གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བློན་ཐོན་མི་དང་འབྲེལ་བའི་བོད་ཀྱི་ཡི་གེའི་ཕྱོགས་ཙམ་དཔྱད་པ།

2013-01-06 11:22:00 ས་དམར་ཚེ་དོན། ཀློག་གྲངས། མཆན ཡོད།

  འཛམ་གླིང་ཤར་རྒྱུད་ན་སྙན་གྲགས་ཀྱི་བ་དན་ཆེས་ཆེར་གཡོ་བའི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འགྲོ་བ་བྱུང་སྔ་ཤས་རང་རེའི་བོད་མི་རིགས་འདི་ཉིད་དེ།ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐུན་མིན་གྱི་རིག་གནས་གཞན་དྲང་མི་འཇོག་པ་ཞིག་ཡོད་གཤིས།རྒྱལ་ཕྱི་ཀུན་ཏུ་བོད་རིག་པ་ཞེས་ཞིབ་འཇུག་གི་གཞི་མཐོ་ཞིང་དཔྱོད་པ་ཡི་གཏིང་ཟབ་པའི་བོད་སྤྱི་ཚོགས་ཀྱི་སྙིང་བོ་ཡོངས་སུ་དོ་སྣང་བྱེད་བཞིན་པའི་སྐབས་འདིར།སྒང་བའི་ཕྲག་རྒྱུན་དང་འགྲོགས་པའི་གཞོན་སྐྱེས་གང་མང་ཞིག་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ལྟར་བོད་སྤྱི་ཚོགས་ལ་དེ་བས་ཀྱང་ཐུགས་ཁུར་བྱེད་བཞིན་འདུག་ལ།ལྷག་པར་འདས་པའི་ལོ་རྒྱུས་ཁྲོད་ཀྱི་གནད་གང་མང་ཞིག་ལ་དཔྱོད་ཤེས་པ་མང་ཤས་ཞིག་གིས་དབྱེ་ཞིབ་དང་འགྲེལ་བཤད།དཔྱད་བརྗོད་སོགས་གང་མང་ཞིག་སྤེལ་གྱིན་འདུག།འདིར་བོད་ཀྱི་རྒྱལ་བོ་སྲོང་བཙན་སྐབས་ཀྱི་དོགས་པ་ཞིག་བློ་ངོར་འཆར་བ་དང་བསྟུན་ནས་རིག་གནས་ལོ་རྒྱུས་ལས་བློན་ཐོན་མི་དང་འབྲེལ་བའི་བོད་ཀྱི་ཡི་གེའི་ཕྱོགས་ཙམ་བཏོན་ན།གཅིགསྲོང་བཙན་སོགས་ལོ་ཚིགས་ལ་དཔྱོད་པ།གཉིས་པ།ཐོན་མིས་སློབ་དཔོན་གང་དང་ཡི་གེའི་དཔེ་གང་ལ་བསྟུན་པ།གསུམ་པ།སུམ་རྟགས་སོགས་ལས་དཔྱོད་པ།བཞི་བ།མཇུག་བསྡུ་བ།
  དང་པོ།སྲོང་བཙན་སོགས་ལོ་ཚིགས་ལས་དཔྱོད་པ།
  བོད་སྤྱི་ཚོགས་སུ་ངེས་པ་དོན་གྱི་རྒྱལ་རབས་ལས་བླ་སྲོག་ཏུ་གྱུར་བའི་རྒྱལ་བོ་སྲོང་བཙན་སྒམ་བོ་ནི་བོད་པའི་སྤྱི་ཚོགས་སུ་རིན་ཐང་ཆེས་ལྡན་པའི་རྒྱལ་བོ་ཞིག་ཡིན་ལ།ཁོའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལ་བཞེད་པ་མི་མཐུན་པ་ཁ་ཤས་ཡོད།སྲོང་བཙན་གྱ་གཉིས་བཞུགས་པ་དང་སོ་གཉིས་བཞུགས་པ་སོགས་འབྱུང་བས་འདིར་དེབ་དཀར་དང་འབྲེལ་ནས་དེབ་དཀར་མཁན་པོས་རང་ལ་རང་ཚིག་འགལ་བའི་སྐྱོན་ཞིག་མཆིས་པས།འདས་ལོ་ལ་བཞེད་པ་མི་མཐུན་པ་མེད་རུང་རང་ལོ་སོ་བཞི་ལ་ལྕགས་ཁྱི་ལ་གྲོངས་ཞེས་འདས་ལོ་ལྕགས་ཁྱི་ལ་བྱས་པ་དང་།དོན་ལ་བྱ་ལོར་འདས་ཤིང་ཞེས་བྱ་ལོར་འདས་པ་དང་།གྲོངས་ནས་ལོ་གཉིས་ལ་གསང་རྒྱ་བྱས་ཞེས་དང་། ཁྱིའི་ལོ་མཇུག་ལ་གསང་རྒྱ་བརྟོལ་བར་བརྟེན་ཞེས་པའི་ཚིག་ལས་འདས་ལོ་སྤྲེལ་ལོ་ལ་བྱས་པར་དོན་གྱིས་སོང་བས་ན་འདས་ལོ་འདོད་ཚུལ་མི་མཐུན་པ་གསུམ་བྱུང་བ་དང་།འཁྲུངས་ལོའི་ཐད་ལ་གླང་གི་ལོ་གཅིག་མཚུངས་ཡིན་པ་ལས་ས་མོ་དང་མེ་མོ་ཞེས་བཞེད་ཚུལ་གཉིས་བྱུང་།དགེ་ཆོས་ཀྱི་རང་ལུགས་ངོ་མ་ནི་བོན་གྱི་ལོ་རྒྱུས་བྱམས་མའི་སྲོང་བཙན་དགུང་ལོ་སོ་དྲུག་ལས་མ་ཐུབ་པ་དང་ཅེས་པ་དེ་འཐད་ཕྱོགས་བྱས་ནས་མེ་གླང་ལ་འཁྲུངས་ཤིང་སོ་བཞིའི་ཐོག་འདས།གསང་རྒྱ་ལོ་གཉིས་བྱས་ནས་སོ་དྲུག་ལོ་ཚིགས་བསྒྲིགས་པར་མངོན་ཡང་འཁྲུངས་ལོ་མེ་གླང་ཡིན་ན་མེ་གླང་ནས་བརྩིས་པའི་ལོ་སོ་དྲུག་པ་ཆུ་བྱི་ཡིན་པས།ལྕགས་ཁྱི་ལ་གསང་བ་བརྟོལ་ཞེས་པ་འགལ། ལྕགས་ཁྱི་ནས་ཡར་བརྩིས་པའི་ལོ་སོ་དྲུག་པ་ཤིང་ཕག་ཡིན་པས་འཁྲུངས་ལོ་མེ་གླང་ཞེས་པ་དང་འགལ།དོན་ལ་བྱ་ལོར་འདས་པ་ཡིན་ཟེར།འདིའི་བྱ་ལོ་ནི་ལྕགས་ཁྱིའི་གོང་གི་ས་བྱ་དེ་ལ་ཟེར་བ་རེད།ས་བྱ་ལོ་ལ་དགུང་ལོ་སོ་བཞི་ཡིན་ན་འཁྲུངས་ལོ་མེ་བྱི་ལ་བབ་ཅིང་དེའི་ཕྱི་ལོ་ལ་གསང་རྒྱ་རྟོལ་བ་ཡིན་ན།འཁྲུངས་ལོ་མེ་གླང་ཞེས་པ་དང་འགལ་བ་མ་ཟད་ལ་ཡང་སོ་ལྔ་ལས་མེད་པས་རང་ལོ་སོ་བཞིའི་སྟེང་འདས་བ་འགལ།མེ་གླང་ལོར་འཁྲུངས་ཞིང་ལྕགས་ཁྱི་ལ་གསང་བ་བརྟོལ་བ་ཡིན་ན་ལོ་སོ་བཞི་ལས་མེད་པས་ལོ་སོ་དྲུག་ཅེས་པ་དང་འགལ།གསང་རྒྱ་ལོ་གཉིས་བྱས་པ་ཡིན་ན་དགུང་ལོ་སོ་གཉིས་སྟེང་ཏུ་འདས་པ་ལས་འོས་མེད་པས་ལོ་སོ་བཞི་ཐུབ་ཅེས་པ་དང་འགལ་བས་ཅུང་དཔྱད་པའི་གནས་སུ་མངོན།དེབ་དཀར་མཁན་པོའི་རང་ལུགས་དངོས་ནི་འདས་ལོ་བྱ་ལོ་ཡིན་པ་གསལ།  ཏུན་ཧོང་ཡིག་རྙིང་ཏུ།དེ་ནས་ལོ་དྲུག་ཙ་ནའ།བཙན་པོ་ཁྲི་སྲོང་རྩན་དགུང་དུ་གཤེགས་སོ།།བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ།།ཁྱིའི་ལོ་ལ་བབ་སྟེ་བཙན་པོ་ཁྲི་སྲོང་རྩན་གྱི་སྤུར་ཕྱིང་བའི་རིང་ཁང་ན་འཁྱུད་ཅིང་བཞུགསྟེ།།ཞེས་ཁྲི་སྲོང་རྩན་དགུང་དུ་བཤེགས་པའི་ལོ་དང་སྤུར་ཕྱིང་བ་སྟག་རྩེར་སྦས་ནས་ཡོད་པའི་ཁྱིའི་ལོ་སོ་སོ་ཕྱེ་ནས་ཡོད་པའི་དགུངས་བ་འཁྲུལ་མེད་པ་དང་།ཐང་ཡིག་གསར་རྙིང་ལས་འཁྲུངས་ལོ་མི་གསལ་རུང་འདས་ལོ་ཡོའུ་ཧེ་ཁྲི་ལོ་དང་བོ་སྟེ་སྤྱི་ལོ་༦༥༠ལོར་ཡིན་པར་བཤད།འོན་ཀྱང་མཐའ་དཔྱོད་སཕྲུལ་གྱི་མེ་ལོང་ལས་གཤེགས་ལོ་ནས་ལུགས་ལྡོགགིས་བརྩིས་ན་མེ་གླང་ལོ་ནི་སྤྱི་ལོ་༥༨༡ལོར་འཁེལ་ཞིང་ཞེས་དང་འཁྲུངས་བའི་ལོ་ནི་མེ་གླང་ཞེས་གོང་དངམཐུན་པར་བྱས་ནས་ཆ་བཞག་ན་གཤེགས་ལོ་ཏུན་ཧོང་གི་ལོ་ཚིགས་ལྟར་སྤྱི་ལོ་༦༤༩ལོ་དང་།འཁྲུངས་ལོ་མེ་གླང་ཡིན་པས་ན་གཤེགས་ལོ་ནས་ལུགས་ལྡོག་གིས་བརྩིས་པས་འཁྲུངས་ལོ་སྤྱི་ལོ་༥༨༡ལོར་ཐག་གིས་བཅད་ན་ལེགས་སྙམ།དེ་བཞིན་དུ་མཁས་པ་མང་པོ་ཞིག་དང་ཆོས་འབྱུང་མང་པོ་ཞིག་གིས་འཁྲུངས་འདས་ལས་འཁྲུངས་ལོ་ལ་ས་མོ་དང་མེ་མོ་སོགས་རིག་པས་དཔྱད་ཞིབ་བྱས་ཟིན་པས་རྙོག་ཏུ་མི་བྱུང་ཆེད།ས་མེ་བར་ལ་ལོ་༤༧ཙམ་ཡོད་ལ།བལ་བཟའ་དང་རྒྱ་བཟའ་གཉིས་ལ་བསྟུན་ནས་བལ་བཟའི་ཡབ་འོད་ཟེར་གོ་ཆས་སྤྱི་ལོ་༥༩༥ནས་༦༤༠བར་རྒྱལ་སྲིད་བསྐྱངས་བ་དང་རྒྱ་བཟའི་ཡབ་ཐང་ཐེ་ཙུང་ས་ཕོ་རྟ་སྟེ་སྤྱི་ལོ་༥༩༨ལོར་འཁྲུངས་བ་སུམ་བྷ་མཁན་པོས་གསུངས་བར་བདེན་ཆེ་སྟེ་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱས།དེ་བས་དེབ་དཀར་མཁན་པོས་འཁྲུངས་འདས་ལ་བུ་སྟོན་དང་ཐང་ཡིག་སོགས་ཁུངས་བྱས་ནས་གསུངས་བ་གཞི་བྱས་ནས་བརྗོད་པར་བྱ།སྤྱིར་ཆོས་འབྱུང་གང་དང་བརྡ་སྤྲོད་ཀྱི་གཞུང་གང་ཡིན་རུང་།ཡོངས་གྲགས་སུ་བློན་ཐོན་མིས་ཡི་གེ་གསར་གཏོད་བྱས་ཞེས་མགྲིན་གཅིག་དབྱངས་གཅིག་ཏུ་བརྗོད་བཞིན་པ་འདི་ལས་ཡང་སྤྱིར་ཞིག་བཟློས་ན།ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་དང་མ་ནི་བཀའ་འབུམ།བཀའ་ཆེམས་བཀའ་ཁོལ་མ་སོགས་ཆོས་འབྱུང་དག་ཏུ་སྲོང་བཙན་སྔོན་དུ་ཡི་གེ་མེད་པར་འདོད།འདོད་ཚུལ་གཞན་ཞིག་ནི་བོད་ཀྱི་ཡི་གཡི་དང་པོར་སྟོན་པ་གཤེན་རབ་ཀྱིས་མཛད་པར་འདོད།དཔའ་བོ་གཙུག་ཕྲེང་གིས་སྤྱི་ལོ་༦༢༩ལོ་སྲོང་བཙན་ཁྲིར་ཕེབས་ཤིང་ལོ་འདི་ཉིད་དུ་ཡབ་གནམ་རི་བཀྲོངས།དེབ་དམར་དང་བུ་སྟོན།གསལ་མེ་དང་མཁས་དགའ།ཅོ་ནེ་གྲགས་པ་བཤད་སྒྲུབ་སོགས་ཀྱིས་སྲོང་བཙན་དགུང་ལོ་བཅུ་གསུམ་སྟེང་ནས་ཁྲིར་བཞུགས།བཅུ་བདུན་པར་སྤྱི་ལོ་༦༣༣ལོ་ཐོན་མི་དགུང་གྲངས་བཅོ་ལྔའི་སྟེང་རྒྱ་གར་དུ་ཕེབས།ཐོན་མི་རྒྱ་གར་ནས་ཕྱིར་ཕེབས་དུས་དགུང་ལོ་ཉེར་གསུམ་དང་སྲོང་བཙན་དགུང་ལོ་༢༩བཞེས།ཞེས་དང་།བལ་བཟའ་ཤིང་ཕོ་རྟ་སྟེ་སྤྱི་ལོ་༦༣༤ལོར་ཁབ་ཏུ་བཞེས་པ་དང་ལོ་འདིར་རྒྱ་ནག་གི་རྒྱལ་རབས་སུ་སྲོང་བཙན་སྒམ་པོའི་སྐུ་ཚབ་ཅིག་ཐང་རྒྱལ་ཁབ་ཏུ་འབྱོར་ཞེས་དཔའ་བོ་གཙུག་ཕྲེང་གིས་བཞེད།ཡང་བོད་གཞི་བྱས་ཀྱིས་སྲིད་དོན་ལོ་རྒྱུས་སུབལ་བཟའ་སྤྱི་ལོ་༦༣༢ལོ་ཁབ་ཏུ་བཞེས་པ་དང་།བོད་ཀྱི་ལོ་རྒྱུས་སྤྱི་དོན་བློ་གསལ་འཇུག་ངོགས་སུ་སྲོང་བཙན་དགུང་ལོ་༢༣སྟེ་ས་ཕག་སྟེ་སྤྱི་ལོ་༦༣༩ལོར་བལ་བཟའ་ཁབ་ཏུ་བཞེས་ཞེས་བཞེད་པ་མི་མཐུན་པ་གསུམ་ཙམ་བྱུང་།རྒྱ་བཟའ་ལྕགས་གླང་སྟེ་སྤྱི་ལོ་༦༤༡ལོར་ཁབ་ཏུ་བཞེས་པ་མཁས་པ་ཚོའི་ཞལ་མཐུན་ལ།ལོ་རྒྱུས་ཀུན་དགའི་མེ་ལོང་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་བལ་བཟའ་སློང་བའི་གྲོས་སུ་བློན་ཐོན་མི་ཡོད་པར་གསུངས།རྒྱ་བཟའ་སློང་བའི་གྲས་སུ་བློན་ཐོན་མི་ཡོད་པ་ཞྦ་སྒམ་པའི་སྲིད་དོན་རྒྱལ་རབས་སོགས་སུ་གསུངས།འོ་ན་བློན་པོ་མགར་དང་སྲོང་བཙན་གཉིས་རྒྱལ་ས་ཁྲང་ཨན་དུ་སྤྱི་ལོ་༦༣༦ལོར་རྒྱ་བཟའ་གཉེན་སློང་དུ་སོང་བ་དང་།ཀོང་ཇོ་གནང་བའི་བར་དང་ལམ་བར་སོགས་བསྡོམས་པས་དྲུག་གམ་བདུན་འགོར་བར་བཞིགའ་ན་ཐིན་མི་རྒྱ་གར་དུ་ལོ་དགུའི་སྟེང་དུ་ཕེབས་དགོས་ལ།ཀོང་ཇོ་དང་ལྷན་ཏུ་ཕྱིར་བོད་ལ་འབྱོར་དུས་སྤྱི་ལོ་༦༤༣ལོ་འཁེལ་ཞིང་ཐོན་མི་དགུང་གྲངས་༢༢་ལ་བཞེས།འདིནས་རྒྱ་གར་ལ་ཕེབས་པ་ཡིན་ན་ཕྱིར་བོད་ལ་ཕེབས་དུས་ཐོན་མི་དགུང་ལ་༢༩དང་སྲོང་བཙན་དགུང་ལོ་༣༡ལ་བསྟུན་འདུག།ཐོན་མི་དགུང་ལོ་བཅོ་ལྔའམ་བཅུ་དྲུག་གི་སྟེང་ནས་རྒྱ་གར་ལ་ཕེབས་པ་ཡིན་ན།གང་ཟག་གཅིག་དུས་མཉམ་དུ་གནས་གཉིས་སུ་གྱེས་པའི་རྣམ་ཤེས་ཡོད་རུང་ཕུང་བོ་གྱེས་སུ་མེད་པར་སྙམ།འཇིགས་མེད་དབང་བོའི་བསྟན་འགྱུར་དཀར་ཆག་ཏུ་བཙུན་མོ་གཉིས་བསུས་རྗེས་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་བཏང་བའི་ལོ་རྒྱུས་མཆིས།དེ་བཞིན་དུ་ཐོན་མིས་སྤྱི་ལོ་༦༤༦ལོར་སྐུ་མཁར་མ་རུ་ནས་བོད་ཡིག་དག་ཐེར་བྱས་པས་སྒྲའི་བསྟན་བཅོས་སོགས་མཛད་ནས་རྒྱལ་བོས་ལོ་གསུམ་བཞི་ཙམ་ལ་སྦྱངས་པས་བཀའ་ཆེམས་ཀ་ཁོལ་མ་དང་མ་ཎི་བཀའ་འབུམ་སོགས་བརཙམས་པར་གྲགས་པ་འདི་སྲོང་བཙན་སྤྱན་རིས་གཟུགས་ཀྱི་སྤྲུལ་བ་ཡིན་པ་ཕྱིས་འབྱུང་མཁས་པ་དག་གིས་གསུངས་པ་ལས་དེ་འདྲའི་འབྲས་བུ་སྨིན་པ་ཡིན་ནམ་བདེན་པར་འཐད་དཀའ་བས།ལོ་རྒྱུས་སྨྲ་བ་དག་གི་འདོད་བློ་དང་གང་ཟག་གི་ཁམས་གཉིས་མཐུན་པར་འབྱུང་བས་བདེན་པའང་མཆིས།རྒྱལ་རབས་གསལ་བའི་མེ་ལོང་ལས“དེར་རྒྱལ་བུ་དེ་ནར་སོན་དུས།བཟོ་དང་།རྩིས་དང་།སྒྱུ་རྩལ་དང་།རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་ན་རེ། འོ་ཅག་ཚོའི་རྗེ་འདི་ཡོན་ཏན་དུ་མ་དང་ལྡན་ཏེ། ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚམ་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ཏེ་རྒྱལ་སར་བྱོན་པ་ཡིན་ནོ། །”ཞེས་ཆོས་རྒྱལ་དེ་རྒྱལ་སར་མ་ཕེབས་གོང་ནས་རིག་པའི་གནས་ལྔ་ལ་མཁས་པ་དེ་ཡི་གེ་མེད་མི་སྲིད་པ་དང་།ཐོན་མིས་ཡི་གེ་གསར་གཏོད་མཛད་པ་བཙན་པོ་རྒྱལ་སར་བཀོད་པའི་རྗེས་ཡིན་པ་གཉིས་འགལ་འདུག་པས།བནྡེ་ཚུལ་ཁྲིམས་རིན་ཆེན་གྱི་བསྟན་འགྱུར་དཀར་ཆག་ལས་ཀྱང་དེ་མཚུངས་སུ་བཀོད།  བུ་སྟོན་ཆོས་འབྱུང་ལས་སྲོང་བཙན་སྒམ་པོས་དགོངས་ལོ་ཕྲ་བའི་དུས་ནས་བཟུང་འཕྲིན་ཡིག་ཀློག་ཐུབ་པར་གསུངས།དུས་དེར་སྲོང་བཙན་སྐུ་ན་ཕྲ་བས་ཁྲིར་མ་བཀོད་པ་དང་རྒྱ་གར་གྱི་རིག་གནས་ཀྱང་གདན་དྲངས་མེད་པས།དུས་དེའི་བཟོ་དང་རྩིས་ལ་སོགས་པའི་རིག་གནས་གང་ལ་གཏོགས།ཁོང་གིས་གཟིགས་པའི་ཡི་གེ་ནི་ཡིག་རིགས་གང་གིས་བྱས།སྲོང་བཙན་མ་གཏོགས་ཁོང་གི་ཡར་སྔོན་གྱི་དམ་པ་རྣམས་ཀྱི་ལོ་རྒྱུས་འཆད་པའི་སྐབས་སུའང་དེ་མཚུངས་ཀྱི་བཀོད་པ་མང་།དེ་དག་ལས་དུས་དེར་ཐུབ་བསྟན་པར་མ་གཏོགས་པའི་རིག་གནས་གཞན་ཞིག་བོད་དུ་དར་ཁྱབ་ཆེ་བ་ཤེས་ཐུབ།ཐོན་མི་རྒྱ་གར་དུ་མ་ཕེབས་གོང་ནས་སྲོང་བཙན་རང་ཉིད་ཀྱིས་མཚན་སྨྲས་སྟེང་ནས་གསལ་བར་འདུག
  གཉིས་པ།ཐོན་མིས་སློབ་དཔོན་གང་དང་ཡི་གེའི་དཔེ་གང་ལ་བསྟུན་པ།
  ཐོན་མི་རྒྱ་གར་དུ་མ་བཏང་གོང་ནས་བོད་ལ་ཡི་གེ་ཡོད་པ་འདི་ལས་ཤེས་ལ།མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་“རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང་།ཕྱིས་ཀྱིས་ལོ་རྒྱུས་མཁས་པ་འགས་སྲོང་བཙན་གོང་དུ་ཡི་གེ་མེད་ཅིང་ཐོན་མིས་རྒྱ་གར་ནཱ་ག་རའི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་བཤད་ཡོད་པ་ནི།དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་གོ་དོན་ཡིན་པ་མ་གཏོགས།དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་།ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཟེར་བའི་གོ་དོན་མིན།རྒྱུ་མཚན་ནི་ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་དེ་འདྲ་རང་རེད”ཅེས་གསུངས་པ་བཞིན།བོད་ཡིག་ནི་སྲོང་བཙན་སྔོན་ནས་ཡོད་པར་བཞེད།ཡོངས་གྲགས་སུ་སློབ་དཔོན་ལྷ་རིག་པའི་སེང་གེ་དང་ལི་བྱིན་གཉིས་ལས་ལཉྫ་དང་ཝརྟུ་གཉིས་ལ་དཔེ་མཛད་ནས་དབུ་ཅན་དང་དབུ་མེད་མཛད་དོ།རྒྱལ་ཁབ་གཞན་པའི་ཡི་གེ་བྱུང་ཚུལ་ཡང་འདི་ལྟ་སྟེ།རི་མོ་སྒྲ་མཚོན་ཡི་གེར་གྱུར་བའི་ཐོག་མ་ཨེ་ཅིབ་ཀྱི་གནའ་བོའི་གནའ་ཡིག་དང་རི་མོའི་སྒྱུ་རྩལ་གཉིས་བྱུང་།པྰ་ལི་སི་ཏན་གྱི་འེ་མོའི་མི་ཡིས་གཟུགས་རིས་ཀྱི་དོན་སྤངས་ནས་ཨེ་ཅིབ་གནའ་ཡིག་ལ་དཔེ་བྱས་ནས་དབྱངས་གསལ་གྱི་ཡི་གེའི་ཐོག་མ་གསར་དུ་བཟོས།ཡིག་རིགས་དེ་ལ་ཡི་གེ་ཉེར་གཉིས་ལས་མེད་ཟེར།དེ་ཡིག་རིགས་གསུམ་དུ་གྱེས།ཅ་ནན་ཡི་གེ་དང་ཞིས་ལིའི་ཡི་གེ།ཨྰ་ལ་མིའི་ཡི་གེ།གཉིས་པ་ནུབ་ཏུ་དར།གསུམ་པ་ཤར་ཕྱོགས་སུ་དར།ཞིས་ལིའི་ཡི་གེ་སྟེ་ལྰ་ཏན་ཡི་གེ་དང་སི་ལ་ཧྥའི་ཡི་གེར་གྱུར།ཨྰ་ལ་མིའི་ཡི་གེ་གཞི་བྱས་ནས་རྒྱ་གར་ཡི་གེ་དང་གནའ་རབས་སྟག་གཟུག་གི་ཡི་གེ་སོགས་བྱུང་།བོད་ཡིག་དང་ཁ་ཆེའི་ཡི་གེ་ལས་སོག་ཡིག་བྱུང་།སྟག་གཟུག་ཡི་གེ་ལས་ཞང་ཞུང་ཡི་གེ་བྱུང་བ་ལས་སྒྲ་སྦྱོར་གྱི་ཡི་གེའི་རྩ་བ་དེ་ལྟར་མངོན།རྒྱ་གར་ཡི་གེ་དང་ཞང་ཞུང་ཡི་གེ་ལས་བོད་ཡིག་གི་གཟུགས་བྱུང་བར་སྙམ།བོན་རྣམས་ལྟར་ན་སྲོང་བཙན་སྔོན་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང་།དེ་ཡང་སྟག་གཟུག་གི་སྤུངས་ཡིག་ཅེས་པ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར།དེ་སྨན་བྲག་ཏུ་འགྱུར།རིམ་བཞིན་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར།བུ་སྟོན་ཐམས་ཅད་མཁྱེན་པས།པཎ་ཊི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་བསླབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ་དང་ཨྰ་ལི་བཞི་བསྡུས་ནས་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སི་སྐུ་མཁར་མ་རུ་ནས་བཅོས།ཞེས་དང་།མཁས་པའི་དགའ་སྟོན་དུ།ནྰ་ག་ར་དང་ཁ་ཆེའི་ཡི་གེ་ལ།།དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས།།ལྷ་ཡིག་ལཉྫ་དཔེ་བྱས་དབུ་ཅན་དང་།།ཀླུ་ཡིག་དཔེ་བྱས་ཟུར་ཅན་བྱས།།ཞེས་གསུངས།།ཁྲོ་སྐྱབས་ཐུགས་རྗེས་ཆེན་པོའི་དཀར་ཆག་ལས།སྔོན་ཚེ་རྒྱལ་བོ་སྲོང་བཙན་སྒམ་པོ་ཡིས།།ཐོན་མི་སམ་པོ་རྒྱ་གར་ཡུལ་དུ་བཏང་།།པཎ་ཊི་ཏ་ལྷ་རིག་པའི་སེང་གེའི་མདུན།།ན་ག་རའམ་ལཉྫ་དཔེར་བྱས་ཏེ།།ཡིག་རིགས་མི་འདྲ་སྣ་ཚོགས་བོད་ལ་བསྒྱུར།།སུམ་རྟགས་ལ་སོགས་བསྟན་བཅོས་བཅོ་བརྒྱད་མཛད།།ཅེས་མི་མཐུན་པའི་གསུངས་ཞིག་མཆིས།དེ་བཞིན་དུ་ཐོན་མིའི་ཞལ་ལུང་ལས་ལྷ་རིག་པའི་སེང་གེ་དང་ལི་བྱིན་གཉིས་གང་ཟག་སོ་སོ་བ་མིན་ནམ་སྙམ་ཞེས་དང་ཐོན་མི་ན་ལེན་དྲར་ཕེབས་པར་བཤད་དེ།ད་སྔ་ཁུངས་བཙུན་གྱི་ཡིག་ཆ་ཞིག་མ་བྱིན་ཞེས་གསུངས་པ་ལ།དེབ་དམར་དུ་སློབ་དཔོན་ལི་བྱིན་ཞེས་པ་ཞིག་ཐོན་མིའི་དུས་བོད་དུ་སྤྱན་དྲངས་པར་གསལ་ཡང་ཐོན་མིའི་སློབ་དཔོན་ཡིན་མིན་ལ་གཟུར་གནས་བ་དག་གིས་ད་རུང་དཔྱད་དགོས།དགེ་ཆོས་ལགས་ཀྱིས།གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་བརྒྱུད་དག་གིས་སྲིད་སྐྱོང་བའི་སྐབས་སུ་བྱོན་པ་ཡིན་ཞིང།ཤིན་ཏུ་ངོ་མཚར་བ་ནི།ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརཥ་དང།ཀུ་མྰ་ར་གུ་པྟ་དང།སུརྱ་ཝརྨན་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ།ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང།ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར།ཡིག་འབྲུ་ཕལ་ཆེར་མ་བསླབས་ཀྱང་ཐོར་རེ་བ་ཞིག་ཀློག་ཐུབ་པར་འདུག།དེར་མ་ཟད་རྙིང་མའི་གཏེར་ཡིག་གི་གྲས་ཀྱི་བརྡ་ཡིག་དེ་དག་ཀྱང་གུཔྟའི་ཡི་གེ་ལ་ཤིན་ཏུ་འདྲ་བ་མང།གཞན་ཡང་ཞིབ་ཏུ་བརྟག་ཚེ།དབུ་ཅན་དབུ་མེད་གཉིས་ཀྱང་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར།དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ།སྔོན་གྱི་ཡིག་རྙིང་མང་པོ་དང།ད་ལྟ་ཡང་འབྲུག་ཡུལ་ན་དར་སྲོལ་ཆེ་བའི་ལྷོ་ཡིག་ཏུ་གྲགས་པའི་གཟུགས་རྣམས་ལ་བལྟས་ན།དབུ་ཅན་དབུ་མེད་དུ་འགྱུར་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འདུག་སྟེ།འདི་འདྲར་འདུག་ཅིང།ཡི་གེ་གཞན་རྣམས་ནི་འགྱུར་ཚུལ་གོ་སླ།དེ་ཡང་སྔ་མོའི་ཡི་གེ་ཕལ་ཆེར་ལ།བརྩེགས་མ་རྣམས་སྟེང་འོག་ཐད་ཀར་མེདཅིང།ཅུང་ཟད་སྔ་ཕྱིའི་ཚུལ་དུ་ཡོད་པ་རྒྱ་གར་གྱི་ཡི་གེ་བཞིན་དུ་སྣང་ཞིང།དབུ་མེད་ལ་ནི་ད་དུང་ཡང་ས་དང་ར་གཉིས་མདུན་དུ་བྲི་སྲོལ་ཡོད་པ་དེ་ཡིན་ལ།དེའི་ཕྱིར་ས་དང་གཉིས་མཉམ་དུ་སྤྲེལ་བ་ལས།དབུ་མེད་ཀྱི་སྤ་ཡིག་ཡ་ཡི་འདྲ་བ་ཞིག་བྱུང་དོན་ཡང་དེར་འདུག་ཅིང།གཞན་ཡང་ཡིག་མགོའི་དང་ཀྱོག་འདི་ཡང་ཨཽ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ།རྒྱ་དཔེ་རྣམས་ཀྱི་ལྡེབ་དང་པོ་ལ་ཨཽ་ཡིག་རེ་བྲི་སྲོལ་འདུག་ཅིང།རྒྱ་ཡིག་གི་ཨོ་གྱི་གཟུགས་ནི་ད་ལྟའི་བར་སྣང་འདུག་།རྙིང་མའི་གཏེར་ཆོས་དག་གི་དབུ་ལ་ཨོ་དུ་འདུག་སྙམ།གཏེར་ཚེག་བྱ་བ་དེ་ལ་ཡང།འབྲི་གུང་དཔལ་འཛིན་གྱིས།སྒྲ་མདོ་དང་འགལ་ཞེས་དགག་པ་མཛད་མོད།དེ་སྒྲ་མདོའི་རྣམ་བཅད་དུ་མི་འདུག་གི་བོད་ཡིག་རྙིང་པ་རིགས་ལ་རྐང་པའི་མཐར་ཚེག་དྲག་གཉིས་རེ་དང།འགའ་རེ་ལ་ཚིག་རེ་རེ་བཞིན་ཚེག་དྲག་གཉིས་རེའི་བར་དུ་བཙུད་པ་སོགས་ལྷ་སའི་རྡོ་རིང་ལ་ཡང་འདུག་པས་།དོན་ལ་བོད་ཡིག་རྙིང་པའི་སྲོལ་དུ་སྣང་ལ།ཚེག་སྟེང་འོག་གཉིས་མཉམ་དུ་སྦྲེལ་བ་ལས་དབུ་མེད་ཀྱི་བར་ཚེག་ནར་མོད་དེ་བྱུང་བར་འདུག།དགེ་འདུན་ཆོས་འཕེལ་ལགས་ཀྱིས་གུཔྟའི་ཡི་གེ་རིམ་གྱིས་འགྱུར་བ་ལས་ན་ག་རའི་ཡི་གེ་བྱུང་བ་དེ་བོད་ཡིག་གི་མ་ཕྱི་ཡིན་པར་བཤད་ལ།དེ་ནི་བུ་སྟིན་གྱི་དགོངས་པ་ཡིན་པར་གསུངས་མོད་བུ་སྟོན་གྱིས་མ་ཕྱི་ཁ་ཆེའི་ཡི་གེ་ཡིན་པར་གསུངས་པ་ལས་ན་ག་རའི་ཡིན་པར་གསུངས་མེད།སློབ་དཔོན་ཐོན་མིས་སློབ་དཔོན་ལྷ་རིག་པའི་སེང་གེས་ལས་ཡི་གེ་དང་གཟུགས་བསླབ་པར་སྣང་།བོད་ཀྱི་ཡི་གེ་འདི་སྲོང་བཙན་སྔོན་ནས་ཡོད་པ་ནི་ཐེ་ཚོམ་མེད་ལ་ཡི་གེའི་སྲོལ་སྟབས་བདེ་དང་འཐུས་ཇེ་ཚང་སོགས་ཀྱི་གཞི་ལ་ཡུལ་རྒྱ་གར་སོགས་ལས་མཐའ་འཁོབ་ཀྱི་ཡི་གེའི་དགེ་མཚན་མི་ཉུང་བ་ཞིག་ལས་ལེགས་འགྲུབ་བྱས་པ་ནི་བསྙོན་དུ་མེད།
  གསུམ་པ།སུམ་རྟགས་སོགས་ལས་དཔྱོད་པ།
  སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མིས་བོད་པའི་སེམས་ཁུངས་སུ་གཙང་མར་གནས་པའི་ཞང་ཞུང་གི་མར་ཡིག་ཁུངས་བྱས་ཏེ་བརྡ་སྤྲོད་སུམ་རྟགས་ཀྱི་འགྲོས་ཀྱང་ཞང་ཞུང་གནའ་སྐད་དང་མཐུན་པར་གནས།བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ་ལས།ཞང་ཞུང་གི་གནའ་སྐད་དུ་ལ་དོན་གྱི་ཕྲད་ནི་གུ་ཅུ་ད་དུ་ཏ་ཨུ་སུ་ཏུར་སུར་དང་འབྲེལ་སྒྲའི་ཕྲད་ལ་གི་གྱི་ཀྱི་འི་ཡི་ཅི་ཏི་པི་བི་ཙི་རི་སི་བཅས་འདུག་པ་ལས་སུ་ར་རུ་ཏུ་དུ་ལྔ་རྣམས་དང་ན་ལ་ལུ་ལེ་ལས་ན་ལ་སོགས་བསྡུས་བ་དང་།གི་གྱི་ཀྱི་འི་ཡི་བཅས་གནའ་དཔེ་གཞི་བྱས་ཏེ་བསྡུས་པ་ཡིན་ཞེས་པས་བདེན་ཁ་ཆེ་ན་དཔྱད་གཞི་གལ་ཆེན་དུ་འདུགའབྲུག་ཡུལ་རྒྱལ་ཁབ་གྱིས་སྤྱོད་བཞིན་པའི་རྫོང་ཁའི་ཡི་གེ་དང་བོད་ཡིག་གཉིས་ཀྱི་ཁྱད་པར་གཙོ་བོ་ཡང་ཡི་གེ་བཀླགས་ཚེ་ཕལ་ཆེར་བོད་ཡིག་དང་མཚུངས་མོད།འོན་ཀྱང་ཐ་སྙད་དང་བརྡ་སྤྲོད་ལ་ལའི་ཐོག་ཏུ་ཅུང་འདྲ་བོ་མི་འདུག་ཟེར།འོན་ཀྱང་
ངས་འབྲུག་ཡུལ་གྱི་རྩོམ་ལྟས་མ་མྱོང་རུང་གཞན་ལ་དྲིས་པས་འབྲུག་སྐད་ནང་ལ་དོན་གྱི་ཕྲད་གཅིག་ལས་མིན་འདུག དེ་ལུ་ཞེས་པའི་ཕྲད་འདི་ཡིན་ཞེས་བརྗོད་པ་སོགས་ལས་ཞང་འབྲུག་ལ་མཐུན་པའི་གནས་ཡོད་དོ།
སུམ་ཅུ་བའི་རྩ་ཚིག་ཏུ།རྗེས་འཇུག་ཡི་གེ་བཅུ་རྣམས་ལས།།ཨི་དང་མཐུན་ལུགས་འདི་བྱས་བྱ།།དང་པོ་གཉིས་ལ་དང་པོ་མཐུན།།གསུམ་ལྔ་བཅུ་ལ་གྱ་དང་སྦྱར།།ཞེས་དགོངས་དོན་རྡོ་རིང་ཡི་གེ་དང་མི་མཐུན་པའི་གཞི་ཡོད་པ་མ་ཟད།རྡོ་རིང་ངོས་སུ་དབྱངས་དང་བོ་ཕྱིར་ལོག་ཅན་མང་དུ་མཆིས་པ་འདིའང།ཐོན་མིས་ཐོག་མར་བོད་ཡིག་གསར་བཅོས་གནང་སྐབས་སུ་དབྱངས་ཨི་ཐུང་ཅན་ལ་གི་གུ་ཡི་གེའི་ཀླད་ནས་ལན་ཝར་ལྟར་དུ་ཕྱིར་ལོག་ཏུ་འབྲི་བ་ཞེས་དང་།བོད་ཀྱི་ཨི་རིང་ལ་གི་གུ་ཕར་ལོག་ཚུར་ལོག་ཙམ་གྱིས་བྱ་བ་དེ་མི་འགྲུབ་པས།ཡི་གེའི་གཤམ་དུ་འ་ཆུང་འདོགས་དགོས་པར་བཟོས།དབྱངས་རིང་པོ་མཚོན་བྱེད་དུ་ཐོན་མིས་ཡི་གེའི་གཤམ་དུ་འ་ཆུང་འདོགས་པ་ཡིན་ནམ་གི་གུ་ཕྱིར་ལོག་གི་ཚུལ་དུ་འབྲི་བ་རེད།ཡིག་རྙིང་དུ་གི་གུ་ཕྱིར་ལོག་ཡོད་པ་ནི་སྐབས་དེའི་སྐད་ཆའི་གདངས་དྲག་ཞེན་གྱི་དབང་གིས་ཕྱིར་ལོག་མ་ལོག་གི་ཁྱད་པར་ཡིན་ནམ་སྙམ།ཡིན་ན་ཐོན་མིས་རང་གི་སྐད་དང་མཐུན་པ་བྱས་པས་དེང་སང་ཡང་ཕྱིར་ལོག་མ་ལོག་གི་ཁྱད་པར་ཡོད་དགོས་པ་འདུག།དུས་ནི་མི་འགྱུར་མི་ནི་འགྱུར་བྱས་པ་ཡིན་རུང་དེ་འདྲའི་ཁྱད་ཡོད་མི་ཡིན།སྨྲ་སྒོ་ལས།དྲང་བོ་འགྲེང་དང་བཀུག་པ་དང་།།བསྟོད་པ་དང་ནི་སྨད་པ་དང་།།བསྒྲིམས་དང་གློད་པའི་ང་རོ་བྱུང།།ཞེས་དང་།རྀདང་ལྀ་གཉིས་ལ་ཡང་།ཨི་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་ན་རྀ་དང་ཨི་ཉིད་གློད་དེ་འདྲེན་པའི་དོན་ནི་ལྀ་ཡིན་པར་གསུངས་བ་ལས་དྲག་ཞེན་གཉིས་ཀྱིས་བར་ནས་རི་ལི་ཡི་འབྲི་ཚུལ་ཡིན་པར་སྣང་།རྟགས་འཇུག་རྩ་བ་ལས།ཕོ་མོ་མ་ནིང་གསུམ་དུ་དབྱེ།།ཞེས་དྲག་ཞེན་གཉིས་ཀྱིས་བར་ན་མ་ནིང་ཞེས་པ་ཞིག་ཡོད་པ་འདི་ཡིན་པར་བསམ་པས་གི་གུ་གཅིན་པུ་ལས་གཞན་གསུམ་ལ་དེ་འདྲ་མེད་པའི་རྒྱུ་མཚན་དང་།དབྱངས་མོ་གསལ་བྱེད་ཕོ་ལས།མོ་ལ་ཡང་ཤིན་ཏུ་མོ་ཞེས་པའང་བསམ་གཞིགས་ཀྱི་གནས་ཡིན་པར་འཁུམས།ས་སྐྱའི་བྱིས་འཇུག་ཏུ་ཡི་གེའི་སྐྱེ་གནས་གསལ་བོར་བསྟན་པའང་གནས་དེ་ལ་ཐུག  ཏུན་ཧོང་ཡིག་རྙིང་དང་རྡོ་རིང་།དྲིལ་བུ་སོགས་སུ་གསལ་བ་དང་།ལྷག་པར་བསམ་ཡས་རྡོ་རིང་ངོས་སུ་བྱེད་སྒྲ་སོགས་གི་གུ་ཕྱིར་ལོག་མིན་པ་དང་འབྲེལ་སྒྲ་སོགས་རྗེས་འཇུག་ཕོ་རྣམས་ལ་ཕྱིར་ལོག་བྲིས་པ་མ་གཏོགས་མཐའ་གཅིག་ཏི་མ་ངེས།ཁྲི་སྲོང་སྐབས་སུ་གི་གུ་ཕྱིར་ལོག་དགོས་པ་རྣམས་ཁྲི་ལྡེ་དང་ཁྲི་གཙུག་གི་སྐབས་སུ་མི་དགོས་པ་ཡོད་ལ།ཁྲི་སྲོང་སྐབས་སུ་གི་གུ་ཕྱིར་ལོག་མི་དགོས་པ་རྣམས་ཁྲི་ལྡེ་དང་ཁྲི་གཙུག་གི་སྐབས་སུ་དགོས་པའང་ཡོད།དུས་སྐབས་སོ་སོའི་སྐད་ཆའི་འཕེལ་འགྱུར་ལས་གདངས་དྲག་ཞེན་སོགས་ལ་འགྱུར་ཆེ་སྟེ་ཡིན་པར་སྣང་ལ་སྐས་བཅད་ལས་བཟོས་པའང་ཡིན་པར་འདུག།ད་རུང་ཡང་འཇུག་སོགས་ཀྱི་སྐབས་སུ་ཡོད་ན་འབྲི་བ་དང་མེད་ན་མི་འབྲི་བ་འདིའང་གདངས་གྲིམ་ལྷོད་ཀྱིས་དབང་གིས་ཡིན་འདུག།གཞན་ཡང་ཁྲི་སྲོང་གི་སྐབས་སུ་བཞེངས་པའི་རྡོ་རིང་ཞྦ་ལྷ་ཁང་གི་རྡོ་རིང་ལྟ་བུར་བརྟག་ན་ལ་དོན་གྱི་ཕྲད་ཏུ་ཡི་ཚབ་ཏུ་དུ་འདི་ལས་མ་མཐོང་ལ།རལ་བའི་སྐབས་ནས་བཟུང་མང་དུ་ཡོད་ལ་སྦྱོར་སྟངས་ཀྱང་རྩ་བ་མཐུན་པར་འདུག་ལ་དཔྱད་དཔྱོད་པ་དག་གིས་གཟབ་པའི་གནས་སུ་མཆིས་སྙམ།སྐད་ཆའི་ཤོད་སྟངས་དང་བརྡ་སྤྲོད་སྦྱོར་ཚུལ་གཉིས་ལ་བལྟས་ན་སྲོང་བཙན་རིང་ནས་ཐོན་པའི་ངེས་གཏན་མ་ཡིན་ལ་དེའི་ཡན་དུའང་དེ་འདྲ་ཡོད་པ་ཐེ་ཚོམ་བྱ་མི་དགོས་པར་འདུག་ལ།ལྷག་པར་དུ་ ལྷག་པར་དུ་བོད་ཀྱི་བརྡ་དག་གི་གཞུང་སུམ་རྟགས་སོགས་རྒྱ་གར་གྱི་དཔེ་ལ་བརྟེན་ནས་བརྩམས་གནང་མཛད་པ་ནི་བསྙོན་དུ་མེད།འོན་ཀྱང་སུམ་རྟགས་གཉིས་ཀྱི་རྩོམ་གཤིས་ཕྲ་རགས་ལ་བསམ་ན་ཕལ་ཆེར་དུས་མཉམ་དུ་མཛད་པར་མི་སྣང་བས།སུམ་ཅུ་བ་ལས་རྟགས་འཇུག་རྩོམ་གཤིས་ཞིབ་ཆ་ཆེ་རུ་ཕྱིན་འདུག་པས།དེའི་སྔ་ཕྱི་ལ་དཔྱད་དགོས་པར་སྙམ།གང་ལྟར་ཐོན་མིས་རྒྱ་གར་ལ་གཞི་བྱས་ཏེ་གསར་བཅོས་གནང་བ་ནི་ཤ་སྟག་རེད།སུམ་ཅུ་བའི་རྩ་བར།སྡེ་བ་ཕྱེད་དང་བརྒྱད་གནས་པ།།ཞེས་པ་ནི་བོད་པའི་སྐད་འདོགས་ལུགས་མིན་པར་རྒྱ་གར་གྱི་སྐད་ཆའི་སྦྱོར་ལུགས་ཡིན་གཤིས།ཐོན་མིའི་ཞལ་ལུང་དུ།གྲངས་ཀྱི་ཐ་སྙད་ལ་རྨོངས་པ་ལ་ལས།སྡེ་བ་ཕྱེད་དང་བརྒྱད་གནས་པ།།ཞེས་པ་མ་དག་ཅེས་སྨྲ་བ་ལ་སྡེ་བ་ཕྱེད་དང་བདུན་གནས་པ་ཡིན་དགོས།ཞེས་དེའི་རྒྱུ་མཚན་ལ་སྡེ་བ་བདུན་དང་ཕྱེད་ལས་མེད་པའི་ཕྱིར་རོ་ཞེས་པ་ནས།འདི་ཙམ་ལ་མགོ་འཁྲུག་མཁན་མང་ངོ།།ཞེས་གསུངས་མོད།ཕྱེད་དང་བརྒྱད་ཅེས་པ་ནི་རྒྱ་གར་སྐད་ཐད་བསྒྱུར་བྱས་པས་བོད་སྐད་ལ་དེ་འགྱུར་ཅུང་ཟད་མི་ལེགས་པར་གསུངས་ཏེ།སྒྲ་སྦྱོར་བམ་གཉིས་ལས།གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ།།ཞེས་འབྱུང་བ་སོགས་ནི་སྟོང་ཉིས་དང་བརྒྱ་དང་ལྔ་བཅུ་ཞེས་དང་བཀའ་ཆེམས་ཀ་ཁོལ་མ་ལས།རྒྱ་གར་མེད་པའི་ཡི་གེ་ཕྱེད་དང་དྲུག་ཡོད་ཟེར།འ་ཡིག་འཕུལ་དང་རྟེན་ལས་མི་ཐོབ་པས་ཡི་གེ་ཕྱེད་པ་དེ་འ་ཡིན་ཟེར་བ་ཡོད།ཐ་མལ་བར་བོད་ཀྱི་སྐད་ཀྱི་ལུགས་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་ལ་རང་སྐད་ལ་བདེ་བས་གྲངས་བསྡོམས་དུ་རུང་བ་རྣམས་རང་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག་ཅེས་ཆོས་རྒྱལ་གྱིས་བཀས་བཅད་པའི་དོན་ཡང་དེ་ཡིན།
  རང་མི་རིགས་ཀྱིས་ཡོད་ཚད་རྒྱ་གར་ལ་ཁུངས་བཏུགས་པ་མ་ཡིན་ལ་དོན་དངོས་དང་བསྟུན་ན་བོད་ཡིག་གི་མ་ཕྱི་རྒྱ་གར་གྱི་དབྱངས་གསལ་ཡིན་པ་ཉི་མ་ཤར་ཤར་རེད།ཡིན་ནའང་དབྱངས་གསལ་ཉི་ཤུ་ཐམ་པ་དེ་རྒྱ་གར་གྱི་སྒྲ་གཞུང་ཡིན་པ་དེའི་བརྡ་སྤྲོད་ཀ་ཙན་དབྱངས་གསུམ་སུ་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་བཞི་ཞེས་པའི་ཐ་སྙན་ཙམ་ཡང་མི་མངོན་པ་དེ་ནི་མཁས་པ་དག་གིས་གྲགས་མི་ཆེ་སྙམ་ནས་མ་བཞེས་པ་ཡིན་ནམ་ཞེས་དྲི་བའི་ཚུལ་དུ་ཞུས་པ་ཡིན།འོན་ཀྱང་མདོ་དྲན་པ་ཉེར་བཞག་ལས་དབྱངས་གསལ་ལྔ་བཅུའི་གོ་རིམ་སོགས་ཐ་སྙད་ཡོད།དེའི་ཕྱིར།ཐོན་མིས་དེ་ལས་བོད་ཡིག་འདོར་ལེན་བྱེད་སྐབས་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་གསར་དུ་བསྣན་པའམ་ཙ་ཚ་ཛ་ཝ་ཞ་ཟ་འ་སྟེ་བདུན་བསྣན་པའི་བཞེད་ཚུལ་གཉིས་ལས་ཕྱི་མར་ཅུང་དཔྱད་དགོས་པར་སྙམ།དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་དང་པོའི་ཤོག་ངོས་༢༥༡རུ་སྟོན་པ་སོགས་ཀྱི་སྐུ་དུས་ཙམ་ན་མདྷའི་ཡི་གེ་ཞེས་པའི་ནང་དུ་ཝ་ཞེས་དང་།བ་ཞེས་རྒྱ་གར་ཝ་ཡིག་རྡོ་རིང་སོ་སོར་མི་འདྲ་བ་བཞི་བྱུང་བ་དང་།བ་ཡིག་ལ་འབྲི་ལུགས་གཉིས་བྱུང་བར་བཞེད་པ་དང་།ཤོག་ངོས་༢༦༩་རུ་ཝ་ཡིག་ཀྱང་རྒྱ་སྐད་ལ་མེད་ཟེར་བ་ག་ལ་འཐད་སྙམ་ན།ཤིན་ཏུ་ཡང་འཐད་དེ།ཞེས་དང་།ཝ་ཞེས་རྐན་ངོས་ལ་བརྡར་བའི་སྒྲ་དེ་རྒྱ་སྐད་ལ་སྒྲ་ཡེ་མེད་དོ་ཞེས་གསུངས།དེ་བཞིན་མཉམ་མེད་ཙོང་ཁ་བའི་གསུང་ཐོར་བུ་ལས།ཝོ་བརྒྱལ་བྱུང་ཡང་བརྩོན་པ་བསྟེན་ན་ལེགས།།ཞེས་འོ་རྒྱལ་གྱི་ཚབ་དུ་ཝོ་བརྒྱལ་ཞེས་གནང་བ་དང་།དེང་རྩོམ་བོད་རིག་པའི་དཔྱད་གླེང་གྲོག་ཆུ་ཕྲ་མོའི་སྟངས་སྟབས་སུ།རྒྱ་གར་གྱི་སྐད་ལ་བོད་ཡིག་གི་ཝའི་སྒྲ་གདངས་གཏན་ནས་མེད་ན་ཡིག་གཟུགས་མེད་པ་བཤད་མི་དགོས།ཞེས་གླེང་གིན་འདུག ཝ་ཡིག་རྒྱ་སྐད་ལ་མི་བཞེད་པ་དགེ་ཆོས་ཀྱི་སྔོན་མེད་པའི་ལེགས་བཤད་མ་ཡིན་ཏེ། ལོ་ངོ་ཉིས་བརྒྱའི་ཡར་སྔོན་ནས་མཁས་པའི་དབང་བོ་ཆེན་མོ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་སུམ་ཊྰིཀ་ལས། དེར་མ་ཟད་རྒྱ་ཡིག་ལ་ནི་ཝ་སྒོས་སུ་མི་སྣང་བས་འདི་ཡང་བསྣན།ཞེས་གསུངས།འོ་ན་ཐོན་མིས་ཝ་ཡིག་རྒྱ་གར་གྱི་སྐད་དང་ཡིག་གཟུགས་གཉིས་ཀར་མེད་ཀྱང་བོད་ལ་མེད་མི་རུང་དུ་དགོངས་ནས་གསར་དུ་བཟོས་པ་ཡིན་ན་ང་ཚོས་དེ་ལ་མེད་ཀྱང་རུང་བའི་ཡི་གེ་གཅིག་ཅེས་ཐོན་མི་ལ་ཅོ་འདྲི་བའི་ཐ་སྙད་དེ་ཡང་མི་གདགས་པར་ངེས་སོ་ཞེས་དོགས་པ་ཞིག་ཞིག་འདུག།
  བཞི་བ།མཇུག་བསྡུ་བ།
  ཡི་གེ་ཡོད་མེད་ཀྱི་ལྟ་ཚུལ་འདི་འདྲ་གཉིས་ཆགས་པའི་རྒྱུ་མཚན་ནི་ཁོ་བོས་གོང་དུ་བཤད་པ་ལས་བློན་ཐོན་མི་དགོང་ལོ་བཅུ་དྲུག་སྟེང་འཕགས་པའི་ཡུལ་དུ་ཡི་གེ་བསླབས་དུ་སོང་།མགར་སྟོང་བཙན་གྱིས་རྒྱ་བཟའ་བོད་ལ་སྤྱི་ལོ་༦༤༡ལོར་སྤྱན་དྲངས་པ་སོགས་ནི་གདོན་མི་ཟ།དེ་ལྟ་ན་སྲོང་བཙན་དགུང་ལོ་༢༤སྟེང་རྒྱ་བཟའ་ཁབ་ཏུ་བཞེས་པས་བོད་གངས་ཅན་གྱི་ཡུལ་ན་བོད་ཡིག་ཡོད་པ་གཅིག །སྲོང་བཙན་གྱི་དུས་སུ་ཐོན་མི་དཀའ་དྲིན་ཅན་གྱིས་ཞང་ཞུང་སྨར་ཡིག་གི་རྨང་གཞི་དང་གནའ་བོའི་བོད་ཀྱི་ཡི་གེ་སོགས་གཞི་བྱས་ཏེ་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ནས་བོད་ཀྱི་ཡིག་གཟུགས་འཐུས་ཇེ་ཚང་དང་སྟབས་ཇེ་བདེར་གཏོང་བ་དང་གཉིས།བན་བོན་ ཕན་ཚུན་ལ་ཕྲག་དོག་དང་སྨོན་པ་བྱེད་པ་ནི་བསྟན་པ་འདི་གཉིས་ཀྱི་ཡང་དག་གསུང་རབ་དང་མི་མཐུན་སྟེ།སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས།ཕྲག་དོག་དབང་གིས་ཆོས་དང་གང་ཟག་ལ། །སྨོན་ན་བདག་དགེ་ཉམས་ཤིང་གཞན་སེམས་འཁྲུགས། །ཞེས་པ་དང་གསུམ།བྱ་དངོས་ཕན་ཚུན་རྟེན་འབྱུང་གི་འབྲེལ་ཡིན་པས་རང་རྐྱའི་ཚུལ་དུ་མི་གཅིག་གིས་བཟོས་ཞེ་ན་མིང་ཙམ་ལས་ལག་ལེན་ལས་དེ་འདྲ་ཞིག་མིན་པ་དང་བཞི་བཅས་ཀྱིས་སྲོང་བཙན་སྔོན་དུ་ཡི་གེ་ཡོད་པ་དང་སུམ་རྟགས་སོགས་ཀྱང་སྔ་མའི་རྗེས་བཟུང་ནས་འཐུས་ཇེ་ཚང་དང་སྟབས་ཇེ་བདེར་ཡོངས་བ་སོགས་ལས།དེང་གི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས་ཐོན་མིས་ཡི་གེ་གསར་བཅོས་མཛད་ཅེས་པ་ལ་ཤིན་ཏུ་འཐད་དོ།།།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།