གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆ་རྡུལ་རིགས་ཤིག་གི་འགུལ་བསྐྱོད་ལ་དཔྱད་པ།

2013-03-27 11:32:00 གཡང་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།

           གཅིག  ཆ་རྡུལ་ཚ་བའི་འགུལ་བསྐྱོད།
  དངོས་པོ་ནི་ཆ་རྡུལ་ལས་གྲུབ་ཅིང་།  ཆ་རྡུལ་ནི་མིག་ལྡན་སྐྱེ་དངོས་ཡོད་དོ་ཅོག་གིས་ཐད་ཀར་མཐོང་མི་ཐུབ་པར་མ་ཟད། འོད་རིག་པའི་ཕྲ་མཐོང་ཆེ་ཤེལ་གྱིས་ཀྱང་མཐོང་མི་ཐུབ་པ་སྟེ།  ཧ་ཅང་ཆུང་བའི་ཕྲ་ཕུང་(རྡུལ་ཕྲ་རབ་ཀྱིས་གྲུབ་པའི་སྲོག་ལྡན་རྡུལ་གྱི་ཕུང་བོ)རིགས་ཤིག་ཡིན།  སྤྱིར་བཏང་དུ་མི་ལུས་ཀྱང་དངོས་པོ་གཞན་དང་འདྲ་བར་ཆ་རྡུལ་གྱིས་གྲུབ་ཅིང་།  མདོར་ན་མི་ལུས་ནི་འབྱུང་བ་བཞི་ལས་གྲུབ་པ་སྟེ། ལུས་དྲོད་ཅེས་པ་ནི་འབྱུང་བ་མེའི་ནུས་པར་བརྟེན་པ་ལ་ཆ་རྡུལ་ཚ་བའི་འགུལ་བསྐྱོད་ཀྱི་བྱེད་རྩོལ(做功)བཏོན་པ་ཡིན་ཞིང་།  སྐྱེས་བུ་དར་མ་ཞིག་གི་ལུས་པོར་ཕྲ་ཕུངའདུས་པ་དེ་ཐམས་ཅད་ངེས་མེད་སྒྲིག་མེད་དུ་འགུལ་བསྐྱོད་བྱེད་བཞིན་ཡོད་པ་དེ་ཡང་པུ་རོམ་འགུལ་བསྐྱོད་ཀྱིས་བདེན་དབང་བྱེད་ཐུབ་པ་དང་།《ཤུགས་
རིག་པ》ལས་དངོས་གཟུགས་བར་ཀྱི་བྱེད་ནུས་ཤུགས་ནི་ཕན་ཚུན་དུ་འདོན་པ་ཡིན་ཞེས་དང་།ཚད་མ་རིག་པ་ལས་“དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད”ཅེས་གསུང་ཡོད་དེ། དོན་བྱེད་ནུས་པ་ཡིན་ན་དངོས་པོ་ཡིན་ལ།  དངོས་པོ་ཡིན་ན་ཆ་རྡུལ་གྱིས་གྲུབ་པ་ཡིན་པས་ཁྱབ་ཕྱིར་།  དངོས་པོ་མེད་ས་ན་ཆ་རྡུལ་དང་ཕྲ་ཕུང་མེད་པས་མ་ཁྱབ་ལ། ཕྲ་ཕུང་མེད་ས་ན་དངོས་པོ་མེད་པས་ཁྱབ་པ་ཡིན།
  ཚ་བ་ནི་ཆ་རྡུལ་གྱི་འགུལ་བསྐྱོད་ངེས་ཅན་ཞིག་ལ་བརྟེན་པ་མ་ཟད།  པུ་རོམ་འགུལ་བསྐྱོད་ཀྱི་ཆ་རྐྱེན་ཚང་དགོས་ལ།  དེའི་ངེས་ལུགས་ལྡན་དགོས་པ་རེད།  དཔྱིད་ཀར་རླུང་འཚུབ་གཡུག་དུས་ཚ་བ་ལས་གྲང་ངར་ཆེ་བ་ཅི་ཡིན་ཟེར་ན།  རླུང་གཟུགས་ནི་སྤྱིར་ནས་འཁྱག་པའི་རང་བཞིན་ཅན་ཡིན་ལ། ནུས་ཚད་བརྟན་སྲུང་གཏན་སྲོལ་ལྟར་ན། ནུས་པ་ནི་རང་དགར་མི་འབྱུང་མི་ཡལ་ཞིང་།  དེ་ནི་རྣམ་པ་ཞིག་ནས་རྣམ་པ་གཞན་ཞིག་ཏུ་བསྒྱུར་བའམ་དངོས་གཟུགས་ཤིག་ནས་དངོས་གཟུགས་ཤིག་ཏུ་བསྒྱུར་བ།  དངོས་གཟུགས་ཤིག་དངོས་གཟུགས་གཞན་ཞིག་ཏུ་སྤོར་བརྗེ་དང་སྤོར་བསྒྱུར་བྱེད་པའི་གོ་རིམ་ཁྲོད་སྤྱིའི་ནུས་པ་མི་འགྱུར་ཞེས་པ་ལས་དེའི་གནས་ལུགས་རྟོགས་ཐུབ།  དེ་དང་འདི་ནང་བཞིན་ཉི་འོད་དྲོན་པོ་སོགས་ཀྱང་ཕལ་ཆེར་རང་བཞིན་གཅིག་ཏུ་གྲུབ་འདུག   ཡིན་ནའང་གནམ་གཤིས་མི་འདྲ་བ་དང་བསྟུན་ནས་ཉི་འོད་ཀྱི་དྲོད་ཚད་མི་འདྲ་ལ།  ཉི་མའི་ནང་ངོས་དང་ཕྱི་ངོས།  དེ་ནས་སའི་གོ་ལའི་བར་གྱི་དྲོད་ཚད་མི་འདྲ་བ་ཡང་པུ་རོམ་འགུལ་བསྐྱོད་ཀྱི་ཆ་དང་མཐུན་སའི་གཞི་ཡོད་པའི་ཕྱིར།  འོ་ན་ཉི་འོད་དྲོད་ཚད་ཀྱི་ནུས་པ་ཡོངས་སུ་ཤོར་བའི་སྣང་ཚུལ་ཅི་ལ་མ་བྱུང་ཟེར་ན།  གཤམ་ནས་ང་ཚོས་དཔེར་བརྗོད་ཅིག་དང་འབྲེལ་ཏེ་རགས་བལྟ་ཞིག་བྱ།
   ཤུགས་རིག་པའི་གཏན་སྲོལ་དང་པོའི་སྤྱི་འགྲོས་ΔU=W+Q ལྟར་ན། གལ་ཏེ་ཉི་ཟེར་རྡུལ་རིགས་ཤིག་ལ་ཕྱི་རོལ་ཡུལ་ནས་ཐེབས་པའི་ཚ་ཚད་ནི་2.6*Jདང་ནང་ནུས4.2*Jལ་འཕར་ན། ཕྱི་རོལ་ཡུལ་གྱིས་ཉི་ཟེར་རྡུལ་ལ་བཏོན་པའི་རྩོལ་བ་ནི།
  ΔU=Q+Wདབྱིབས་འགྱུར་ན།   W = ΔU-Q=4.2*J -2.6*J=1.6*J ཡིན།   དེའི་ཕྱིར་གལ་ཏེ་དངོས་གཟུགས་ཤིག་གིས་ཚ་བ་ནང་འདྲེན་བྱས་མེད་ལ་ཕྱི་རུ་ཡང་མ་བཏང་ན། ཕྱི་རོལ་ཡུལ་གྱིས་འདིར་རྩོལ་བ་ཅི་ཙམ་བཏོན་ན་ནང་ནུས་དེ་ཙམ་འཕར་སྲིད། དེར་བརྟེན་ཉི་ཟེར་རྡུལ་གྱི་ནང་ནུས་འགྱུར་ཚད་ནི་ཉི་ཟེར་རྡུལ་རིགས་དེས་སྡུད་ལེན་བྱས་པའི་ཚ་བ་དང་ཕྱི་རོལ་ཡུལ་ནས་བཏོན་པའི་རྩོལ་བའི་སྡོམ་དང་མཚུངས་ལ། སྡོམ་དེ་ཅི་ཙམ་འཕར་བ་ལ་བརྟེན་ནས་ནང་ནུས་དེ་ཙམ་འཕར་སྲིད་པས། ནང་ནུས་ཀྱི་འགྱུར་བ་དང་བསྟུན་ནས་ཆ་རྡུལ་གྱི་མྱུར་ཚད་དང་འགུལ་ཚད་ཐག་གཅོད་ཐུབ་ལ། དེས་ཚ་ཚད་ཐག་གིས་གཅོད་ཐུབ།
     ང་ཚོས་རྒྱུན་ལྡན་འཚོ་བའི་ཁྲོད་ནས་མིག་མཐོང་ལག་ཟིན་ཏུ་ཡོད་པ་ཡང་དུ་བ་འཐེན་བྱེད་ཀྱི་མེ་ཆ་དང་ཆུ་གློག་གིས་བཀར་བའི་གློག་རྡོ།  དེ་མིན་ཤོག་སྦག་གི་སྡོང་རྩ་རྡོ་བར་ལ་གཅིར་ནས་ཁ་གྲགས་སུ་འཇུག་པ་ལྟ་བུ་སོགས་ཚང་མ་ཆ་རྡུལ་ཚ་བའི་འགུལ་བསྐྱོད་ཀྱི་ཁོངས་སུ་གཏོགས། དེ་ཡང་ནུས་ཚད་འགྱུར་བ་ལས་ཚ་བ་འབྱུང་བ་མ་ཟད་ཐད་ཀར་དུ་ཚ་བ་འབྱུང་མི་སྲིད།དཔེར་ན། གློག་རྡོ་ལས་འོད་འཚེར་བ་ལྟ་བུར་མཚོན་ན་ནང་ནུས་འོད་ནུས་སུ་འགྱུར་བ་དང་། འོད་ནུས་ཚ་ནུས་སུ་འགྱུར་བ་རེད། ནུས་ཚད་འགྱུར་རེས་ཀྱི་གོ་རིམ་འདི་དག་གི་ཁྲོད་དུ་ཡང་ཆ་རྡུལ་ཚ་བའི་འགུལ་བསྐྱོད་ལ་ངེས་པར་དུ་བརྟེན་དགོས་འདུག
     ང་ཚོ་ཚང་མ་ཞིང་ལས་པ་དང་ཕྱུགས་ལས་པ་ཏག་ཏག་ཡིན་པའི་ཆ་ནས་བཤད་རྒྱུ་ཡིན་ན། དུས་ཚོད་དམ་འཛིན་དང་འགྲོ་སོང་ཟད་གྲོན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆ་ནས་ཀྱང་ཆ་རྡུལ་ཚ་བའི་འགུལ་བསྐྱོད་ལ་བརྟེན་ནས་
ཟས་གཡོ་བསྐོལ་སོགས་ལ་གསར་བསྐྲུན་གྱི་ལག་ཆ་བཟོས་ཆོག་ཆོག་ཡིན་པར་སྙམ།
  འཇིག་རྟེན་ཁམས་ཀྱི་དངོས་པོ་ཐ་དག་འབྱུང་བ་བཞི་ལས་གྲུབ་ཅིང་། དེ་ཚང་མ་ཡང་ཆ་རྡུལ་རྡུལ་ཚ་བའི་འགུལ་བསྐྱོད་ལ་རག་ལས་ཏེ། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་བོ་བརྟེན་།། དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་མ་ལུས་བརྟེན།། ཞེས་གསུངས་པ་ལྟར། ཐོག་མར་ནམ་མཁའ་སྟོང་ཆེན་པོའི་ཁམས་སུ་ཆ་རྡུལ་འགུལ་བསྐྱོད་བྱས་པ་ཇེ་མྱུར་ལ་སོང་བར་བརྟེན་ནས་རླུང་དལ་བུས་ལངས། ཆ་རྡུལ་འགུལ་བསྐྱོད་ཀྱི་དབང་གིས་ལྷ་ཀླུ་ལྷ་མ་ཡིན་སུས་ཀྱང་གཞིག་པར་མི་ནུས་པའི་རླུང་གི་དཀྱིལ་འཁོར་སྲ་ཞིང་འཐས་པ་དཔག་ཚད་ས་ཡ་དྲུག་འབུམ་ཅན་དེའི་རྐྱེན་པས་སྡུད་ཀྱི་ར་བ་དབྱིབས་ཟླུམ་པོ་ཞིག་ཆགས་པའི་ནང་དུ་སྡུད་སྣེ་མཐུན་པ་ཕན་ཚུན་ཕུད་ཅིང་། སྡུད་སྣེ་ཐ་དད་ཕན་ཚུན་དྲངས་ནས་སྒོ་ང་ལྟ་བུའི་རླུང་གི་ཉིང་སྙིང་ཞིག་གྲུབ། ཆ་རྡུལ་འགུལ་བསྐྱོད་ཀྱི་མྱུར་ཚད་ལ་འགྱུར་ལྡོག་འབྱུང་བར་བརྟེན།   སྡུད་ར་ཡང་ཕྱི་ནང་རིམ་པར་ཆགས་ཏེ་ཆ་རྡུལ་ཚ་བའི་འགུལ་བསྐྱོད་བྱས་པ་ཚབས་དྲག་པར་ཕྱིན་ནས་དེ་ལས་རླུང་གི་དཀྱིལ་འཁོར་གྱི་རིམ་པ་གཅིག་ཆུ་རུ་གྱུར་ཅིང་རིམ་པ་གཅིག་སྒོང་གཟུགས་ལྟ་བུའི་ནང་དུ་སའི་དཀྱིལ་འཁོར་ཆགས། འདི་ལྟར་ཆ་རྡུལ་གྱི་རང་བཞིན་འགྱུར་རྗེས་སླར་ཡང་སྡུད་སྣེ་མི་མཐུན་པར་གྲུབ་སྟེ་སུམ་ཆའི་གཉིས་ཆུ་ཡིན་པའི་སའི་གོ་ལ་གྲུབ་ཅིང་ཡུན་གྱིས་འགྲོ་བ་མ་ལུས་བྱུང་།
          གཉིས།  ཆ་རྡུལ་འགུལ་བསྐྱོད་ལས་བྱུང་བའི་སྒྲ།
  ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མཐོང་ཐོས་མྱོང་གསུམ་ལས་བསླངས་བའི་ཤེས་བྱ་སྟེ། བྲག་ཆར་བརྟེན་ནས་ལུང་བའི་ཕུ་མདོའི་མི་ཕན་ཚུན་བར་ལ་བརྡ་སྤྲོད་ཐབས་དང་། འདྲེ་ཞེས་བྱ་བ་ཞིག་ཡོད་པར་སྨྲ་བ་སོགས་ལྟ་བུ་རེད། དེ་དག་ཚང་མ་ཆ་རྡུལ་འགུལ་བསྐྱོད་ལ་རག་ལས་འདུག   ཅིའི་ཕྱིར་ཅེ་ན། “ཤུགས་རིག་པ”ལས་བྱེད་ནུས་ཤུགས་ནི་ཕན་ཚུན་བར་དུ་འདོན་པ་ཡིན་ཞེས་དང་། འཇིག་རྟེན་སྟེང་ན་འགུལ་མེད་ཀྱི་དངོས་པོ་ཅི་ཡང་མེད་པར་བལྟས་ན་ཆ་རྡུལ་ཐམས་ཅད་འགུལ་བཞིན་ཡོད་ལ། དེ་དག་ཚང་མ་ངེས་མེད་སྒྲིག་མེད་དུ་འགུལ་བསྐྱོད་བྱས་པ་ལས་གདོང་ཐུག་བྱུང་བ་དང་དེ་ལས་འདར་འགུལ་བྱུང་པར་བརྟེན་སྒྲ་ཞེས་བྱ་བ་ཞིག་འབྱིན་པའི་གླགས་གྲུབ།  སྒྲ་ཡང་ཆུའི་རླབས་ཕྲེང་གི་རྣམ་པ་དང་མཚུངས་བའི་རླབས་ཀྱི་རིགས་དེ་ལ་སྒྲ་རླབས་ཟེར་ཞིང་། སྒྲ་རླབས་ཀྱི་རླབས་ཐག་1.7lm---17 lmབར་ཡིན་པར་མ་ཟད། བསྐོར་འཕྲོའི་སྣང་ཚུལ་དང་ལྷག་རྒྱུད།  དྲང་རྒྱུད་ཀྱི་རྣམ་པ་ཡང་འབྱུང་སྲིད་པས། དཔེར་ན། འཛེར་སྒྲ་སོགས་སྒྲ་སྙན་མིན་ཅི་རིགས་དང་གླིང་བུ། པི་ཝང་། རྒྱུད་མངས་སོགས།
  དུས་རྒྱུན་གྱི་འཚོ་བའི་ཁྲོད་ན་གླེང་རྒྱུ་མང་བའི་འདྲེ་ཟེར་བ་དེ་ཡང་མཐར་གཏུག་ན་མིའི་བློ་ཡི་རྣམ་རྟོགས་ཤིག་ཡིན་ཏེ། དྲང་མོར་བཤད་ན་ནང་བའི་ཆོས་ལུགས་ཀྱིས་ཀྱང་འདྲེ་ཟེར་བ་སེམས་ཀྱི་རྣམ་རྟོག་ཤིག་ལ་ངོས་བཟུང་ཡོད་པས།  གཙོ་བོ་ཆ་རྡུལ་འགུལ་བསྐྱོད་ལ་རག་ལས་པར་བསྟན་པ་རེད།   དེ་ཇི་ལྟར་ཟེར་ན་དྲོད་ཚད་དང་གནོན་དྲག་ངེས་ཅན་ཞིག་གི་ཁྲོད་དུ་ཁ་དབུགས་1lm³ནང་དུ་ཆ་རྡུལ་ཕལ་ཆེར་2.7* འདུས་འདུག  དེ་དེང་རབས་རྩིས་འཕྲུལ་གྱིས་བརྩི་བའི་དབང་དུ་བཏང་ན་ཡང་ཆ་སྙོམས་སྐར་ཆ་རེར་ཐེངས་ཁྲག་ཆེན་གཅིག་རེ་བརྩི་དགོས།  གལ་ཏེ་མི་གྲངས་རྩིས་བཤེར་གྲངས་ཀྱི་མྱུར་ཚད་སྐར་ཆ་རེར་ཐེངས་ཁྲག་ཆེན་གཅིག་ལས་བརྒལ་ཐུབ་ན་ད་གཟོད་ཁ་དབུགས་1lm³ནང་གི་ཆ་རྡུལ་ཚང་མ་ལོ་བརྒྱད་ཅུ་ལྷག་གི་ནང་རྩིས་ནས་ཚར་ཐུབ། པུ་རོམ་འགུལ་བསྐྱོད་དང་བྱེད་ནུས་ཤུགས་ནི་ཕན་ཚུན་དུ་འདོན་པ་ཡིན་ཞེས་པ་ལྟར་ན་འཇིག་རྟེན་སྟེང་གི་ཆ་རྡུལ་དེ་འདྲ་མང་པོ་ཞིག་སྐར་ཆ་རེར་ཐེངས་ཧ་ཅང་མང་པོར་གདོང་ཐུག་རྒྱག་བཞིན་ཡོད་ལ། དེ་བཞིན་དུ་འཇིག་རྟེན་ནི་སྒྲའི་ཞིང་ཁམས་ཞིག་ཏུ་གྱུར་ཡོད་རྒྱུ་རེད་ཟེར་ན་དེ་ཡང་བདེན་མོད། འོན་ཀྱང་མིའི་རྣ་བས་ཐོས་ཐུབ་པའི་སྒྲ་ནི་སྒྲ་རླབས་ལྡིང་ཚད་ངེས་ཅན་ཞིག་ཡིན་ཏེ། ཕལ་ཆེར20hz---20000hzཡིན། ལྡིང་ཚད20hzལས་དམའ་བའི་སྒྲ་རླབས་ལ་སྒྲ་རླབས་ཕལ་བ་དང་། ལྡིང་ཚད20hz དང་དེ་ལས་ཅུང་ཆེ་བའི་སྒྲ་ནི་མིའི་རྣ་བས་ཐོས་ཐུབ་པ་ཙམ་གྱི་སྒྲ། 20000hzལས་བརྒལ་བའི་སྒྲ་རླབས་ལ་ཚད་བརྒལ་སྒྲ་རླབས་ཟེར།   དེའི་ཕྱིར་སྒྲ་རིགས་ཤིག་དང་དངོས་གཟུགས་འགུལ་བསྐྱོད་རིགས་ཤིག་སྟེ་འདྲེ་ཟེར་བ་དེ་ཡང་སྒྲ་རླབས་ཀྱི་ལྡིང་ཚད་ངེས་ཅན་ཞིག་ལྡན་པས་སྐད་སྒྲ་སོགས་སྒྲ་རིགས་སྣ་ཚོགས་བྱུང་བ་རེད་སྙམ།  དེ་ཡང་མི་མང་ཚོགས་ས་དང་སློབ་གྲྭ    རེ་འགར་རླངས་འཁོར་གྱི་འགྲོ་འོང་མང་སའི་ཆར་སྒྲ་རིགས་འདི་དག་དང་དངོས་གཟུགས་འགུལ་བསྐྱོད་རིགས་འདི་དག་འབྱུང་སྲིད།  སྐད་སྒྲ་སོགས་སྒྲ་རིགས་མང་པོ་དུས་ངེས་ཅན་ཞིག་ཏུ་གྲགས་རྗེས་དེས་ཁ་དབུགས་ཁྲོད་ཀྱི་ཆ་རྡུལ་ལ་ཟུག་རེག་བསླངས་ཏེ། ལྷིང་འཇགས་ཀྱི་དུས་ཚོད་ངེས་ཅན་དུ་ཆ་རྡུལ་གྱི་ནུས་ཚད་ལ་འགྱུར་ལྡོག་བྱུང་ནས་ཆ་རྡུལ་འགུལ་བསྐྱོད་ཀྱི་མྱུར་ཚད་ཇེ་དྲག་ཏུ་སོང་བར་བརྟེན་གདོང་ཐུག་གི་ཤུགས་ཆེར་ཕྱིན་ཏེ་སྐད་སྒྲ་བྱུང་བའམ་དངོས་པོ་འགུལ་བར་བཅུག་པ་ནི་ང་ཚོས་འདྲེ་ཞེས་ཟེར་བ་དེ་ཡིན་ནམ་དོགས་གཞི་ཆེ།  
ཡིན་ན་ཡང་ནང་བའི་དགོངས་པ་དང་འགལ་མེད་དེ། རྒྱུ་མཚན་ནི་དངོས་པོ་ཐམས་ཅད་འབྱུང་བ་བཞི་ལས་བསྐྱེད་ཅིང་སླར་ཡང་འབྱུང་བ་བཞི་ལ་འཐིམ་དགོས་པར་ལྟས་ན་ཆ་རྡུལ་འགུལ་བསྐྱོད་ལས་བྱུང་བའི་སྒྲ་ཐམས་ཅད་ནང་ཆོས་དང་མཐུན་ཡོད་པར་བསམ་པ་དང་། རྣམ་ཤེས་ཀྱང་མཐོང་མི་ཐུབ་མོད་འོན་ཀྱང་རྡུལ་ལས་གྲུབ་ཡོད་པས། ཆ་རྡུལ་འགུལ་བསྐྱོད་ལས་འདར་འགུལ་བསླངས་པ་དང་འདར་འགུལ་ལས་སྒྲ་བྱུང་བའི་མཐའ་མའི་འབབ་སྟེགས་ཀྱང་འདི་ལས་མ་འདས།

གསལ་བཤད།      ༡༩༨༢ལོར་པེ་ཅིང་སློབ་ཆེན་པར་ཁང་དུ་པར་སྐྲུན་བྱས་པའི《ཤུགས་རིག་པ་དང་ཐོན་བསྐྱེད་གསར་བསྐྲུན》ཅེས་པའི་དཔྱད་རྩོམ་དེབ།       པའོ་ཁི་ལེ་དངོས་ལུགས་རིག་པའི་བསླབ་དེབ《ཤུགས་རིག་པ》 ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་བསླབ་དེབ(ངེས་སྦྱོང)《སྐྱེ་དངོས་རིག་པའི་དེབ་དང་པོ》  ཀུན་མཁྱེན་འཇིགས་མེད་དབང་པོ་ཚང་གི《འཇིག་རྟེན་གྱི་ཁམས་གྲུབ་ཚུལ》  མཐོ་འབྲིང་གི་དངོས་ལུགས་བསླབ་དེབ་འགའ་བཅས་ལ་ཟུར་ལྟ་བྱས་ཁུལ་གྱིས་བྲིས་པ་ཡིན་པས།  གལ་ཏེ་ནོར་བའི་ཆ་བྱུང་ཡོད་ཚེ་གསུང་ལྷུག་པོར་བརྗོད་རོགས།          

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།