་མེད་པ་དང༌། འཁོར་བ་ཐོག་མེད་ནས་བསྟན་པའི་ཆོས་ཡིན་ཞེས་པ་ལྟ་བུ་གསུང་དུས་ཁུངས་ལུང་མེད་པ་དང༌། ཉོན་མོངས་མ་སྤངས་ལམ་དུ་ཁྱེར་ཞིང་མ་བསྒོམས་ཐོས་པས་ཆོག་ཅེས་པ་ལྟ་བུ་གསུང་རྒྱུ་ཁུངས་ལུང་མེད་པ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེར་མཚོ་ཞིག་ཡོད་པ་སྐམ་པའི་ཤུལ་ནས་རང་བྱུང་གི་རྒྱུད་སྡེའི་དཔེ་མཛོད་ཁང་ཞིག་ཐོན། དེའི་ནང་གི་དཔེ་ཆ་རྣམས་གྲུབ་ཆེན་ས་ར་ཧས་རྒྱ་གར་དུ་སྐྱེལ་འདྲེན་བྱས་པ་རེད་ཅེས་པ་ལྟ་བུ་རྒྱུད་པའི་ལོ་རྒྱུས་ཁུངས་ལུང་མེད་པ་བཅས་ཕ་སུ་ཡིན་བཤད་རྒྱུ་མེད་པའི་ནལ་གྱི་བུ་ཞིག་དང་འདྲ་ཡང༌། བསམ་བློ་གུ་ཡངས་བཏང་དྲགས་པས་གང་ལ་ཡང་འགལ་འབྲེལ་གྱི་རྣམ་གཞག་བརྩི་མི་དགོས་པར། སློབ་དཔོན་སོ་སོའི་བསམ་ཚོད་དྲན་ཚོད་རེ་དང༌། ཅི་དགའ་གང་སྐྱིད་རེ་གདམས་ནས་བཤད་ཆོག་གི་ཡོད་པ་རེད། དེ་བས་རྒྱུད་སྡེ་རེ་རེ་ལ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་སུམ་ཅུ་རེ་ཙམ་ཐོན་ཡོང་གི་ཡོད་ལ། དེ་དག་གཅིག་ལས་གཅིག་རླབས་ཆེ་ཞིང་ཡ་མཚན་པ་དག་དག་ཡིན། མདོར་ན་སྔགས་ཀྱི་ཆོས་འབྱུང་ནི་གནའ་བོའི་རིག་བྱེད་གཏམ་རྒྱུད་ལས་ཀྱང་དགོད་བྲོ་བའི་ལྷ་སྒྲུང་འབའ་ཞིག་སྟེ། རྗེ་རེད་མདའ་བས། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས་པ་དེ་ཉིད་འཕངས་པ་ནི་དུས་ཀྱི་འཁོར་ལོ་སྒེར་གྱི་ཐོག་ཏུ་འཕངས་པ་ཡིན་ཀྱང་ཕོག་པ་ནི་རྒྱུད་སྡེ་སྤྱི་ཡི་སྣ་ལ་ཕོག་འདུག་གོ །སངས་རྒྱས་ཀྱི་བསྟན་པ་མར་ནས་མར་ལ་ཇེ་འགྲིབ་དང༌། གདུལ་བྱའི་བློ་རིག་ཇེ་བརྟུལ་ཇེ་དིག་ཏུ་བུད་འགྲོ་བཞིན་ཡོད་སྐད་ཀྱི་བཤད་ཡམ་དེ་དང་བསྟུན་ན། ཆོས་ཀྱི་ཟབ་ཁྱད་ཀྱང་ཇེ་སྡུག་ཇེ་ཞན་དུ་འགྱུར་འགྲོ་འོས་པ་ལ། དེ་ལྟར་མིན་པར་ཐེག་དམན་གྱི་རྗེས་སུ་ཐེག་ཆེན་དང༌། མཚན་ཉིད་ཀྱི་རྗེས་སུ་སྔགས། རྒྱུད་སྡེ་འོག་མའི་རྗེས་སུ་གོང་མ་བཅས་རིམ་གྱིས་དར་ཞིང༌། དེ་དག་སྔ་མ་སྔ་མ་རྣམས་ལས་ཕྱི་མ་ཕྱི་མ་རྣམས་ཇེ་མཐོ་ཇེ་རྫིག་ཏུ་བུད་སོང་བ་འདི་གཉིས་གབ་མི་ཐུག་པའི་ནང་འགལ་བླ་ན་མེད་པ་ཞིག་མ་ཡིན་ནམ། གནས་ལུགས་རྐྱང་པའི་ངོས་ནས་བཤད་ན་ནི་དེ་ལྟར་ལགས་མོད། ཐེག་ཆེན་གྱི་སློབ་དཔོན་རྣམ་པས་ཐེག་ཆེན་གྱི་མདོ་དང་རྒྱུད་སྡེ་དག་གསར་དུ་དར་སྤེལ་བཏང་བ་ལ་དགོས་པ་དང་རྒྱུ་མཚན་མེད་ཅེས་ནི་ནམ་ཡང་སྨྲ་བ་མིན་ཏེ། རྒྱ་གར་གྱི་མུ་སྟེགས་བྱེད་དག་གིས་སྟོབས་འབྱོར་རྒྱས་པའི་ཞིང་ཁམས་དང༌། མི་སེམས་སྒུལ་བའི་ཐར་པའི་གླིང་ཁ་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཛུགས་སྐྲུན་བྱས་པ་ན། ནང་པ་སངས་རྒྱས་པའི་མཁས་པ་ཚོས་བུད་ཤིང་ཟད་པའི་མེ་བཞིན་དེངས་འགྲོ་ཚུལ་གྱི་སྐད་ཆ་རྙིང་པ་དེ་རང་བཤད་དེ་བསྡད་ན་མདུན་ལམ་སོར་གང་ཡང་མེད་པར་ཤེས་ཏེ། རྔ་དང་བསྟུན་ནས་འཆམ་རྒྱག་པའི་དཔེ་ལྟར་འཇིག་རྒྱུ་མེད་པའི་དག་ཞིང་དང༌། ཤི་རྒྱུ་མེད་པའི་ལོངས་སྐུ། གསལ་སྒྲིབ་མེད་པའི་རྣམ་མཁྱེན་སོགས་ཡ་མཚན་ཆེ་བའི་ཐེག་པ་འདི་འདྲ་ཞིག་གསར་གཏོད་ཐུབ་པ་དེས་རང་ཉིད་འཆི་ལམ་ནས་ཐེངས་གཅིག་བསྐྱབས་པ་ཡིན་ཞིང༌། གྲུབ་མཐའ་སྔ་ཕྱིའི་བར་ན་ཐོད་མི་ཐུག་པའི་ཧེ་བག་རྒྱུག་སྐབས་དྲང་ངེས་ཀྱི་ཁྱད་པར་ཕྱེས་ཏེ་འགལ་བ་བཟླུམ་པ་འདི་ཡང་འཐབ་ཇུས་ལྷུ་ཐིངས་པོ་ཞིག་མ་རེད་ཅེས་སུས་བརྗོད་ཤེས། ཡང་མུ་སྟེགས་དབང་ཕྱུག་པ་སོགས་ཁ་ཅིག་ལ། ལྟ་གྲུབ་ཀྱི་ཐད་ནས་སངས་རྒྱས་པ་སོགས་གྲུབ་མཐའ་གཞན་དག་དང་འགྲན་རྩོད་བྱེད་པའི་སྤོབས་པ་མེད་ཀྱང༌། རྩ་རླུང་ཐེག་ལེའི་རྣལ་འབྱོར་སོགས་ལུས་ལ་གནད་དུ་བསྣུན་པའི་མན་ངག་དང༌། མན་ངག་དེ་དག་ལས་བལྟས་བལྟས་རིག་རིག་གི་གྲུབ་འབྲས་མང་པོ་བསྟན་རྒྱུ་ཡོད་པས་དད་ལྡན་མི་དམངས་ཀྱི་བློ་ཡིད་འགུགས་པའི་ནུས་ཤུགས་ལ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་ཚད་དུ་སླེབ་པ་ན། སངས་རྒྱས་ཆོས་ལུགས་པས་ཀྱང་བློ་སྟོབས་ཆེན་པོས་མུ་སྟེགས་ལུགས་ཀྱི་ངོ་མཚར་ཆེ་བའི་རླུང་སྦྱོར་གྱི་མན་ངག་མང་པོ་ནང་འདྲེན་གནང་ཐོག །མན་ངག་དེ་དག་ལ་བསྟེན་ནས་ཚེ་ལུས་གཅིག་ལ་འཚང་རྒྱ་ཐུབ་པའི་འགྲེལ་བཤད་གསར་དུ་བསྐྱོན་པ་སོགས་གཞན་གྱི་ལེགས་ཆ་འདུས་ལ་རང་གི་ཁྱད་ཆོས་ཀྱང་ཡོད་པའི་གསང་སྔགས་ཀྱི་བསྟན་པ་འདི་སྤེལ་བ་དེས་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་ནས་སླར་ཡང་རྒྱལ་ཁ་ཐེངས་གཅིག་བླངས་པ་རེད། འོན་ཀྱང་སྐབས་དེ་ནས་བཟུང་སྟེ་ལྟ་སྒོམ་སྤྱོད་གསུམ་གང་གི་ཐད་ནས་ཀྱང་སངས་རྒྱས་པ་གཅིག་པུ་ཡ་མེད་ལྟ་བུར་ཆགས་པའི་དབང་གིས་མུ་མཐུད་ལེགས་བཅོས་དང་ཡར་རྒྱས་མ་བཏང་བར་མ་ཟད། རང་ལྟ་མཆོག་འཛིན་ལ་བརྟེན་པའི་རྙིང་ཞེན་མཁྲེགས་འཛིན་གྱི་སྨྱུ་གུ་ཞིག་ཀྱང་འབུས་འགོ་ཚུགས་པ་དང༌། ཕྱོགས་གཞན་ཞིག་ནས་འཐད་སྒྲུབ་ཀྱི་རིགས་པ་མི་དགོས་པར་མཚོན་ཆ་ལ་བརྟེན་ནས་བསྟན་པ་སྤེལ་མཁན་གྱི་ཀླ་ཀློའི་དམག་དཔུང་ཡུལ་དབུས་སུ་སླེབ་པ་བཅས་རྐྱེན་ངན་འགལ་འཛིང་གི་ཁྲོད་ནས་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཉིན་བཞིན་མ་བསྡད་པར་རྒུད་པ་ནས་རྒུད་པའི་ཕྱོགས་སུ་ཆས་སོང་བར་སྣང་ངོ༌། །༡རྨོ་ལ་རྗེས་འཇུག་ར་ལ་ཡ་བཏགས་པ་ཞིག ། རྗོད་བྱེད་ཐེག་ཆེན་གྱི་སྡེ་སྣོད་རང་ལྡོག་ལ་དཔྱད་ན་ཁུངས་ལྡན་མིན་པའི་ཚུལ་དེ་ལྟར་ཡིན་ལ། བརྗོད་བྱ་ཐེག་ཆེན་གྱི་རྣམ་གཞག་ཐུན་མོང་མིན་པ་རྣམས་ལ་ཡང༌། བལྟས་ན་མཚར་མཚར་ཙམ་ལས་དཔྱད་ན་སྙིང་པོ་དེ་ཙམ་མེད་པའི་ཚོར་སྣང་ཞིག་བྱུང་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་མཚོན་ན། ཕྱོགས་དང་རིས་སུ་མ་ཆད་པར་མཁའ་མཉམ་འགྲོ་བ་ཡོངས་ཀྱི་བདེ་སྡུག་ལ་སེམས་ཁུར་གནང་བ་ནི་དངོས་གནས་རླབས་པོ་ཆེ་ཡི་ཐུགས་བསྐྱེད་ཅིག་ཡིན་པ་སྨོས་མ་དགོས་མོད། འགྲོ་བའི་བདེ་སྡུག་རང་རང་གི་ལས་ལ་རག་ལས་པའི་རིག་པའི་གཞུང་ལུགས་དེ་ཉིད་དབང་བཙན་དུ་བྱས་ནས་བཤད་ན། རླབས་ཆེན་གྱི་ཐུགས་བསྐྱེད་དེའང་སྟོང་བསམ་ཙམ་ལས་ལག་ལེན་གྱི་རིན་ཐང་ཆེར་མེད་ཅིང༌། བདག་གཞན་བརྗེ་བ་དང་བདག་བས་གཞན་གཅེས་བསྒོམ་པའི་ཐབས་ལམ་དེ་དག་ལའང་སྤགས་རང་གིས་ཟོས་རྗེས་ཐང་ཁུག་མིའི་མགོར་གཡོགས་པ་ལྟ་བུའི་གཡོ་སྒྱུའི་ཆ་ཞིག་འདྲེས་ཡོད་བཟོ་འདུག་སྟེ། རྒྱལ་ཁ་གཞན་ལ་སྤྲོད་ཁུལ་བྱས་ན་ཁེ་སྤོགས་རང་གིས་ལེན་ཐུབ་པའི་གནད་གསང་ཞིག་རིག་ནས་དེ་ལྟར་བསྒོམ་པ་ཡིན་འདུག་པས་སོ། །རྒྱུ་འབྲས་མན་ངག་བདུན་གྱི་རྩ་བ་མར་ཤེས་དྲིན་དྲན་གྱི་གདམས་ངག་འདི་ལ་ནི་གནས་ལུགས་ཅུང་ཙམ་ཡང་མི་འདུག །ཚེ་རབས་གཞན་དུ་ཕ་མ་མ་བྱས་པའི་སེམས་ཅན་སུ་ཡང་མེད་པའི་རྒྱུ་མཚན་གྱིས་ཡོད་ཚད་ད་ལྟའི་ཕ་མ་ནང་བཞིན་བརྩི་དགོས་ན། ཚེ་རབས་གཞན་དུ་དགྲ་བོ་མ་བྱས་པའི་སེམས་ཅན་སུ་ཡང་མེད་པའི་རྒྱུ་མཚན་གྱིས་ཡོད་ཚད་ད་ལྟའི་དགྲ་བོ་ནང་བཞིན་བརྩི་མི་དགོས་པའི་རྒྱུ་མཚན་ཅི་ཡོད། གཞན་དག་རང་གི་ཕ་མར་གྱུར་པའི་སྐབས་སུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས་ནས་བྱམས་སྐྱོང་གནང་བ་ནང་བཞིན་རང་ཉིད་གཞན་པའི་ཕ་མར་གྱུར་སྐབས་སུ་ཡང་དེ་ལྟར་བྱས་ཡོད་ངེས་པས་ད་ནི་གཅིག་གིས་གཅིག་ལ་བྱས་ཡུས་འདོན་རྒྱུ་དང༌། སྤྲོད་ལེན་བྱ་རྒྱུ་གང་ཡང་ལྷག་མི་འདུག །དེ་ལྟར་བསམ་ན་མར་ཤེས་དྲིན་དྲན་གྱི་མན་ངག་དེ་སེམས་ཅན་གཞན་ལ་ཕན་འདོགས་རིགས་པའི་ཤེས་བྱེད་དུ་མི་འགྲོ་བའི་ཐོག་ཏུ་ད་ལྟའི་ཕ་མའི་བཀའ་དྲིན་ཀྱང་བྱས་པ་རྗེས་མེད་དུ་གཏོང་བའི་ངན་ཇུས་ཤིག་རེད། ཅེས་བཤད་འོང་ན་དེ་ལ་ལན་འདེབས་ཇི་ལྟར་དགོས་པ་ཁོ་བོས་མི་ཤེས་པར་འདུག་པས་ཤེས་མཁན་ཁྱེད་ཅག་ལ་འདྲི་བར་འདོད་དོ། །བདེན་བཞིའི་འཇུག་ལྡོག་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་བདེན་ན། གསུམ་ལ་སྐྱབས་སུ་མ་སོང་བའི་མུ་སྟེགས་པ་ལ་ཐར་ལམ་མེད་པའི་རྒྱུ་མཚན་མི་འདུག་སྟེ། ཁོ་ཚོས་ཀྱང་རིགས་པའི་ལམ་ནས་སྲིད་རྩེའི་དངོས་གཉེན་རྒྱུད་ལ་བསྐྱེད་ཆོག་པའི་ཕྱིར། དངོས་པོ་སྟོབས་ཞུགས་ལ་སྟོན་པ་དང་བསྟན་པའི་ཆ་རྐྱེན་རྩིར་མི་བཏུབ་པའི་ཕྱིར། དེས་ན་ཆོས་འདི་པ་ལས་ཕྱི་རོལ་ཏུ་གྱུར་པའི་མི་ལ་ཐར་པའི་སྐལ་པ་མེད་ཅེས་ཟེར་བ་ནི་སྒེར་གཅོད་ཀྱི་རང་གཤིས་ཕྱི་རུ་མངོན་པ་ཙམ་དུ་ཟད། འཁྲུལ་པའི་རྩ་བ་བདག་འཛིན་ཡིན་པ་བདེན་ན། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གཅིག་པུས་ཆོག་གི །ལོགས་སུ་ཚོགས་བསགས་སྒྲིབ་སྦྱོང་ཞེས་པ་དེ་ཚོ་དགོས་དོན་ཅི་ཡོད། ལས་དང་ལུས་ཟད་སོགས་མི་དགོས་མི་ནུས་མི་ཤེས་པར་བཤད་པ་མིན་ནམ། བསྐལ་ཆེན་གྲངས་མེད་གསུམ་གྱི་བར་དུ་སྦྱིན་དང་བདེ་གཤེགས་མཆོད་པ་དེ་གཞན་དོན་གཟུགས་སྐུའི་རྒྱུ་ཡིན་ཟེར་ཡང༌། དེ་ལྟར་ན་གཟུགས་སྐུའི་ཡོན་ཏན་ཐུག་བཅས་སུ་ཁས་ལེན་འོས་ཏེ། རྒྱུ་ཐུག་བཅས་ཤིག་ལས་འབྲས་བུ་ཐུག་མེད་ཅིག་འོང་དོན་མེད་པའི་ཕྱིར། སངས་རྒྱས་ཐོབ་རྗེས་སུ་མཆོད་སྦྱིན་གྲངས་མེད་པ་ཞིག་གནང་བ་དེའི་ལག་རྗེས་སུ་གཟུགས་སྐུ་གཉིས་པ་ཞིག་ཀྱང་ཡོད་པར་འགྱུར་ཏེ། སློབ་པའི་དགེ་རྩ་ཆུང་ངུ་དེར་ཡང་གཟུགས་སྐུ་གཅིག་ཡོད་ན། མི་སློབ་པའི་དགེ་རྩ་རླབས་པོ་ཆེ་དེ་བར་མ་དོ་རུ་ཆུད་འཛའ་བ་འོས་མ་ཡིན་པའི་ཕྱིར། དེས་ན་སྐབས་རེར་སེམས་རྟོགས་ན་ཡེ་ཤེས་ཡིན་པར་བཤད་པ་དང༌། སྐབས་རེར་ཚོགས་མ་རྫོགས་ན་སངས་རྒྱས་མི་ཐོབ་པར་བཤད་པ་དེ་དག་ཀྱང་ནང་འགལ་ཅན་གྱི་རྣམ་གཞག་ཏུ་ངེས་སོ། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས་དགེ་སྡིག་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོ་བའི་ལངས་ཕྱོགས་འདིས་དོན་དངོས་སུ་ཀུན་སྤྱོད་ལ་བག་ཆགས་ངན་པ་ཞིག་བཞག་ཡོད་དེ། ནང་གི་ཀུན་སློང་གང་ཡིན་ནི་སུ་ལ་ཡང་གསལ་ཆ་མེད་པས་ཀུན་སློང་བཟང་པོ་ཡོད་ཁུལ་གྱིས་སྤྱོད་ངན་འཁྲབ་ཚད་ལ་གཞན་པས་སྟངས་འཛིན་བྱ་ཐབས་བྲལ་བས་སོ། །ལྷག་པར་དུ་གསང་སྔགས་ལུགས་ལ་རྟོགས་པའི་གདེང་དང་ལྡན་ན་ལུང་པ་དམར་པོར་བསྒྱུར་ཡང་རང་ལག་ཡིན་པའི་ཁྲིམས་ལུགས་འདིས་ཆོས་འདུལ་བའི་ལུགས་ཀྱི་དམངས་གཙོ་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་ས་བོན་ཡོད་ཚད་རྩད་ནས་ཕྱུངས་ཤིང་རྨང་ནས་བསྒྱེལ། ཁྲིམས་ལུགས་འདིས་བླ་མ་དང་གོང་མ་རྣམ་པའི་མཛད་སྤྱོད་ལ་ཚད་འཛིན་ཅུང་ཙམ་ཡང་མེད་པར་དམིགས་བསལ་སྟེར་རྐྱང་བྱས་པས། ཁོང་རྣམ་ཚོའི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་ལ་རུལ་དྲི་དང་སྐྱུར་དྲི་འཐུལ་བའི་རྩ་བ་ཀླུ་ཡུལ་ནས་ཚུགས་ཤིང་རྩེ་མོ་ལྷ་ཡུལ་དུ་རྒྱས་པ་རེད། མཆོག་གི་སྤྲུལ་སྐུའི་རྣམ་ཐར་གྱི་སྐོར་ལ། འདས་པའི་དུས་སུ་སངས་རྒྱས་འོད་སྲུང་ཞུ་བ་དེ་འདྲ་གཏན་ནས་བྱོན་མ་མྱོང་ཞིང༌། མ་འོངས་པའི་དུས་སུའང་སངས་རྒྱས་བྱམས་པ་ཞུ་བ་དེ་འདྲ་འབྱོན་རྒྱུ་ཡོད་པའི་ཤེས་བྱེད་ཕྲ་མོ་ཙམ་ཡང་མེད། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་ལ་ཡབ་ཡུམ་སྲས་སྲོས་མེད། ཤ་ཁྲག་རུས་པ་མེད། བུ་ག་དང་ཁོང་སྟོང་མེད། འཁྱག་རྒྱུ་ལྟོགས་རྒྱུ་མེད། ན་རྒྱུ་ཚ་རྒྱུ་མེད། འཆི་རྒྱུ་རྒས་རྒྱུ་མེད། དེ་དག་ཡོད་ཚད་ཚུལ་བསྟན་དང་ཆོ་འཕྲུལ་ཙམ་ཡིན་ཞེས་པ་འདིས་དོན་དུ་སྟོན་པ་སངས་རྒྱས་མི་གྲལ་ནས་ཕུད་དེ་ལྷ་སྒྲུང་ཁྲོད་ཀྱི་མི་སྣ་རུ་བསྒྱུར་བ་ཡིན། མི་ཞིག་ཡིན་ཕྱིན་ཆད་ཡབ་ཡུམ་དང་སྐུ་ལུས་འདས་གྲོངས་བཅས་མེད་ཐབས་མེད་པའི་ཕྱིར། རྒྱལ་པོ་ཟས་གཙང་ནི་རྒྱ་བལ་མཚམས་ཀྱི་རྒྱལ་ཕྲན་ཆུང་ཆུང་ཞིག་ཡིན་པས། ཁོང་གི་མངའ་ཞབས་ཡོངས་སུ་བུད་མེད་ན་ཆུང་མ་བརྒྱད་ཁྲི་བཞི་སྟོང་ཡོད་མེད་ཀྱང་ཐེ་ཚོམ་ཙམ་ཡིན་ན། རྒྱལ་སྲས་དོན་གྲུབ་ལ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་འཇོག་རྒྱུའི་ཆ་རྐྱེན་ག་ལ་འཛོམས། སྟོན་པའི་ཐུགས་རྒྱུད་དུ་ཤེས་བྱ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་མེད་ཀྱང་སྐྱོན་དུ་མི་ཆེ་སྟེ། །རིང་པོར་མཐོང་བའམ་མིན་ཡང་རུང༌། །འདོད་པའི་དེ་ཉིད་མཐོང་བ་ཡིན། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། ཅེས་བདེན་བཞིའི་བླང་དོར་ཐབས་དང་བཅས་པ་སྟེ་དགོས་པའི་དོན་ཀུན་མཁྱེན་པའི་རྣམ་མཁྱེན་ཡོད་ན་ཐར་འདོད་ཀྱི་བསམ་དོན་འགྲུབ་པར་མ་བཤད་དམ། དཀྱིལ་ཡངས་ཀྱི་བསམ་བློ་འདི་ཙམ་ཞིག་ཡོད་ན་ཡང་སྣོད་བཅུད་ཀྱི་ཆགས་དབྱིབས་དང༌། ཕྲ་རྡུལ་གྱི་གྲུབ་ཚུལ་སོགས་ཀྱི་ཐད་ནས་ཆོས་ཚན་གཉིས་མི་འགྲིག་བཞིན་དུ་མགོ་སྦྲེལ་བྱེད་པའི་ཐུགས་ཁུར་འོ་བརྒྱལ་དེ་འདྲ་མྱོང་དགོས་དོན་རྩ་བ་ནས་མེད། ཉན་ཐོས་སྡེ་པས་རྣམ་མཁྱེན་གྱི་གོ་དོན་ཆེད་དུ་གཟིགས་ན་གང་ཡང་མཁྱེན་ཐུབ་པ་ཞིག་ཏུ་འདོད་ཅིང༌། དེ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་འཇིག་རྟེན་ཁམས་འདིར་གཟིགས་ནས་སེམས་ཅན་སུ་ནི་དར། སུ་ནི་རྒུད་སོགས་ཞིབ་འཇུག་གནང་སྟེ་ལས་དོན་སྒྲུབ་པ་ཞིག་ཡིན་པར་བཤད་པ་འདི་ཉིད་དོན་ལ་གནས་མིན་གང་ལྟར་ཡང་རྣམ་གཞག་ཅུང་ཟད་བབ་ཆགས་པ་ཞིག་རེད། ལྷག་པར་དུ་སྡེ་པའི་ལུགས་ལ་སྟོན་པ་མྱ་ངན་ལས་འདས་རྗེས་ཆོས་འདུལ་བ་ཉིད་ཀྱིས་སྟོན་པའི་རྒྱལ་ཚབ་དང་བསྟན་པ་དམ་ཆོས་གཉིས་ཀའི་གོ་ཆོད་དགོས་པ་མ་གཏོགས། སྟོན་པ་སངས་རྒྱས་རང་ངོས་ནས་ཡེ་ཤེས་དང་ཕྲིན་ལས་ཐམས་ཅད་རྒྱུན་ཆད་འགྲོ་བར་འདོད་པའི་གྲུབ་མཐའ་འདི་ལྟོས་བཅས་ཀྱིས་བཤད་ན་ཅུང་བརྟན་བརླིང་ཅན་ཞིག་ཡིན། དེ་མིན་ཐེག་ཆེན་པའི་ལུགས་ལྟར་སངས་རྒྱས་སྔ་མ་གཅིག་ཁོ་ནའི་མཛད་ཕྲིན་ཡང་ནམ་མཁའ་ལྟར་ཀུན་ལ་ཁྱབ་ཅིང་བསྐལ་པ་ཇི་སྲིད་བར་དུ་ཚར་རྒྱུ་མེད་པ་ཞིག་ཡིན་ཚེ། སངས་རྒྱས་ཕྱི་མ་ཚོ་འབྱོན་པ་ལ་དགོས་ནུས་སྤུ་ཙམ་མི་འདུག་སྟེ། སངས་རྒྱས་སྔ་མ་དེས་བསྒྲུབ་མི་ཐུབ་པ་དང༌། མི་ཚར་བའི་ལས་ཀ་སྣ་གཅིག་ལག་ཏུ་འོང་རྒྱུ་མེད་པའི་ཕྱིར། སངས་རྒྱས་ཕྱི་མ་ཚོ་ནམ་ཡང་ལག་པས་ལག་པ་བཅངས་ཏེ་ཁ་རོག་གེར་འདུག་དགོས་པར་འགྱུར་རོ། །མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེ་རྒྱ་གར་ཚ་བའི་ལུང་པ་ནང་བཞིན་དུས་བཞི་དབྱེར་མེད་སྔོ་ཐེང་ངེ་བར་ཡོད་པ་ནི་ཞིང་ཁམས་དེ་འཛུགས་སྐྲུན་འཆར་འགོད་གནང་མཁན་རྒྱ་གར་བའི་མི་ཡིན་པའི་རྐྱེན་གྱིས་རེད་ལ། ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དེ་རྒྱ་གར་བའི་ཡུལ་མིའི་ཆ་ལུགས་ནང་བཞིན་དར་གྱི་སྟོད་གཡོགས་སྨད་གཡོགས་དང༌། རིན་པོ་ཆེའི་རྐང་གདུབ་ལག་གདུབ་གྱོན་ནས་བཞུགས་ཡོད་པ་ནི་ལོངས་སྐུ་དེ་རྒྱ་གར་གྱི་མི་ཡི་སྐུ་སྐྱེ་ཡིན་པས་རེད། དེས་རིགས་འགྲེས་ནས་རྒྱ་ནག་པའི་མི་ཞིག་ལོངས་སྐུ་ཐོབ་པའི་དབང་དུ་བཏང་ན་ཁོས་ཨག་ཚོམ་རིང་པོ་ཞིག་བཞག་སྟེ་གསེར་འབྲུག་རིས་ཀྱི་བེར་ཆེན་ཞིག་གྱོན་ནས་སྡོད་པར་ངེས་ལ། བོད་མི་ཞིག་ཤི་ནས་འོག་མིན་དུ་སྐྱེས་པའི་དབང་དུ་བཏང་ན་ཁོས་དཔག་བསམ་ཤིང་གི་ལོ་མར་འདོད་འཇོའི་བ་མར་སྦྱར་བའི་དཀྲུག་ཇ་ཞིམ་པོ་ཞིག་འཐུང་བཞིན་བསྡད་ཡོད་རྒྱུ་རེད། ཅེས་གསུངས་པ་འདིས་ཐེག་ཆེན་པའི་ལུགས་ཀྱི་སྐུ་དང་ཞིང་ཁམས་ཡོད་ཚད་ཀྱི་དབུ་ལ་ཐོག་བརྒྱབ་པ་ཡིན་མོད། ཁོང་གི་རྗེས་འཇུག་ཏུ་རློམ་པའི་བསྟན་འཛིན་རྣམ་པས་དེ་དོན་ཟུར་ཙམ་ཡང་མ་དགོངས་པར་ད་དུང་སྲོག་བཅད་ས་ལ་བླ་འཁོར་ནས་ལུས་ཡོད་པ་འདྲ། སྟོན་པ་ཤཱཀྱ་ཐུབ་པ་ཁོང་བཟང་པོའི་བསྐལ་པ་འདི་ལ་སླར་ཡང་བྱང་ཆུབ་སྙིང་པོར་གཤེགས་པའི་ཚུལ་ཙམ་བསྟན་པ་ཡིན་གྱི། དོན་དུ་འཁོར་བ་ཐོག་མ་མེད་པ་ནས་བླ་ན་མེད་པའི་གོ་འཕང་མངོན་དུ་བྱས་ཟིན། ཞེས་པའི་སྐད་ཆ་ཞིག་ཐེག་ཆེན་པའི་ཁྲོད་དུ་ཁྱབ་འདུག་པ་འདི་ནི་ཤིན་ཏུ་མ་ལེགས་པ་ཞིག་སྟེ། དེ་ལྟར་ན་གསར་དུ་ལམ་ལ་བསླབ་ནས་ཕྱིས་སུ་སངས་རྒྱས་ཐོབ་པའི་མཚན་གཞི་འཇོག་རྒྱུ་མི་རྙེད་པར་འདུག་པའི་ཕྱིར། ངོ་མཚར་དང་ཡ་མཚན་གྱི་གཏམ་ལ་ཧ་ཅང་རྔམ་དྲགས་ན་དོན་དངོས་ཀྱི་རིན་ཐང་ཐམས་ཅད་འདི་ལྟར་ཆུད་ཟོས་སུ་འགྱུར་འགྲོ། སྐད་ཆ་འདིའི་ཤུགས་རྐྱེན་ངན་པ་ང་ཚོའི་རྒྱུད་ལ་འགོས་ཚབས་ཤིན་ཏུ་ཆེ་སྟེ། བླ་མ་སུ་ཞིག་གི་རྣམ་ཐར་འགོ་བཙུགས་མ་ཐག་ཏུ། ཁོ་བོ་ཅག་གི་འདྲེན་པ་ཐུགས་རྗེ་ཅན་འདི་ཉིད་ངེས་པའི་དོན་དུ་བསྐལ་ཆེན་གྲངས་མེད་དུ་མའི་སྔ་རོལ་ནས་སངས་རྒྱས་སུ་ཟིན་ཡང༌། དྲང་དོན་གདུལ་བྱའི་སྣང་ངོར་སླར་ཡང་ཐེག་པ་རིམ་འཛེག་གི་མཛད་པ་འདི་དང་འདི་ལྟ་བུ་བསྟན། ཞེས་པའི་ཆེ་བརྗོད་འདི་འདྲ་ཞིག་ཅིས་ཀྱང་བྱེད་དགོས་ཤིང༌། དེ་ལྟར་མིན་པར་ཚེ་འདི་རང་ལ་བསླབ་ནས་མཁས་དང་གྲུབ་པའི་གོ་འཕང་ཐོབ་པར་བྱས་ན་དེ་ནི་ཤིན་ཏུ་རླབས་ཆུང་ཞིང་ཕལ་ཆེར་སྨད་པའི་གནས་ལྟ་བུར་བརྩི། འདི་འདྲའི་གོམས་སྲོལ་ལ་བརྟེན་ནས་ཅུང་ཟད་སྐད་གྲགས་ཡོད་པའི་མི་སྣ་ཡོད་ཚད་ལྷ་འདྲེ་གདོན་བགེགས་གང་རུང་ཞིག་གི་ཆོ་འཕྲུལ་དུ་བརྩིས་ཏེ། མེས་དབོན་རྣམ་གསུམ་རིགས་གསུམ་མགོན་པོ་དང༌། འུ་དུམ་བཙན་པོ་བདུད་འདྲེའི་གླང་གོག །རྒྱ་ནག་གོང་མ་འཇམ་པའི་དབྱངས། དབྱིན་ཇིའི་རྒྱལ་མོ་རྗེ་བཙུན་སྒྲོལ་མ། ཨ་རིའི་སྲིད་འཛིན་འཇམ་དབྱངས་བཞད་པ་བཅས་ཡིན་རྒྱུར་ཐག་བཅད། འུ་ཅག་ནི་ཤ་དང་ཁྲག་ལས་གྲུབ་པའི་སྐྱེ་བོ་ཐ་མལ་པ་ཡིན་པས་ཁོ་ཚོ་ལྟར་ག་ལ་ཡོང་ཞེས་རང་གིས་རང་ལ་མགོ་ལྕག་ཚ་བེར་བ་རེ་བཞུས་ཏེ་སུས་ཀྱང་མ་བསྐུལ་བར་བྲན་འབངས་ཀྱི་བརྟུལ་ཞུགས་དང་དུ་བླངས། གཞན་པས་ང་ལ་དེ་ཙམ་གྱིས་གུས་འདུད་མ་བྱས་ཀྱང་ཆོག་ཅེས་མར་ལ་གནང་བ་བྱིན་ཡང༌། ཕྲན་ཆུང་ངས་ཁྱེད་ལ་གུས་འདུད་རབ་གཅིག་མ་ཞུས་ན་ག་ལ་འགྲིག་ཅེས་ཡར་ལ་ཞུ་བ་ཕུལ་ནས་སྤུས་མོ་ཐང་ལ་བཙུགས་ཤིང་མགོ་བོ་བྲང་ཁར་ཕབ་སྟེ་སྡོད་པར་སྤྲོ་བའི་རང་ཅག་གི་ད་ལྟའི་མི་གཤིས་སྡུག་པོ་འདི་ཉིད་བསྐྱེད་ཅིང་བསྲིང་བ་ཡིན་ནོ། །དེ་ལྟར་བརྗོད་གཞི་པོ་སྟི་ལྔ་ལས་བརྩམས་ཏེ་བརྗོད་བྱ་སངས་རྒྱས་ཆོས་ལུགས་ལ་རྟོག་གེའི་ལམ་ནས་བརྒལ་བརྟགས་ཅུང་ཟད་བྱས་པ་འདི་ནི་མཚོན་པ་ཙམ་སྟེ། ཞིབ་ཏུ་ན་ཆོས་ལུགས་འདི་ཡི་ཕྱི་ནང་བར་གསུམ་ན་ཐེར་འདོན་བྱ་རྒྱུ་གྲངས་མེད་པ་ཞིག་མཆིས་མོད། ཧ་ཅང་མང་ན་ཉོབ་པའི་རྒྱུ་ལས་དགེ་མཚན་ཆེ་བ་མ་མཐོང་བའི་ཐོག་ཏུ། དུས་ཚོད་རིན་པོ་ཆེས་གཙོས་པའི་ཆ་རྐྱེན་ཡོད་དགུས་ཀྱང་ཁོ་བོར་སྒོ་ཀུན་ནས་གཏུག་ཅིང་གཙེས་པར་གྱུར་པས་ད་ནི་དེ་ཙམ་གྱིས་ཆོག་ཤེས་པའི་བགྱི་བ་ལྷུར་བླངས་པ་ལགས་སོ། །
                  བླ་མས་བསྩལ་བའི་ཆོས་མིང་འབོད་ཕོད་མེད། །
                  ཕ་མས་གནང་བའི་གཅེས་མིང་འབོད་རྒྱུ་མེད། །
                  རང་གིས་བཏགས་པའི་སྨྱུག་མིང་མདའ་སྨྱུག་ཏུ། །
                  འབོད་པས་ས་བྱི་གསར་ཚེས་དགུ་ལ་སྦྱར། །

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།