གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚད་མའི་ལུགས་ཀྱི་མཐོ་རིས་དང་ཐར་པའི་རྣམ་གཞག་ལ་དཔྱད་པ།

2009-10-08 12:29:00 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

           མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་པ་ཁ་ཅིག་གིས། མདོ་ལུང་ཟ་ཟུར་རེ་དྲངས་ནས་ཚད་མ་རིག་པའི་ཁུངས་སངས་རྒྱས་ཀྱི་གསུང་ལ་གཏུག་ཅི་ཐུབ་མཛད་ཡོད་ཀྱང༌། གསུང་རབ་གང་དུ་ཡང་ཚད་མ་དང་ཚད་མིན་གྱི་རྣམ་གཞག་དང༌། རྟགས་ཡང་དག་དང་ལྟར་སྣང་གི་རྣམ་དབྱེ་གསལ་པོར་མ་གསུངས་ཤིང༌། མཚན་གཞི་ཙམ་ནི་འཇིག་རྟེན་འཚོ་བའི་ཁྲོད་དུའང་ཡོད་པས་ཁུངས་སུ་མི་འགྲོ། དེས་ན་རིག་གཞུང་འདི་ཐོག་མར་མུ་སྟེགས་རིག་པ་ཅན་པའི་ཁྲོད་དུ་རང་རྐྱ་ཐུབ་ཅིང༌། ཕྱིས་སུ་སངས་རྒྱས་པའི་མཁས་པ་ཚོས་རང་ལུགས་ཟུར་དུ་ཕྱེས་པར་གྲགས་པ་ཉིད་དོན་ལ་གནས་སོ་སྙམ། ངོ་བོ་ཤེས་པ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་གཏན་ལ་འབེབས་པ་ཡིན་པས། རིག་གཞུང་རང་ངོས་ནས་བཤད་ན་ཆོས་དང་འཇིག་རྟེན། ཕྱི་པ་དང་ནང་པ་སོགས་ཀྱི་དབྱེ་བ་འབྱེད་རྒྱུ་མེད། འོན་ཀྱང་སློབ་དཔོན་ཕྱོགས་གླང་གི་མདོ་ཡི་མཆོད་བརྗོད་ལ་རྣམ་འགྲེལ་མཁན་པོས་ཚན་པ་ལོགས་སུ་བཟོས་ཏེ་རྒྱས་བཤད་གནང་བ་དེ་ནས་བཟུང༌། སངས་རྒྱས་པའི་ལུགས་ཀྱི་ཚད་མ་རིག་པའི་ཁ་ཕྱོགས་ཀྱང་འཁོར་འདས་གཉིས་ཀྱི་ཕྱོགས་སུ་བསྒྱུར་ཏེ་དོན་དངོས་ཀྱི་བརྗོད་བྱ་བློ་རྟགས་གཉིས་ནི་དེའི་ལག་ཆ་ཙམ་དུ་གྱུར་པ་རེད། སྐབས་འདིའི་དཔྱད་བྱ་ཡང་ཚད་མ་རིག་པ་དངོས་དེ་མིན་པར་ཚད་མ་གྲུབ་པའི་ལེའུ་དེའི་ནང་དོན་ཏེ་ཆོས་ལུགས་དང་ཐད་ཀར་འབྲེལ་བའི་གནད་དོན་ཁ་ཅིག་ཡིན། དེ་ལ་ཐོག་མར་དཔྱད་འོས་པ་ནི་སྐྱེ་སྲིད་ཀྱི་སྐོར་འདི་ཡིན་ཏེ། སྐྱེ་བ་སྔ་ཕྱི་ཡོད་པ་ཙམ་གྱིས་ཆོས་ལུགས་པ་ལ་རྒྱལ་ཁ་ཐོབ་པ་མ་ཡིན་ཀྱང༌། གལ་སྲིད་མེད་པའི་དབང་དུ་བཏང་ན་ནི་འཇིག་རྟེན་སྟེང་གི་ཆོས་ལུགས་ཕལ་མོ་ཆེ་གཞི་རྩའི་ཆ་ནས་ཚར་སོང་བ་རེད། གནའ་བོའི་རྒྱ་གར་དུ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་གྲུབ་མཐའ་ཞིག་བྱུང་མྱོང་ཡོད་པ་དེའི་མིང་འདོགས་ལ་རྒྱང་འཕེན་པ་ཟེར། གྲུབ་མཐའ་དེ་ཐོག་མར་དྲང་སྲོང་ཕུར་བུས་དམག་འཁྲུག་གི་ཆེད་དུ་ལྷ་ཡུལ་དུ་སྲོལ་གཏོད་ཅིང༌། དེ་རྗེས་དྲང་སྲོང་འཇིག་མིག་གིས་འདོད་སྲེད་ཀྱི་ཆེད་དུ་མི་ཡུལ་དུ་དར་སྤེལ་བཏང་བ་རེད་ཅེས་ཤོད་སྲོལ་འདུག །ལྷ་རྣམས་ཀྱིས་རང་ཉིད་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དང༌། འདི་ནས་ཤི་འཕོས་ཏེ་གང་དུ་སྐྱེ་བར་འགྱུར་བ་དང༌། དེ་དག་གི་རྒྱུ་དང་རྐྱེན་ཅི་ཞིག་ཡིན་པ་བཅས་གསལ་གསལ་ཐིང་ཐིང་མཐོང་བར་བཤད་ཡོད་པས་དེར་དྲང་སྲོང་ཕུར་བུའི་ཆད་ལྟའི་གྲུབ་མཐས་ཁ་ལོ་ཇི་ལྟར་བསྒྱུར་ཐུབ་བམ། དྲང་སྲོང་འཇིག་མིག་དང་ཁོའི་བུ་མོའི་བར་གྱི་འབྲེལ་བ་དེ་ཡ་རབས་བཟང་སྤྱོད་ཀྱི་ཐད་ནས་སྟངས་འཛིན་བྱས་ཡོད་པ་ལས། སྐྱེ་སྲིད་དང་རྣམ་སྨིན་ཁས་ལེན་མིན་ལ་རག་ལས་མེད། འདི་ཙམ་ལ་ཡང་རྟོག་དཔྱོད་མེད་པར་རང་སྣང་གང་ཤར་གྱིས་ཐོག་མ་ཉིད་ནས་དམའ་འབེབས་དང་ཁྱད་དུ་གསོད་རྐྱང་བྱེད་པ་ནི་རང་ཉིད་དྲང་པོ་མིན་ཞེས་གསལ་སྟོན་བྱས་པ་ཁོ་ནའོ། །ཚད་མ་རྣམ་འགྲེལ་ལས། རྒྱུ་འབྲས་དང་རྗེས་དཔག་ཁས་མི་ལེན་ཞིང༌། ལུས་ཆ་མེད་དང་དབུགས་རྟག་པར་འདོད་པ་སོགས་མེད་སྨྲའི་ལྟ་གྲུབ་ཆག་རོ་འགའ་ཞིག་ཆེད་དུ་བསལ་ཏེ། དེར་དགག་སྒྲུབ་རྒྱས་ཤིང་རྒྱས་པ་ཞིག་གནང་འདུག་པ་སྐབས་དེའི་ཕྱོགས་སྔ་དེ་ཚོར་ཕྲན་བུ་རེ་སོང་ཡོད་ཤས་ཆེ། སྤྱིར་ནི་རིགས་པ་ཕལ་མོ་ཆེ་རྩིང་ཧྲུལ་གནད་མ་ཟིན་པ་འབའ་ཞིག་ལས་བསྒྲུབ་བྱ་ལ་ངེས་ཤེས་འདྲེན་པ་དག་ལྟ་ཅི་སྟེ། ད་རེས་ཏོག་ཙམ་འདྲ་ཆགས་པོ་ཞིག་གསུངས་སོང་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་ནུས་ཤིག་ཀྱང་ཕལ་ཆེར་མེད་པའི་ཚོད་རེད། དཔེར་ན། ལུས་ལས་སེམས་སྐྱེ་ན་ལུས་ཡོངས་རྫོགས་ལས་སྐྱེའམ། ཆ་ཤས་རེ་རེ་ལས་སྐྱེ། ཡོངས་རྫོགས་ལས་སྐྱེ་ན་མཛུབ་མོ་ཆད་པའི་མི་ལ་སེམས་མི་སྐྱེ་བར་ཐལ། ཆ་ཤས་རེ་རེ་ལས་སྐྱེ་ན་རྡུལ་གྱི་གྲངས་བཞིན་དུ་སེམས་ཀྱང་མང་དུ་སྐྱེ་བར་ཐལ། ཞེས་པ་ལྟ་བུ་བསམ་གཞིག་གནད་ལ་ཡེ་ནས་མ་འབྱོར་བ་དང༌། ལུས་སེམས་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་པ་གྲུབ་ན་ལུས་ཅི་ཙམ་རྒྱགས་པ་ན་སེམས་ཀྱང་དེ་ཙམ་དུ་གསལ་ཞིང་རྒྱས་པར་ཐལ། ཞེས་པ་ལྟ་བུ་རིགས་ལམ་སྟབས་བདེ་ཐག་ཆོད་པ་དང༌། ལུས་སེམས་ཀྱི་ཉེར་ལེན་ནམ། ཡང་ན་ལུས་སེམས་བདག་ཉིད་གཅིག་ཡིན་ན་ཤི་བའི་རོ་ལ་ཡང་སེམས་གནས་དགོས་པར་ཐལ། ཞེས་པ་ལྟ་བུ་དོན་མེད་ཁ་ཁྲལ་འཇལ་བ་ཙམ་དང༌། ལུས་སེམས་གཉིས་པོ་ཡོན་ཏན་དང་ཡོན་ཏན་ཅན་ཡིན་ན་སེམས་ཀྱི་ཡོན་ཏན་ལུས་ཐོག་ནས་མཐོང་ཐུབ་པར་ཐལ། ཞེས་པ་ལྟ་བུ་ཁྱབ་འབྲེལ་ངེས་པ་མེད་པ་དང༌། རྒྱུ་ཚོགས་གྲངས་ཚང་གི་ཚུལ་དུ་འབྲེལ་ན་དུག་གིས་ཤི་བའི་རོ་ལ་དུག་སེལ་བྱས་ཚེ་གསལ་རིག་སླར་ཡང་སྐྱེ་འོང་བར་ཐལ། ཞེས་པ་ལྟ་བུ་མཐའ་དཔྱད་ཡག་པོ་མ་བྱས་པ་སྟེ་རིགས་ལམ་མང་ཤོས་འདི་དང་འདི་འདྲ་ཤ་སྟག་རེད་བཞག །མེ་ཇི་ཙམ་གྱིས་ཤུགས་ཆེར་འབར་ན་དུ་བ་དེ་ཙམ་གྱིས་དྲག་ཏུ་འཕྱུར་མི་དགོས་པ་བཞིན་རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་ཕྱིན་ཆད་མཐའ་གཅིག་ཏུ་འཕེལ་འགྲིབ་རྗེས་སུ་འགྲོ་ལྡོག་ཡོད་མི་དགོས། ལུས་སེམས་བདག་ཉིད་གཅིག་ཡིན་པའི་དབང་དུ་བཏང་རུང་འདུ་འབྲལ་མེད་པས་མ་ཁྱབ་པ་ནི་ལྕགས་གོང་དང་དེའི་དམར་འབར་བ་ནང་བཞིན་རེད། ཆང་མ་འཐུང་གི་བར་དུ་མྱོས་པའི་ནུས་པ་ཧ་མི་གོ་བ་བཞིན་ཡོན་ཏན་དང་ཡོན་ཏན་ཅན་གྱི་འབྲེལ་བའང་རྣམ་པ་ཐམས་ཅད་དུ་གཅིག་གྱུར་དུ་བསྡད་མེད། གསོན་ལུས་སེམས་ཀྱི་རྒྱུ་ཚོགས་གྲངས་ཚང་ཡིན་སྲིད་ཀྱང་དབུགས་དང༌། དྲོད། སྲོག་བཅས་ཡོད་ཚད་སོང་ཟིན་པའི་རོ་ཐོག་ཏུ་བསམ་བློ་རང་འཇགས་སུ་ལོག་འོང་བའི་ངེས་པ་ག་ལ་ཡོད། སྐྱེ་དངོས་རིག་པ་དང༌། ཚེ་སྲོག་གི་སྐྱེ་འཕེལ་ལ་ཆ་རྒྱུས་ཕྲན་བུ་ཡོད་པའི་དེང་གི་ཚན་རིག་པ་ཞིག་ཡིན་ན་གོང་གི་རིགས་པ་དེའི་གྲས་ལ་བསམ་བློ་གཏོང་རིན་ཅུང་ཙམ་ཡང་མེད་ཅིང༌། གཞན་སུ་ཞིག་གིས་དེ་དང་དེ་འདྲའི་བགྲོ་གླེང་འདྲ་བྱས་ན་ཁོ་ཚོའི་སེམས་གཏིང་ནས་དགོད་རྒྱུ་ཡོང་ངེས་རེད། འབྲོག་པ་ཞིག་གིས་ཐག་པའི་སྣེ་གཅིག་ཤེལ་ཏོག་ལ་བཏགས། སྣེ་གཞན་ཞིག་དེ་ཆུ་ལ་བཏུགས་ནས་གློག་འབར་མིན་ཚོད་ལྟ་བྱས་སྐད་འདུག་པ་དེ་དང་ཤིན་ཏུ་འདྲ་བས་དགོད་རྒྱུ་ཅི་ལ་མི་འོང༌། དབྱིན་ཇིའི་སྐྱེ་དངོས་རིག་པ་བ་རྡར་ཝུན་གྱི་སྐྱེ་དངོས་འཕེལ་འགྱུར་གྱི་ལྟ་བ་འདིས། འཇིག་རྟེན་གསར་གཏོད་སྨྲ་བ་དང༌། འགྱུར་མེད་དངོས་གཙོ་སྨྲ་བའི་གྲུབ་མཐའ་ཤུལ་མེད་དུ་བཏང་བ་ཙམ་དུ་མ་ཟད། མཐར་གཏུགས་ནས་བཤད་ན་ང་ཚོའི་ཡང་སྲིད་རིང་ལུགས་འདི་ལ་ཡང་རྩ་འཛིན་བྱ་ས་ཡག་པོ་ཞིག་མེད་པའི་བརྡ་ལན་གསལ་པོར་སྤྲད་ཡོད། དེ་ཡང་འཕེལ་འགྱུར་སྨྲ་བ་འདི་ལ་སྐྱེ་དངོས་རྣམས་ཀྱི་ངོ་བོ་སྟབས་བདེ་ཅན་ནས་རྙོག་འཛིང་ཅན་དུ་འཕེལ་བ་དང༌། རིགས་རྒྱུད་ཆིག་རྐྱང་ཅན་ནས་སྣ་མང་ཅན་དུ་འགྱུར་བའི་རྩ་དོན་གཉིས་ཡོད་ཅིང་འཕེལ་དང་འགྱུར་ཞེས་པའི་མིང་ཚིག་དེ་གཉིས་ཀྱི་གོ་དོན་ཡང་དེ་ཡིན། དང་པོ་འདིས་སྐྱེ་མེད་དངོས་རྫས་ཀྱི་གྲུབ་ཆ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཚེ་སྐྱེ་ལྡན་དངོས་པོར་འགྱུར་བ་དང༌། སྐྱེ་ལྡན་དངོས་པོའི་གྲུབ་ཆ་ཕུན་སུམ་ཚོགས་སུ་ཕྱིན་ཚེ་དམའ་རིམ་གྱི་ཚེ་སྲོག་འབྱུང་བ་དང༌། དམའ་རིམ་སྲོག་ཆགས་ཀྱིས་ཕྱི་ཡུལ་དང་འབྲེལ་གཏུགས་མཐུན་སྦྱོར་བྱས་ཚེ་ད་གཟོད་མཐོ་རིམ་གྱི་སྲོག་ལྡན་འགྲོ་བ་མིའི་རིགས་འདི་འབྱུང་བར་བཤད་ཅིང༌། དེ་དག་གི་འཕེལ་རིམ་ཡང་བྱིས་པ་ནས་རྒན་པོའི་བར་གྱི་མི་ཚེ་བཞིན་རྒྱུན་ཆགས་སུ་བརྩི་རྒྱུ་ཡོད། གནའ་བོའི་སྤྲ་མི་ནི་མི་དང་དུད་འགྲོའི་དབྱེ་འབྱེད་དཀའ་བའི་མཚམས་ཚིགས་དང༌། ལུས་ཀྱི་ནད་འབུ་ནི་སྲོག་ལྡན་དང་སྲོག་མེད་ཀྱི་དབྱེ་འབྱེད་དཀའ་བའི་མཚམས་ཚིགས་དང༌། འཕྱོ་གཡེང་གི་དངོས་པོ་ནི་སྐྱེ་ལྡན་དང་སྐྱེ་མེད་ཀྱི་དབྱེ་འབྱེད་དཀའ་བའི་མཚམས་ཚིགས་ཡིན། ཚད་མ་རྣམ་འགྲེལ་ལས། སྲོག་ཆགས་ཙམ་དང༌། སྲོག་ཆགས་དང༌། ཆེས་སྲོག་ཆགས་བཅས་ཀྱི་དབྱེ་བ་འབྱེད་རྒྱུ་ཡོད་པར་ཐལ། ཞེས་གཞན་ལ་མི་འདོད་པའི་ཚད་དུ་བྱས་ནས་འཕངས་ཡོད་ཀྱང་འཕེལ་འགྱུར་སྨྲ་བའི་ལུགས་འདིར་དེ་འདྲའི་དབྱེ་བ་ཕྱེས་ན་ཤིན་ཏུ་འོས་ཤིང་འཚམ་པར་སྣང༌། རྩོད་སྒྲུབ་དངོས་གཙོ་སྨྲ་བ་ཚོས། འདུ་ཤེས་ནི་དངོས་པོའི་འཇིག་རྟེན་ཡུན་རིང་འཕེལ་བའི་འབྲས་བུ་ཡིན་ཞེས་པ་དང༌། འདུ་ཤེས་ནི་སྤྱི་ཚོགས་ངལ་རྩོལ་གྱི་གྲུབ་འབྲས་ཡིན་ཞེས་པ་དང༌། འདུ་ཤེས་ནི་ཀླད་ཆེན་གྱི་ནུས་མཐུ་ཡིན་ཞེས་པ་དང༌། འདུ་ཤེས་ནི་ཕྱི་རོལ་ཡུལ་གྱི་ཚུར་སྣང་ཡིན་ཞེས་པ་འདི་དག་ཡོད་ཚད་ཀྱི་ཁུངས་དང་གོ་བ་ཡང་འཕེལ་འགྱུར་སྨྲ་བའི་ལྟ་བ་འདི་རང་ཡིན།  བྱིས་པ་དང༌། གཞོན་ནུ། རྒན་པོ་གསུམ་ལ་རྣམ་དཔྱོད་ཆེ་ཆུང་ཡོད་ཀྱང་རྣམ་ཤེས་ཡོད་མེད་ཀྱི་དབྱེ་བ་འབྱེད་མི་བཏུབ་པ་བཞིན། སྲོག་ཆགས་དང༌། རྩི་ཤིང༌། ས་རྡོ་བཅས་ལ་རྐྱེན་ལྡན་རྐྱེན་མེད་ཀྱི་ཚུར་སྣང་གི་ཁྱད་པར་ཙམ་ལས་བསམ་གཞིག་རང་རྐྱ་བ་ཡོད་མེད་གཅིག་མཚུངས་ཡིན། རྩ་དོན་གཉིས་པ་རིགས་རྒྱུད་ཆིག་རྐྱང་ཅན་ནས་སྣ་མང་ཅན་དུ་འགྱུར་བའི་དོན། དང་པོ་ཉིད་ནས་དཀོན་མཆོག་གམ་ལས་དབང་གིས་མི་དང་དུད་འགྲོ་སོགས་རིགས་མི་འདྲ་བ་སོ་སོར་གཏན་ཁེལ་བྱས་བཞག་པ་ཞིག་མིན་པར་དུས་ཡུན་རིང་པོར་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་མི་འདྲ་བ་དང༌། ནང་ཕན་ཚུན་བར་གྱི་འདྲེས་སྦྱོར་སྣ་ཚོགས་བཅས་ལ་བརྟེན་ནས་རིམ་གྱིས་རིགས་རྒྱུད་གཞན་འགྱུར་བྱུང་བར་འདོད་པ་སྟེ། འདིས་ཀྱང་རྣམ་ཤེས་དང་ལས་དབང་ལ་བསྙོན་འབྱིན་བྱས་ཡོད་མོད་ཞིབ་ཏུ་སྨྲ་བར་མི་བྱའོ། །སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ལ། དཔལ་ལྡན་ཆོས་གྲགས་ཀྱིས། སྐྱེས་མ་ཐག་པའི་བྱིས་པའི་རིགས་པ་དེ་རིགས་འདྲའི་རིག་པ་སྔ་མ་སྔོན་སོང་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་རིགས་འདྲ་སྔོན་སོང་གིས་བསྒྲུབས། མཁན་ཆེན་ཞི་འཚོས། ཚེ་འདིའི་དབང་དུ་བྱས་པའི་རྣམ་ཤེས་སྐད་ཅིག་དང་པོ་དེ་རྣམ་ཤེས་སྔ་མའི་ཉེར་འབྲས་ཡིན་ཏེ། རྣམ་ཤེས་ཡིན་པའི་ཕྱིར། ཞེས་ཉེར་ལེན་སྔོན་སོང་གིས་བསྒྲུབས། སློབ་དཔོན་དཔའ་བོས། སྐྱེས་མ་ཐག་པའི་སྟག་གི་ཕྲུ་གུ་དེ་གོམས་པ་སྔོན་སོང་གི་རྣམ་ཤེས་རྒྱུད་ལྡན་ཡིན་ཏེ། ཁྱོད་ལ་བསླབ་མི་དགོས་པར་ནུ་ཞོ་འཐུང་ཤེས་པའི་ཤེས་པ་ལྷན་སྐྱེས་སུ་ཡོད་པའི་ཕྱིར། ཞེས་གོམས་པ་སྔོན་སོང་གིས་བསྒྲུབས། ལེགས་ལྡན་འབྱེད་ཀྱིས། ད་ལྟའི་སྐྱེ་སྲིད་འདི་སྔོན་མའི་ཡང་སྲིད་ཡིན་ཏེ། སྔོན་གྱི་སྲིད་པ་དྲན་པའི་གང་ཟག་ཡོད་པའི་ཕྱིར། ཞེས་མྱོང་བ་སྔོན་སོང་གིས་བསྒྲུབས་པ་བཞི་ཡོད་པ་ལས། རིགས་པ་དང་པོ་གསུམ་ནི་ཁྱབ་འབྲེལ་ངེས་པ་མེད་པས་ནུས་པ་ཅི་ཡང་མི་འདུག །བཞི་པ་ཚེ་རབས་རྗེས་དྲན་གྱི་རིགས་པ་འདི་ནི་རྟོག་པ་འོག་འགྱུ་ཙམ་མིན་པར་མིག་མཐོང་ལག་ཟིན་གྱི་གནས་ཚུལ་གཞི་ལ་བཞག་ནས་བཀོད་པ་ཡིན་འདུག་པས་དཔྱད་དགོས་ཤིང༌། དུས་ད་ལྟའི་བར་དུ་དངོས་གཙོ་སྨྲ་བ་དང༌། འཕེལ་འགྱུར་སྨྲ་བ་སུས་ཀྱང་འགྲེལ་བཤད་བློ་ཡིད་ཚིམས་པ་ཞིག་བརྒྱབ་ཐུབ་མེད་མོད། ཚན་རིག་གི་ཤེས་ཚད་གོང་འཕེལ་དུ་ཕྱིན་ཚེ་ནམ་ཞིག་བློ་ཡུལ་ལས་འདས་པའི་གསང་བ་ཞིག་རྙེད་སྲིད་པ་ཡིན། མི་ཁ་ཅིག་གིས། རྨི་ལམ་གྱི་ནང་ནས་རྗེས་ཕྱོགས་ཀྱི་དོན་དག་སྔོན་དཔག་བྱེད་ཐུབ་ཀྱང་རྨི་ལམ་གྱི་ཤེས་པ་དེ་མ་འོངས་པ་ནས་ཡར་ལ་བསླེབས་པ་ཞིག་ཡིན་མི་སྲིད་པ་བཞིན། ཚེ་རབས་དྲན་པའི་བསམ་བློ་དེའང་གཅིག་བྱས་ན་འདི་འདྲའི་དོན་དག་ཅིག་ཡིན་ཤས་ཆེ། སྐྱེ་བ་སྔ་མའི་ལུས་ཀྱི་ཤ་མཚན་ཕྱི་མའི་ལུས་སྟེང་དུ་འཕོས་པ་ཡོད་པ་ལྟར་ན། སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་བརྡ་འཕྲིན་དང་གློག་རླབས་ལྟ་བུ་གཞི་རྒྱུ་ཕྲ་མོའི་འབྲེལ་བ་ཞིག་ཡོད་པ་ཡིན་ཡང་སྲིད། སྤྱིར་བཏང་བྱས་ན་བསམ་གཞིག་གི་ལྟེ་གནས་ཀླད་ཆེན་ནི་མེད་དུ་མི་རུང་བ་ཞིག་ཡིན་ན་ཡང༌། དམིགས་བསལ་ཅན་གྱི་མི་རེ་གཉིས་ལ་ཀླད་ཆེན་མེད་ཀྱང་ཆོག་པ་ལྟར་སྐྱེ་བ་སྔ་ཕྱི་འདིའང་དམིགས་བསལ་གྱི་མི་སྣའི་དམིགས་བསལ་གྱི་ཁྱད་ཆོས་འདྲ་ཨེ་ཡིན། དེ་ལྟ་མིན་ན་འདུ་ཤེས་ཀྱི་འཕེལ་རིམ་ཚད་ངེས་ཅན་ཞིག་ལ་ཐོན་དུས། ད་གཟོད་རྣམ་ཤེས་བེམ་པོ་ལས་ལོགས་སུ་མུ་མཐུད་དུ་འཚོ་གནས་ཐུབ་པ་ཡིན་རྒྱུ་རེད། ཚན་རིག་པའི་ཁྲོད་ནས་རྣམ་ཤེས་ཡོད་ཤས་ཆེ་ཟེར་མཁན་དེ་ཚོས་ཀྱང་དོན་འདི་འདྲ་ཞིག་ལ་ཐེ་ཚོམ་སྐྱེས་པ་ཙམ་མ་གཏོགས། ང་ཚོ་ལྟར་རྣམ་ཤེས་ཀྱི་ཐོག་མ་གཏན་མེད་དུ་ཁས་ལེན་རྩིས་རང་དག་མ་རེད་སྙམ། མདོར་ན་དེང་སང་སྐྱེ་བ་སྔ་ཕྱི་དྲན་པ་དང༌། སྲིད་པ་ཕྱིར་ལྡོག་གི་ཆོ་ག །རྣམ་ཤེས་འཁྱམས་པའི་ཉམས་མྱོང༌། ལུས་སེམས་བརྗེ་སྤོར་གྱི་མཐོང་སྣང་སོགས་ངོ་མཚར་ཆེ་བའི་བྱུང་བ་འདི་དག་ཡོད་ཚད་མི་བདེན་རྫུན་བསྒྲིགས་ཤ་སྟག་རེད་ཅེས་ལག་མགོ་གནམ་གཡུག་བྱས་ན་མི་འགྲིག་ལ། ད་ལྟའི་རིགས་གསར་གྱིས་འགྲེལ་བཤད་མི་ཕོག་པ་ཙམ་གྱིས་ལམ་སེང་སྐྱེ་བ་སྔ་ཕྱི་མིན་ན་ཅི་ཡིན་ཞེས་རང་སྣང་མཐོ་དྲག་རྒྱུའང་མེད། ཇི་སྲིད་མཐོང་ཐག་མ་ཆོད་པ་དེ་སྲིད་དུ་བློ་གཟུ་བོར་གནས་པས་ཞིབ་འཇུག་བྱས་ཏེ་བསྡད་ན། ནམ་ཞིག་བདེན་རྫུན་ཕུ་ཐག་ཆོད་དུས་འཚེར་སྣང་མེད་པར་ཁས་ལེན་བྱ་ཆོག་པ་ཡིན་ནོ། ། 
མཐོ་རིས་དང་ངན་སོང་གི་སྡེ་ལོགས་སུ་ཡོད་མེད་གླེང་ཟིན་ཅིང༌། དེ་དག་གི་རྒྱུ་ལས་འབྲས་ཀྱི་རྣམ་གཞག་ལ། སྲོག་གཅོད་པ་ནས་བཟུང་སྟེ་ལོག་པར་ལྟ་བའི་བར་གྱི་མི་དགེ་བའི་ལས་ལམ་བཅུ་པོ་དེ་ཆེན་པོས་དམྱལ་བ་དང༌། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོའི་སྐྱེ་གནས་སུ་ལྟུང་བ་དང༌། དེ་ལས་ལྡོག་སྟེ་གཞན་གྱི་སྲོག་བསྐྱབས་པ་སོགས་དགེ་བ་བཅུ་ལ་བརྟེན་ནས་བདེ་འགྲོ་ལྷ་མིའི་ལུས་སུ་སྐྱེ་ངེས་ཞེས་མངོན་པའི་གཞུང་ནས་བཤད་ཡོད། དེ་འདྲའི་འཐོབ་བྱ་དང་ཐོབ་བྱེད་ཀྱི་འབྲེལ་བ་དེ་དངོས་སྟོབས་ཀྱི་རིགས་པས་མི་འགྲུབ་པའི་ཕྱིར་ན་ཡིད་ཆེས་པའི་ལུང་ལ་བརྟེན་དགོས་ཤིང༌། ལུང་གང་ཞིག་ཡིད་ཆེས་པའི་གནས་སུ་འཛིན་འོས་མིན་ནི་དཔྱད་གསུམ་གྱིས་དག་དང་མ་དག་ལ་འཇོག་དགོས་ཞེས་ཚད་གཞུང་དུ་བཤད་འདུག །དཔྱད་གསུམ་གྱིས་དག་པའི་ཚུལ་ལ་མཁས་པ་སོ་སོའི་འདོད་ཚུལ་ཤིན་ཏུ་མང་ཞིང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མཁས་པ་ཁ་ཅིག་གིས། དཔེ་ཆ་རེ་རེའི་ནང་དུ་འགྲེལ་བཤད་མི་འདྲ་བ་རེ་རེ་བསྐྱོན་བཞིན་འདུག་པ་ལ་བལྟས་ན་ཁོང་རྣམ་ཚོ་ལ་ཡང་ཏིག་ཏིག་ཅིག་མེད་པ་འདྲ། མངོན་གྱུར་བསྟན་པ་མངོན་སུམ་དང་མི་འགལ། ལྐོག་གྱུར་བསྟན་པ་རྗེས་དཔག་དང་མི་འགལ། ཤིན་ལྐོག་བསྟན་པ་རང་ཚིག་སྔ་ཕྱི་དང་བརྗོད་བྱ་དངོས་ཤུགས་མི་འགལ། ཞེས་སོགས་བཤད་ཡམས་ཅི་འདྲ་བྱས་ཀྱང་དོན་དུ་ནི་ནམ་རྒྱུན་རྫུན་བཤད་པ་མཐོང་ཐོས་མེད་ཅིང༌། ད་རེས་ཀྱི་སྐད་ཆ་གོང་འོག་ལྷུ་ཐུག་པ་ཞིག་བྱུང་སོང་ན་ཆ་འཇོག་བྱ་དགོས་ཞེས་པ་དེ་ཙམ་ཞིག་ཡིན་པར་སྣང་སྟེ། དེ་ལྟར་ན་འཇིག་རྟེན་གྱི་རྒན་པོ་ཡ་རབས་ཤིག་གི་སྐད་ཆ་ལས་ལྷག་པའི་ཁྱད་ཆོས་ཅི་ཡང་མི་འདུག་པས་ལུང་ཚད་མ་ཟེར་ཡང་དེ་ག་ཙམ་རེད། རྟོགས་དཀའ་བ་ངེས་ལེགས་ལ་མི་བསླུ་བར་རིགས་པས་གྲུབ་ན་སླ་བ་མངོན་མཐོ་ལ་མི་བསླུ་བར་ཡིད་ཆེས་བྱེད་ཆོག་ཟེར་ཡང༌། དཀའ་སླའི་ངེས་པ་དེ་ག་རང་ཡང་བསྒྲུབ་བྱ་ལས་སྒྲུབ་བྱེད་མིན་པས་ཕན་ག་ལ་ཐོགས། ཁ་ཅིག་གིས། ལས་འབྲས་ཞེས་པ་དེ་ངལ་རྩོལ་ཅན་གྱི་མི་ལ་གྲུབ་འབྲས་ཐོབ་པ་དང༌། ནག་ཉེས་བསགས་པའི་མི་ལ་ཁྲིམས་ཆད་ཕོག་པའི་ངེས་པ་འདི་ཙམ་ལ་ཟེར་བ་ཡིན་གྱི། གཞན་རྭ་ཟིང་ངེ་བའི་རྒྱུ་འབྲས་ཤིག་ང་ཚོས་ཀྱང་འདོད་ཀྱིན་མེད། འདི་ཁས་མི་ལེན་ན་ཁྱོད་རང་མགོ་རྒྱལ་བ་ཡིན་ཞེས་སྒམ་མདོག་དང་བཅས་སྨྲས་འདུག །དེ་ལྟར་ན་མར་ཁེ་སི་དང་མའོ་ཙེ་ཏུང་ལྟ་བུ་ཡང་ལས་འབྲས་སྨྲ་བ་ཡིན་པར་འགྱུར་བས་ད་ནི་སུ་ལ་ཡང་རྩོད་པ་བརྒྱབ་དགོས་མི་འདུག་གོ །དེས་ན་ལས་འབྲས་ཡོད་དང་མེད་ཅེས་རྩོད་པ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ལྕི་ཡང་མི་ཡིས་གཏན་ལ་ཕབ་པ་མིན་པ་ཞིག་དང༌། ས་སྨྱུག་གི་འབྲེལ་བ་ལྟར་ངོ་བོ་ཐད་ཀར་མཐོང་བར་མི་ནུས་པའི་མི་མངོན་པའི་སྟོབས་ཤུགས་ཤིག་གཞི་གྲུབ་མིན་དཔྱོད་པ་ཡིན་གྱི། འཇིག་རྟེན་ཐོག་ཏུ་རྒྱུ་འབྲས་ཀྱི་རྣམ་གཞག་མེད་ཅེས་འདི་ན་རྩོད་མཁན་སུ་ཡང་མི་འདུག་པས་དོན་མེད་ཁ་རླངས་ཕུད་ནས་ཅི་ཞིག་བྱེད། མཐོང་རྒྱུ་རིག་རྒྱུ་མེད་པའི་འབྲེལ་བ་རྙོག་འཛིང་ཅན་དེ་འདྲ་ཞིག་ང་ཚོའི་མགོ་ཐོག་ཏུ་ཡོད་པའི་ཤེས་བྱེད་ནི་ཅུང་ཙམ་ཡང་འགོད་ནུས་མེད། མེད་པའི་དབང་གིས་ལས་འབྲས་སྨྲ་བ་ཚོས་ཀྱང་ལུང་ལ་སྐྱབས་བཅོལ་ཞུ་དགོས་ཐུག་པ་རེད། ལུང་ལ་སྐྱབས་བཅོལ་ཞུ་མིན་ནི་རྨོངས་དད་བྱེད་མིན་ལ་ཐུག་ཡོད། ལས་འབྲས་མེད་ཟེར་མཁན་ཚོས་མ་མཐོང་བའི་ཕྱིར་མེད་ཟེར་བ་ཡིན་པའི་དབང་དུ་བཏང་ན། ཡོད་ཟེར་མཁན་ཚོས་ཡོད་པར་གསུངས་པའི་ཕྱིར་ཡོད་ཅེས་ཟེར་བ་ཡིན། མ་མཐོང་བའི་ཕྱིར་མེད་ཟེར་ན་གཅིག་ཏུ་ཁྲེལ་བའི་རྒྱུ་རུ་མ་ངེས་ཏེ། རི་བོང་གི་མགོ་ལ་ཐུག་རྒྱུ་རིག་རྒྱུ་ཅན་ཞིག་མ་མཐོང་བའི་རྒྱུ་མཚན་གྱིས་དེར་རྭ་མེད་ཟེར་བ་མ་གཏོགས་དེ་ལྷག་གི་གནས་ལུགས་ཤིག་སུ་ལ་ཡང་འཆད་རྒྱུ་མེད་པའི་ཕྱིར། ཡོད་གསུངས་པ་ཙམ་གྱིས་ཡོད་པར་ཁས་ལེན་དགོས་པ་འདི་ཅུང་ཟད་ངོ་མཚར་ཆེ་སྟེ། གསུང་མཁན་དེ་ཉག་སྐེད་བུ་ལོང་མ་ལྟར་བཙན་དྲག་ཆེ་བ་ལ་ཚོད་ཅིག་མི་འདུག་པས་སོ། །ཅུང་ཟད་ཞིབ་ཏུ་འཆད་ན་ལས་ཀྱི་འབྲས་བུ་ལ་རྣམ་སྨིན་དང༌། རྒྱུ་མཐུན། བདག་པོའི་འབྲས་བུ་བཅས་གསུམ་གསུངས་ཡོད། རྣམ་སྨིན་གྱི་འབྲས་བུ་ཞེས་པ་དེ་ཚེ་སྔ་མར་དགེ་བ་བསྒྲུབས་ན་ཚེ་ཕྱི་མར་ལྷ་ཡུལ་དུ་སྐྱེ་འགྲོ་བ་དང༌། ཚེ་སྔ་མར་སྡིག་པ་བསགས་ན་ཚེ་ཕྱི་མར་དམྱལ་བར་ལྷུང་འགྲོ་བའི་ངང་ཚུལ་འདི་ལ་ཟེར། རྒྱུ་མཐུན་ལ་གཉིས་ལས། མྱོང་བ་རྒྱུ་མཐུན་ནི། ཚེ་སྔ་མར་སྦྱིན་པ་བཏང་ན་ཕྱི་མར་ཕྱུག་པོར་ཆགས་ངེས་པ་དང༌། ཚེ་སྔ་མར་རྐུ་མ་བརྐུས་ན་ཕྱི་མར་དབུལ་པོར་འགྱུར་འགྲོ་བའི་ཚུལ་ལུགས་འདི་ལ་ཟེར། ནམ་རྒྱུན་ལས་དག་དང་མ་དག་ཟེར་བ་དང༌། འདི་དང་དེའི་རྣམ་སྨིན་ཞེས་མང་མང་གིས་གླེང་བ་ཕལ་མོ་ཆེ་རྣམ་སྨིན་དང་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའི་ཆ་ནས་ཡིན་པར་སྣང༌། འདི་གཉིས་ལ་ལུང་ཁོ་ན་ལས་རིགས་པའི་སྒྲུབ་བྱེད་ཅི་ཡང་འགོད་རྒྱུ་མེད། བྱེད་པ་རྒྱུ་མཐུན་ནི་ཚེ་སྔ་མར་སྲོག་གཅོད་བྱེད་མཁན་དེ་ཚེ་བརྗེས་ན་ཡང་སྲོག་གཅོད་ལ་དགའ་མཁན་ཞིག་ཏུ་འགྱུར་སྲིད་ཟེར། ས་སྐྱ་པཎ་ཆེན་གྱིས། །རིགས་པ་ནངས་པར་འཆི་ཡང་བསླབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་ལྟར་གལ་སྲིད་ཚེ་སྔ་ཕྱི་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ན་འདི་ལ་གནས་ལུགས་ཅུང་ཟད་ཡོད་འོས་པ་ཙམ་ཡིན། འོན་ཀྱང་དེང་གི་བྱིས་པ་འདི་དག་གི་གནས་བབ་ཡོད་ཚད་ཁོར་ཡུག་དང་སློབ་གསོ་ལ་རག་ལས་འདུག་པ་མཐོང་དུས་འདི་ལ་ཡང་ཐེ་ཚོམ་སྐྱེ་འོང་བར་འདུག །སྐྱེ་བ་སྔ་མའི་གནས་ཡུལ་ཙམ་ཡང་དྲན་རྒྱུ་མེད་པར་ནག་ཐོམ་མེར་ཆགས་ཚར་འདུག་པས། སྔོན་མའི་དགའ་ཁ་ཁྱེར་ཕྱོགས་ད་དུང་མ་ཉམས་པར་བསྡད་ཡོད་ཟེར་ན་ཁག་པོ་ལོས་ཡིན།  བདག་པོའི་འབྲས་བུ་ཞེས་པ་ནི་མི་ཡིས་བསོད་ནམས་བསགས་ན་ཡུལ་ལ་གཡང་འཁོར་ཞིང༌། མི་ཡིས་ཚོགས་ངན་བསགས་ན་ཡུལ་གྱི་བཅུད་འཛད་འགྲོ། ཞེས་པ་སྟེ་སྣོད་བཅུད་དབྱེར་མེད་ཀྱི་ལྟ་ཚུལ་རྙིང་པ་ཞིག་ཡིན་པར་སྣང༌། འཁོར་བ་ཐོག་མེད་དུ་འདོད་པ་དང༌། དགེ་སྡིག་སྤང་བླང་སྨྲ་བ་འདི་ལ་ནང་འགལ་ཞིག་ཀྱང་འདུག་སྟེ། ཐོག་མེད་ནས་བསགས་པའི་ལས་ལ་འཛད་པའི་མཐའ་མི་དམིགས་ན་ད་གསར་དུ་དགེ་བ་མ་བྱས་ཀྱང་ཉུང་དུ་འགྲོ་རྒྱུ་དང༌། སྡིག་པ་བསགས་ཀྱང་མང་དུ་འགྲོ་རྒྱུ་མེད་པའི་ཕྱིར་དགེ་སྡིག་འདོར་ལེན་བྱེད་པ་ལ་དགོས་ནུས་ལྷག་པོ་ཅི་ཞིག་ཡོད། ལས་འབྲས་སྤྱི་ཡི་རྣམ་གཞག་ལ་བགྲོ་གླེང་དེ་ཙམ་གྱིས་ཆོག་པར་བྱ་ཡང༌། ལོག་ལྟ་ཟེར་བའི་མ་འདྲ་འདྲ་ཞིག་འདུག་པ་འདི་ལ་ནི་དམིགས་བསལ་གྱིས་ཅུང་ཟད་ཅིག་མ་ཞུས་ན་མི་བཟོད་པ་ཞིག་རེད། རང་རེའི་ཁྲིད་གཞུང་རྣམས་སུ། མི་དགེ་བཅུ་ལས་ལོག་ལྟ་ལྕི། ཞེས་གསུངས་ཡོད་ལ་དེའི་དོན་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཟེར་བ་འདི་ཚོ་ཟེར་ཚོད་ཙམ་ལས་བདེན་རྒྱུ་རང་དག་མ་རེད་སྙམ་པའི་བསམ་བློ་སྐད་ཅིག་མ་ཅིག་སྐྱེས་ན། དེ་མ་ཐག་ཏུ་ཚེ་ཚེ་རབས་རབས་སུ་བསགས་ཚད་བསྒྲུབས་ཚད་ཐམས་ཅད་འོ་ཟོ་ཁ་སྦུབས་པ་ལྟར་ནག་གོར་རེར་འགྱུར་འགྲོ་བ་ཡིན་ཟེར། དེ་ལྟར་ན་མི་དགེ་བཅུ་དག་ཕར་བཞག་སྟེ་མཚམས་མེད་ལྔ་ལས་ཀྱང་རབ་ཅིག་ལྕི་ཚོད་རེད། ལས་བྱས་པ་ཆུད་མི་ཟ། མ་བྱས་པ་དང་མི་འཕྲད། དཀར་ནག་འཆོལ་ནས་མི་སྨིན་སོགས་དྲང་བདེན་ཚུལ་མཐུན་གྱི་སྐད་ཆ་དེ་ཚོ་ཡོད་ཚད་ལོག་ལྟ་འདིས་གྱུར་མིད་བཏང་ཚར་བཞག །ཤུགས་མ་ཐུབ་ཀྱི་བསམ་བློ་གཏོང་སྟངས་ཏོག་ཙམ་འགྲིག་མིན་བྱུང་ཚེ་ལམ་སེང་ཁ་རྗེ་དབང་ཐང་ཡོད་ཚད་གཞུང་བཞེས་བཟོ་འགྲོ་མཁན་ཞིག་གིས་ད་དུང་གནས་ལུགས་དང་རྒྱུ་འབྲས་གླེང་འོང་ན་ཚིག་པ་མི་ཟའམ། ལས་འབྲས་མེད་སྙམ་པ་ཙམ་གྱིས་དགེ་རྩ་ཆད་འགྲོ་ན་ལས་འབྲས་ཡོད་སྙམ་པ་ཙམ་གྱིས་སྡིག་རྩ་ཆད་མི་འགྲོ་བ་ཅི་ཡིན་ནམ། སྡིག་པ་ཁོ་ན་ལ་འདི་ཙམ་གྱི་ཁ་ངོ་སྟེར་གནང་བའི་སྟོན་པ་སངས་རྒྱས་ཁོང་གལ་སྲིད་ཞལ་བཞུགས་ཡོད་པའི་དབང་དུ་བཏང་ན། ད་རེས་དྲང་ཚུགས་ཟིན་མ་བྱུང་ཞེས་ངོ་རྒོལ་རྔམ་སྟོན་བྱ་དགོས་ངེས་རེད་འདུག་གོ །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གཞན་དུ་མིན། ཞེས་པའི་ལུང་འདི་ཁ་ཤ་ལ་བཏགས་ནས་འགྲོ་འདུག་མཁན་དེ་ཚོས་ཐུགས་བསམ་དྲང་མོ་རེ་བཞེས་དང༌། གཟི་བརྗིད་ཁོག་སྟོང་ཞིག་མ་གཏོགས་དོན་དངོས་སུ་ཁོང་གིས་ང་ཚོར་བསམ་བློའི་རང་དབང་སྤྲད་འདུག་གམ། ཁོར་ཡུག་གི་གནས་བབ་ཉ་རྫའི་ནང་གི་ཉ་ལས་ཀྱང་སྐྱོ་བཞིན་དུ་ད་དུང་ང་ཚོར་ཞེད་པོ་ཞིག་ཡོད་ཅེས་དགའ་ཀྲོག་ཀྲོག་ཏུ་འདུག་དགོས་སམ། བརྟག་དཔྱད་དང་ཉམས་ཞིབ་ཡོངས་རྫོགས་ཡག་ས་བཟང་ས་ཁོ་ན་ནས་བྱེད་དགོས་པ་ལས། སྐྱོན་དང་དྲི་མའི་སྐོར་དྲན་ཙམ་ཡང་མི་ཆོག་པའི་ལུགས་ཤིག་ལ་བསམ་བློའི་རང་དབང་ཟེར་རུང་ངམ། ང་ཚོ་ལ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་ན་དགའ་རྒྱུ་དང༌། ཡོད་ན་སྡུག་རྒྱུ་ཅུང་ཙམ་ཡང་མེད་མོད། ཉེས་པ་ཁབ་ཙམ་མ་བསགས་ཀྱང་ཆད་པ་རི་ཙམ་རེ་གཅོད་འོང་ན་ང་ཚོས་མགོ་བོ་སྒུར་མི་ཐུབ། དེ་བས་བདག་ལེགས་སུ་འདོད་པའི་མི་ཚོས་ཉི་མ་དེ་རིང་ནས་འོས་ལངས་བྱས་ཏེ། དགེ་རྩ་ཁྱུ་གསོད་བྱེད་མཁན་གྱི་ལོག་ལྟ་འདི་ལས་གྲལ་ནས་ཕྱིར་འབུད་གཏང་རྗེས། འདྲ་མཉམ་གཉིས་ཕན་གྱི་ཁྲིམས་ལུགས་གསར་པ་ཞིག་གཏན་ལ་མི་འབེབས་ཀ་མེད་རེད་འདུག་གོ །སྟོན་པ་ཚད་སྒྲུབ་ཀྱི་སྐབས་སུ། །མི་ཤེས་སྟོན་པར་བྱེད་པ་ལ། །འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས། །དེས་བཤད་ནན་ཏན་བྱ་བའི་ཕྱིར། །ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད། །ཅེས་སྟོན་པ་ཚད་མར་སྒྲུབ་པའི་དགོས་པ་ནི་བསྟན་པ་མ་ནོར་བ་ཞིག་དང་མཇལ་བའི་ཆེད་ཡིན་གསུངས། འོན་ཀྱང་དངོས་གཞིའི་སྐབས་སུ་དེ་ལས་ལྡོག་སྟེ། བསྟན་པ་བདེན་བཞིའི་གནས་ལུགས་མ་འཁྲུལ་བ་སྔོན་དུ་བསྒྲུབས་ཟིན་རྗེས་གཞི་ནས་སྟོན་པ་ཚད་མའི་སྐྱེས་བུ་རུ་ཐག་གཅོད་གནང་འདུག །དགེ་ཆོས་ལགས་ཀྱིས། །རིགས་པའི་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན། །ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་བསྒྲུབས། །རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང༌། །རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད། །ཡང་དག་རིགས་པ་ངེས་དོན་ལུང་ལས་རྙེད། །དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འབྱེད། །རིགས་པས་ཤེས་ན་ངེས་དོན་ཅི་ལ་འཚོལ། །རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད། །ཅེས་ཕན་ཚུན་གཅིག་གི་དཔང་པོ་གཅིག་གིས་ཡོང་ཐབས་མེད་པར་གསུངས་པ་འདི་ཤིན་ཏུ་བདེན་ཏེ། བསྟན་པ་རྣམ་དག་ཏུ་ཐག་མ་ཆོད་པ་དེ་སྲིད་དུ་སྟོན་པ་ཚད་མ་ཞིག་རྙེད་མི་སྲིད་ཅིང༌། བསྟན་པ་རྣམ་དག་ཏུ་ཐག་ཆོད་ཚར་དུས་སྟོན་པ་ཚད་མ་འཚོལ་མི་དགོས་པའི་ཕྱིར་རོ། །སྐྱོན་ཆ་གཏན་ནས་མེད་པའི་དགེ་རྒན་ཞིག་དང༌། ནོར་འཁྲུལ་ཡེ་ནས་མེད་པའི་རིག་གཞུང་ཞིག་རྙེད་ན་དག་མི་འདོད་མཁན་སུ་ཞིག་ཡོད་ཀྱང༌། སྐྱོན་ཡོན་འདྲེས་མར་གནས་པ་འདི་དངོས་པོ་ཀུན་གྱི་གཤིས་ལུགས་ཡིན་འདུག་པས་ཐབས་དང་བཀོད་པ་ཐོན་དཀའ་རྒྱུ་རེད་སྙམ། བདེན་བཞིའི་རྣམ་གཞག་གི་ཐད་དུ། བདག་མེད་རྟོགས་པའི་ཤེས་རབ་ཟེར་བ་འདི་ལ་བློ་རྩེ་གཏད་ས་ཅི་ཡང་མེད་པའི་ཚུལ་དབུ་མའི་སྐབས་སུ་བཤད་ཟིན། འཁོར་བ་བདེན་མེད་དུ་རྟོགས་ན་འཁོར་བ་དོན་གཉེར་གྱི་བློ་སྤོང་འགྲོ་ཟེར་བ་འདིའང་ཡོངས་སུ་འཁྲུལ་པ་ཡིན་ཏེ། དེ་ལྟར་ན་མྱང་འདས་བདེན་མེད་དུ་རྟོགས་ཚེ་མྱང་འདས་དོན་གཉེར་གྱི་བློའང་ཅིའི་ཕྱིར་སྤོང་མི་འགྲོ་སྟེ་རྒྱུ་མཚན་མཚུངས་པ་ལ་ཟློག་ཏུ་མེད་པའི་ཕྱིར་རོ། །ད་དུང་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞིག་ཡིན་ཚུལ་དང༌། དྲི་མ་རྣམས་ནི་གློ་བུར་བ་ཞིག་ཡིན་ཚུལ་སོགས་འཐད་པ་མེད་པའི་རྣམ་གཞག་མང་དུ་འདུག་མོད༌། སྙིང་གི་དཀྱིལ་དུ་སྔར་ནས་བསྣུན་ཟིན་པ་ཡིན་པས་ད་ཡན་ལག་རེ་རེ་བཞིན་དུ་གསོད་པའི་ངལ་བ་བསྟེན་མ་འདོད་དོ། །

 

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།