གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་གསར་བཅད་གསུམ་གྱི་དུས་ཚིགས་ལ་དཔྱད་པ།

2012-06-17 17:10:00 སྤྱང་དྲང་འཚོལ། ཀློག་གྲངས། མཆན ཡོད།

  ཐོག་མེད་གོམས་པའི་བག་ཆགས་འཐིབ་པོའི་རྒྱུན།  །གང་མཚན་དྲན་པ་ཙམ་གྱིས་འཇིལ་མཛད་པ།  །མཉམ་མེད་ཐུབ་པའི་དབང་བོ་སྲས་བཅས་ལ།  །སྒོ་གསུམ་འདུད་པ་བྱང་ཆུབ་བར་དུ་གཏོང༌།  །འདི་ན་ཁུངས་བཙན་སྔོན་གྱི་ཡིག་རྙིང་དག  །མངོན་སུམ་མིག་གི་དགའ་སྟོན་གྱུར་པའི་ཚེ།  །ཐིབ་པོར་བཤད་པའི་གནས་གང་གྲགས་འབར་ཀྱང༌།  །སྨྲ་སྒོ་ལན་གཅིག་མ་ཕྱེས་རང་དབང་བྲལ།  །
    དེ་ཡང་བོད་ལ་སྐད་གསར་བཅད་མི་འདྲ་བ་གསུམ་ཇི་ལྟར་བྱུང་བའི་ཚུལ་ལ།  ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་དངོས་སློབ་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱི་《བརྡ་གསར་རྙིང་གི་རྣམ་བཞག་ལི་ཤིའི་གུར་ཁང་》ལས།  འདི་སྐད་དུ།  “བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས།  དང་པོར་བྱས་པའི་འགྱུར་རྣམས་ནི།  དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ།  སངས་རྒྱས་ཕལ་པོ་ཆེ་དང༌།  ལུང་སྡེ་བཞི་དང༌།  མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ་སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ།  །དེ་ལ་ནི།  གང་ལ་གག་དང༌།  ཅི་ཕྱིར་ལ་ཅི་རོབ་དང༌།  ཇི་སྙམ་ལ་ཇི་ལྟར་དང༌།  རྩེ་མོ་ལ་སྤྱི་བོ་དང༌།  ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང༌།  ཡང༌།  ཝཱ་ཌྷཱཾ་ཞེས་པ་བསྒྱུར་བའི་ཏེ་པོར་ནི།  དམ་པ་དང༌།  སྲ་བ་དང༌།  དྲག་པ་དང༌།  ཚབས་ཆེ་བ་རྣམས་ལ་འཇུག་པ་དང༌།  རྐྱེན་སྨན་ལ་རྐྱེན་རྩི་དང༌།  ལྟག་པ་ལ་གླག་པ་དང༌།  སྤོས་དང་སྤོས་ཕོར་ལ་པོག་དང་པོག་ཕོར་དང༌།  བསལ་བ་ལ་བསྩལ་བ་དང༌།  སོགས་པ་ལ་སྩོགས་པ་དང༌།  བསུ་བ་ལ་བསྩུ་བ་དང༌།  དྲི་བསུང་ལ་དྲི་བསྩུང་དང༌།  བསངས་པ་ལ་བསྩངས་པ་དང༌།  རྫོགས་སོ་ལ་རྫོགས་སྷོ།  གཡོགས་པ་ལ་ཡོགས་པ་དང༌།  གོ་ཆ་ལ་གོ་ཅ་དང༌།  བྲག་ཆ་ལ་བྲག་ཅ་དང༌།  རིན་པོ་ཆེ་ལ་རིན་པོ་ཅེ་དང༌།  དཀོན་མཆོག་ལ་དཀོན་ཅོག་དང༌།  རིན་ཆེན་ལ་རིན་ཅེན་དང༌།  ཁྱིམ་ལ་སྡུམ་པ་དང༌།  བུས་ལ་དབུང་དང༌།  འགྲོ་བ་ལ་བགོམ་པ་དང༌།  གྲུབ་པ་ལ་རེད་པ་དང༌།  འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་ལ་སོགས་པ་མང་སྟེ།  རྒྱས་པར་གསུང་རབ་ལས་ཤེས་པར་བྱའོ།  །ཡང༌།  དེ་དག་ཏུ་ད་དྲག་དང༌།  དཔྱིད་སླ་ར་བ་སོགས་དང༌།  དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང༌།  ཡང༌།  མྱེད།  མྱིན་སོགས་ཡ་བཏགས་པ་དང༌།  རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ།  །གཉིས་པ་སྐད་གསར་བཅད་ལ་ནི་དེ་དག་གི་ཟླས་དྲངས་པ་ཇི་སྐད་བཤད་པ་རྣམས་དང༌།  གཞན་ཡང་གསུང་རབ་ལ་གྲགས་པའི་མིང་ཕལ་ཆེ་བ་རྣམས་སོ།  །བཀས་བཅད་གཉིས་པོ་དེ་ནི་མངའ་བདག་ཁྲི་རལ་བ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པ་ཡིན་ནོ།  །
    བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཅེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང༌།  སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་པ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན་ལ།  ལོ་ཆེན་གྱིས་ནི།  གཉི་ཟླ་ལ་ཉི་ཟླ་དང༌།  བསྟན་བཅོས་ལ་བསྟན་ཆོས་དང༌།  སྟུག་པོ་ལ་འཐུག་པོ་དང༌།  ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ།  གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང༌།  བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང༌།  བཀས་བཅད་བར་བ་བཞིན་དུ་གནས་པ་མང་ཞིང༌།  དེ་དག་གི་བརྡའི་ཁྱད་པར་གསུང་རབ་རྣམས་སུ་འབྱུང་བ་འདི་སྙེད་ཅིག་མཆིས་ཏེ།  ཀྭ་དང་གག་ནི་ཀྱེ་དང་གང༌།  སྐྱོར་སྐྱོར་ནི་ཡང་ཡང༌།  བླ་འོག་ནི་སྟེང་འོག  བླ་སྐྱལ་ནི་མི་ཟད་པ།  རྩ་ལག་ནི་གཉེན།  གཉའ་བོ་ནི་རིང་བོ།  རིད་པ་དང་སྦེག་པ་ནི་དངོས་ངན་པ་དང་ཤ་ཆུང་བའམ་སྐེམ་པ།  གྱ་བ་ནི་ཉམས་པ།  གྱག་པ་ནི་བརླག་པ་”ཞེས་སོགས་གསུངས་སོ།  །
    དེའི་གྲུབ་དོན་ནི་སྐད་གསར་བཅད་དང་བོ་མངའ་བདག་ཁྲིའ་སྲོང་གི་སྐུ་དུས་དང༌།  གཉིས་པ་ཁྲི་རལ་བ་ཅན་གྱི་དུས་དང༌།  གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་དུས་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་བོ་ནས་སྙིགས་དུས་སྐད་གཉིས་སྨྲ་བ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་བོའི་དབར་དུ་འཇོག་པ་གྲུབ་བོ།  །དེ་ལྟར་བསྟན་པས་ཕྱིས་ཀྱི་ཡིག་ཆ་གང་མང་ཞིག་ཏུ་དེ་ལྟར་གླེང་མཁན་མི་ཉུང་བ་ཞིག་བྱུང༌།  མཁས་དབང་དུང་དཀར་ཚང་གིས་སྒྲ་སྦྱོར་བམ་གཉིས་གཟིགས་པར་བརྟེན་རལ་བ་ཅན་གྱི་སྐད་གསར་བཅད་དེ་ཡར་བསྣུར་ནས་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཞག་ཀྱང༌།  གསར་བཅད་གསུམ་པ་མིང་ཙམ་ཡང་མ་བྱུང༌།  བབ་ལ་བརྟགས་ན་ལི་གུར་གྱི་རྗེས་སུ་གོམ་ཁ་སྤོ་མགོ་ཚུགས་ཡོད་དོ།  །རྒྱལ་མོ་འབྲུག་པས།  “སྒོས་སུ་བཀས་བཅད་སྔ་མ་གཉིས་རྒྱལ་པོ་སུའི་སྐབས་སུ་བྱུང་བའི་སྐོར་ལ་འདོད་ཚུལ་སྣ་ཚོགས་ཤིག་མཆིས་པས།  འདིར་ཁོ་བོ་ནི་དེང་གི་མཁས་པ་ཚོས་བཀས་བཅད་དང་པོ་ཁྲི་སྲོང་ལྡེ་བཙན་དང་བར་བ་བཙན་པོ་འདི་པའི་རིང་བྱུང་བར་བཤད་པ་དེར་འཐད་”ཅེས་ཁྲི་རལ་ཅན་གྱི་སྐད་གསར་བཅད་དེ་རྒྱལ་སྲས་ལྡིང་ཁྲིའི་སྐལ་བར་བཞག་པ་ཙམ་ལས།  སྐད་གསར་བཅད་གསུམ་པ་གང་དུ་བྱུང་མིན་ལ་དོགས་པ་ཙམ་ཡང་སྐྱེ་མེད་པ་འདྲ།  རྒྱུ་མཚན་ཁོས་“བོད་སིལ་བུའི་སྐབས་འདི་དག་ལ་སྔ་ཕྱི་བསྡོམས་པའི་བོད་ཀྱི་མཁས་པ་མི་གྲངས་བརྒྱ་དང་དྲུག་ཅུ་ཡས་མས་རྒྱ་གར་ལ་སློབ་གཉེར་དུ་ཕེབས་ཤིང་རྒྱ་གར་གྱི་ལོ་པཎ་མི་གྲངས་བདུན་ཅུ་ལྷག་བོད་ལ་བྱོན་ནས་ཆོས་དང་རིག་གནས་སྤེལ་བ་ཡིན་ལ།  སྐབས་དེའི་མཛད་རྗེས་འབུར་དུ་ཐོན་པ་ཞིག་ནི་ལོ་པཎ་དེ་དག་གིས་རྒྱལ་བའི་བཀའ་དང་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ལ་གསར་བསྒྱུར་དང་འགྱུར་བཅོས་མཛད་དེ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཐོག་བསྟན་པ་གསལ་ཞིང་རྒྱས་པར་སྤེལ་”ཞེས་བཤད་པས་ཤེས་ནུས་ལ།  འདིས་ཀྱང་《སྒྲ་སྦྱོར་བམ་གཉིས་》ཙམ་ནི་མཐོང༌།  《དཀར་ཆག་འཕང་ཐང་མ་》ནི་གཏན་མ་མཇལ་བའམ་མཇལ་ཀྱང་སྣང་ལ་མ་ངེས་པར་གྱུར་པ་རྟོགས་ཐུབ་བོ།  །
    དེས་ན་ཁོ་བོས་ནི་བོད་བཙན་པོའི་དུས་སུ་བྱུང་བའི་《དཀར་ཆག་ལྡན་དཀར་མ།》  ཡང་ལུངས་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པའི་《དཀར་ཆག་འཕང་ཐང་མ།》  ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བྱུང་བའི་《སྒྲ་སྦྱོར་བམ་པོ་གཉིས་པ་》བཅས་ལ་རྟོག་དཔྱོད་འཁྱུག་ཙམ་བྱས་ན།  གདོན་མི་ཟ་བར་རྣམ་རྟོག་འདི་ལྟར་འཆར་ཏེ།  《སྒྲ་སྦྱོར་བམ་གཉིས་》སུ།  “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་ས་ཏྭ་དང༌།  ཡེ་ཤེས་དབང་པོ་དང༌།  ཞང་རྒྱལ་ཉེན་ཉ་བཟང་དང༌།  བློན་ཁྲི་བཞེར་སང་ཤི་དང༌།  ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང༌།  ཅེ་ཁྱི་འབྲུག་དང༌།  བྲམ་ཟེ་ཨཱ་ནནྟ་ལསོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང༌།  བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ།  མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”  ཞེས་སོགས་བྱུང་བའི་ལྷ་སྲས་ཡབ་ནི་ཁྲི་སྲོང་ལྡེ་བཙན་ལ་མཛུབ་གུ་མི་གཏོད་པར་སུ་ཞིག་ལ་གཏོད།  རྒྱུ་མཚན་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་ཡབ་ནི་ཁྲི་སྲོང་ལྡེ་བཙན་ལས་གཞན་མ་ཡིན་པས་སོ།  །རྒྱལ་བོ་འདིའི་རིང་ལ་བཀས་བཅད་དང་བོ་མཛད་པར་ལོ་རྒྱུས་ཡོངས་གྲགས་ཡིན་ལ།  ལི་གུར་དུའང༌།  “བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས།  དང་པོར་བྱས་པའི་འགྱུར་རྣམས་ནི།  དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ།”  ཞེས་ཀྱང་འབྱུང་ངོ༌།  །
    ཡང་《སྒྲ་སྦྱོར་བམ་པོ་གཉིས་པ》ར།  “རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས།”  ཞེས་དང༌།  མཇུག་ཏུ།  “ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ།  རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ།  སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང༌།  གཏན་ལ་མ་ཕབ་པ་ལ།  མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ།  ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ་རྫོགས་སོ།  །”ཞེས་སོགས་བྱུང་བས་ནི་ཁྲི་ལྡེ་སྲོང་བཙན་ནམ་རྒྱལ་སྲས་ལྡིང་ཁྲིའི་དུས་ཡིན་པ་གསལ་ཞིང༌།  སད་ན་ལེགས་མཇིང་ཡོན་གྱི་སྐབས་ཡིན་པར་ར་སྤྲོད་ནུས་ཏེ།  དེས་ན་《ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ།》  《ཞྭ་ལྷ་ཁང་གི་རྡོ་རིང་》སོགས་ལོ་རྒྱུས་ཁུངས་ཐུབ་དུ་མས་གྲུབ་པ་ལྟར་ཁྲི་ལྡེ་སྲོང་བཙན་ནི་སད་ན་ལེགས་མཇིང་ཡོན་ཡིན་པར་ཡང་ད་ལྟ་ཕལ་ཆེར་རྩོད་མེད་དུ་གྱུར་འདུག་པ་ལྟར་རོ།  །དེས་ན་“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་ས་ཏྭ་”“ལསོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་”པར་དཔགས་ན་གསར་བཅད་དང་བོ་ནི་བྱུང་ཟིན་ཅིང༌།  སྤྱིར་ཡང་སྐད་གསར་བཅད་དང་བོ་ཁྲི་སྲོང་གི་དུས་ལ་འཇོག་མིན་ལ་རྩོད་པའང་མེད་འདྲ།  སྐབས་བབ་ཀྱི་གསར་བཅད་འདིའང་བཙད་པོ་འདིའི་རིང་ལའང་“བཀས་བཅད་དེ་མི་བཅོས་པར་བཞག་”པས་སྐད་གསར་བཅད་གཉིས་པ་ཡིན་པར་རང་བཞིན་གྱིས་འགྲུབ་བོ།  །
    《དཀར་ཆག་འཕང་ཐང་མ་》ལས།  “བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌།  གཟུངས་ཆེ་ཕྲ་དང༌།  མདོ་སྡེའི་ཏི་ཀ་དང༌།  འདུལ་བ་དང༌།  བསྟན་བཅོས་ཆེ་ཕྲ་དང༌།  བསྟན་བཅོས་ཀྱི་ཏི་ཀ་ལསོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང༌།  བམ་པོ་དང༌།  ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས།  སླད་ཀྱིས་ཁྱི་ལོ་ལ་བཙན་པོ་ཁྲི་རལ་བ་ཅན་ཡར་ཀླུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན།”  ཞེས་དང༌།  མཇུག་བྱང་དུ།  “བོད་ཡུལ་དུ་དམ་པའི་ཆོས་སྒྱུར་འཕྲོ་བསྒྱུར་ནས་ཞུ་ཆེན་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ལྷ་སྲས་ཁྲི་གཙུག་ལྡེ་བཙན་རལ་བ་ཅན།”  ཞེས་ཤོག་དྲིལ་ཆེན་པོའི་སྨད་ཀྱི་སྐུའི་ཁ་བྱང་དུ་འབྱུང་བའི་ལུང་ལས་དཔགས་ན་སྐད་གསར་བཅད་གསུམ་པ་བཙན་པོ་ཁྲི་རལ་བ་ཅན་ནམ་ཁྲི་གཙུག་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བར་བདེ་བླག་ཏུ་གྲུབ་བོ།  །
    གཞན་ཡང་ནེལ་པ་པཎྜི་ཏའི་ཆོས་འབྱུང་དུའང༌།  ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་གཉི་གའི་སྐབས་སུ་གསར་བཅད་ཀྱིས་གཏན་ལ་ཕབ་པར་གསུངས་ཤིང༌།  སྐད་གསར་བཅད་དང་བོ་དང་གཉིས་པ་སོགས་ཀྱི་ཐ་སྙད་མ་བཏགས་ཙམ་མོ།  །
    དེས་ན་སྐད་གསར་བཅད་གསུམ་པོ་ཇི་ལྟར་བྱས་ཤེ་ན།  འདི་ལྟ་སྟེ།  སྐད་གསར་བཅད་དང་བོ་ནི།  ལྷོ་བྲག་ཆོས་འབྱུང་ལས།  “སྤྱིར་ཁྲི་སྲོང་དུས་ཀྱི་དཀར་ཆག་ལྡན་དཀར་མ་”ཞེས་བྱུང་བ་ལྟར་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་སྟེ་《དཀར་ཆག་ལྡན་དཀར་མ་》རང་གི་དབུར།  “ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།  །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ལ་སོགས་ཏེ།  བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་ནས།  འབྲུག་གི་ལོ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན།  སྒྲ་བསྒྱུར་གྱི་བན་དེ་དཔལ་བརྩེགས་དང༌།  བན་དེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌།  གཟུངས་ཆེས་ཕྲ་དང༌།  མཚན་བརྒྱ་རྩ་བརྒྱད་དང༌།  བསྟོད་པ་དང༌།  སྨོན་ལམ་དང༌།  བཀྲ་ཤིས་དང༌།  འདུལ་བའི་སྡེ་སྣོད་དང༌།  མདོ་སྡེའི་ཊི་ཀ་དང༌།  དབུ་མའི་བསྟན་བཅོས་དང༌།  བསམ་གཏན་གྱི་ཡི་གེ་དང༌།  རྣམ་པར་ཤེས་པའི་བསྟན་བཅོས་དང༌།  ཏར་ཀའི་གཞུང་དང་ཤོ་ལོ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ།”  ཞེས་འབྱུང་བ་ལྟ་བུའམ།  《སྒྲ་སྦྱོར་བམ་གཉིས་》སུ།   “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་ས་ཏྭ་དང༌།  ཡེ་ཤེས་དབང་པོ་དང༌།  ཞང་རྒྱལ་ཉེན་ཉ་བཟང་དང༌།  བློན་ཁྲི་བཞེར་སང་ཤི་དང༌།  ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང༌།  ཅེ་ཁྱི་འབྲུག་དང༌།  བྲམ་ཟེ་ཨཱ་ནནྟ་ལསོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་”ཞེས་འབྱུང་བ་ལྟར་རོ།   །
    སྐད་གསར་བཅད་གཉིས་པ་ཇི་ལྟར་བྱུང་བའི་ཚུལ་ནི།  《སྒྲ་སྦྱོར་བམ་གཉིས་》ལས།  “རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས།  སྟོད་སྨད་ཀྱི་དམག་གསར་རྙིང་དང༌།  ཀུན་ཆེན་བཏུས།  གར་ལོག་གི་ཕོ་ཉས་ཕྱག་བཙལ།  བློན་ཆེན་པོ་ཞང་ཁྲི་གཟུང་རམ་ཤགས་དང༌།  བློན་མང་རྗེ་ལྷ་ལོད་ལ་སོགས་པས་རྒྱ་ལས་མནངས་མང་པོ་བཅད་དེ།  རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་དུ་ཕུལ་ནས།  ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ།  གཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང༌།  སུ་རེནྡྲ་བོ་དྷི་དང༌།  ཤཱི་ལེནྡྲ་བོ་དྷི་དང༌།  དཱ་ན་ཤཱི་ལ་དང༌།  བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌།  དྷརྨྨ་ཏཱ་ཤཱི་ལ་དང༌།  ལོཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང༌།  ཛ་ཡ་རཀྵི་ཏ་དང༌།  མཉྫུ་ཝརྨ་དང༌།  རེནྡྲ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ།  ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་དུ་རུང་བར་གྱིས་ཤིག  ཅེས་བཀའ་སྩལ་ནས།  སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་ས་ཏྭ་དང༌།  ཡེ་ཤེས་དབང་པོ་དང༌།  ཞང་རྒྱལ་ཉེན་ཉ་བཟང་དང༌།  བློན་ཁྲི་བཞེར་སང་ཤི་དང༌།  ལོ་ཙྪ་བ་ཛྙཱ་ན་དེ་བ་ཀོ་ཥ་དང༌།  ཅེ་ཁྱི་འབྲུག་དང༌།  བྲམ་ཟེ་ཨཱ་ནནྟ་ལསོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང༌།  བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ།  མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།  སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་མནན་ནས་ཐེག་པ་ཆེ་ཆུང་ལས་ཇི་ལྟར་འབྱུང་བ་དང༌།  གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང༌།  བ་སུ་བནྟཱུ་ལསོགས་པས་ཇི་ལྟར་བཤད་པ་དང༌།  བྱཱ་ཀ་ར་ཎའི་ལུགས་ཇི་ལྟར་འདྲེན་པ་དང་ཡང་བསྟུན་ཏེ་མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས།  སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་བར་བགྱིས་ཏེ་མིང་དུ་བཏགས།  སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ།  མིང་དུ་བཏགས་ནས་བཙན་པོའི་སྤྱན་སྔར་བན་དྷེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ།  རྗེ་བློན་གདན་འཛོམས་པ་ལ་ཞུས་ནས།  དྷརྨ་བསྒྱུར་བའི་ཐབས་དང༌།  རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ།  བཀས་བཅད་པ།  དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག  དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམས་ལས་མི་བསྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག  བསྣོར་ན་བདེ་ཞིང་གོ་བ་སྐྱེད་པ་ཅིག་ཡོད་ན།  ཚིགས་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ།  ཚིགས་སུ་བཅད་པ་གཅིག་ནང་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག  རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དོན་གཉི་ག་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག  སྐད་གཅིག་ལས་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག  ཀཽ་ཏ་མ་ལྟ་བུ་ཀཽའི་སྒྲ་ལས་ཚིག་དང་ཕྱོགས་དང་ས་དང་འོད་དང་རྡོ་རྗེ་དང་བ་ལང་དང་མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང༌།  ཀཽ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང༌།  མཁས་པ་དང༌།  པདྨ་ལ་དགའ་བ་དང༌།  འུག་པ་དང༌།  མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན།  སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ།  བསྒྱུར་བ་རྣམས་གཅིག་གི་ནང་ནི་སྣ་གྲངས་དེ་ཀུན་འདུ་བར་ཡང་མི་བཏུབ་སྟེ།  གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག  གར་ཡང་དྲང་དུ་རུང་བའི་ཚིག་གཅིག་བྱུང་ན་ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག  ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལསོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌།  འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི།  སྒྲ་འོ་ལེ་ཙམ་བསྒྱུར་དུ་བཏུབ་ཀྱང་དོན་ལ་ཐེ་ཚོམ་ཟ་བ་རྣམས།  མགོ་ལ་ཡུལ་ཞེའམ།  མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག  གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལསོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་བསྒྱུར་ན།  དོན་དང་ཡང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས།  གྲངས་བསྡོམ་དུ་རུང་བ་རྣམས་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག  པ་རི་དང་སམ་དང་ཨུ་པ་ལྟ་བུ་ལ་སོགས་ཏེ།  ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་པ་རྣམས་ནི།  ཡོངས་སུ་ཞེའམ།  ཡང་དག་པ་ཞེའམ།  ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག  དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི།  ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག  རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམ་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ།  །འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལསོགས་པ་ལ་ཞེ་ས་དང་རྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ་ཞེས་སའི་ཚིག་ཏུ་བསྒྱུར།  གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱ་སྟེ།  སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར།  མཁན་པོ་དང་ལོ་ཙྪ་བ་མཁས་པ་འཚོགས་པས།  དར་མ་འཕགས་པ་དཀོན་མཆོག་སྤྲིན་དང༌།  འཕགས་པ་ལང་ཀར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག  སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས།  སོ་སོ་ནས་སུའང་འཆོས་ཤིང༌།  འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས།  བསྒྱུར་བ་དང་འཆད་པའི་གྲ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང༌།  སོ་སོའི་གྲ་གྲར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ།  ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང༌།  དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ།  སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ།  །སྔགས་ཀྱི་རྒྱུད་རྣམས་གཞུང་གིས་ཀྱང་གསང་བར་བྱ་བ་ཡིན་ཏེ།  སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་པར་ཡང་མི་རུང་ལ།  བར་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང༌།  ལྡེམ་པོ་ངག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་བྱུང༌།  སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱིས།  ཕྱིན་ཆད་གཟུངས་སྔགས་དང་བླ་ནས་བཀའ་སྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་པ།  སྔགས་ཀྱི་རྒྱུད་དང༌།  སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ༌།  །”ཞེས་དང༌།  སྒྲ་སྦྱོར་བམ་གཉིས་ཀྱི་མཇུག་གི་གསལ་བཤད་ལས།  “ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ།  རྗེ་བློན་མོལ་ནས་རེག་ཟིད་དུ་མཛད་པ།  སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང༌།  གཏན་ལ་མ་ཕབ་པ་ལ།  མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ།  ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ་རྫོགས་སོ།  །
    བཀས་བཅད་པ་བླ་དཔེ་བཞིན་བྲིས་པ་གཞན་གྱིས་ཀྱང་དེ་བཞིན་དུ་ཟུར་མ་བཅོས་སོ།  །སྒྲ་སྦྱོར་བམ་པོ་གཉིས་པའོ།  །
    རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌།  སུ་རེནྟ་བོ་དྷི་དང༌།  དཱ་ན་ཤཱི་ལ་ལསོགས་པ་དང༌།  བོད་ཀྱི་ལོ་ཙྪ་བ་རཏྣ་རཀྵི་ཏ་དང༌།  དྷརྨྨ་ཏཱ་ཤཱི་ལ་དང༌།  ཛ་ཡ་རཀྵི་ཏ་ལསོགས་པས་སྐད་དཀའ་བ་རྣམས་བཀས་བཅད་པ་ཐོག་ཐག་བཤད་པའོ།   །”ཞེས་(སྔོན་གྱི་དཔེ་རྙིང་ཞིག་སློབ་དཔོན་མཁས་པ་རྒྱང་རོང་བ་བྱང་ཆུབ་འབུམ་གྱི་ཕྱག་ཏུ་བྱོན་པ་ལ་ཕྱི་མོ་བགྱིས་ནས་བཙུན་པ་གནམ་ལྕགས་ཀྱིས་བྲིས་པའོ)གསུངས་པ་ལྟར་རོ།  །
    སྐད་གསར་བཅད་གསུམ་པ་ཇི་ལྟར་བྱུང་ཞེ་ན།  《དཀར་ཆག་འཕང་ཐང་མ་》ལས།  “བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང༌།  གཟུངས་ཆེ་ཕྲ་དང༌།  མདོ་སྡེའི་ཏི་ཀ་དང༌།  འདུལ་བ་དང༌།  བསྟན་བཅོས་ཆེ་ཕྲ་དང༌།  བསྟན་བཅོས་ཀྱི་ཏི་ཀ་ལསོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང༌།  བམ་པོ་དང༌།  ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས།  སླད་ཀྱིས་ཁྱི་ལོ་ལ་བཙན་པོ་ཁྲི་རལ་བ་ཅན་ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན།  སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང༌།  བན་དྷེ་ཆོས་ཀྱི་སྙིང་པོ་དང༌།  ལོ་ཙ་བ་བན་དྷེ་དེ་བེན་ཏྲ་དང༌།  བན་དྷེ་ལྷུན་པོ་ལསོགས་པའི་གཡར་སྔར་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ།  སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས།  དྷ་རྨར་ཡང་བསྟུན་ནས།  དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང༌།  སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས།  བོད་ཁམས་སུ་དྷ་རྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་དང༌།  བམ་པོ་དང༌།  ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ།”  ཞེས་གསུངས་པ་ལྟར་སྐད་གསར་བཅད་དག་གིས་གཏན་ལ་ཕབ་པ་ཡིན་ཅིང༌།  བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས།  “གཙོ་བོ་ནི་བརྡ་སྤྲོད་ལུགས་སྒྲ་གཞུང་དང་མཐུན་དགོས་པ་དང༌།  ཆོས་གཞུང་ལས་བྱུང་བའི་བརྗོད་བྱའི་དོན་དང་འགལ་མི་རུང་བ་དང༌།  བོད་མི་རང་གིས་གོ་བདེ་བ་ཞིག་ཡིན་དགོས་པ་སྟེ་སྒྱུར་ལུགས་ཀྱི་རྩ་དོན་ཆེན་པོ་གསུམ་དང༌།  དེ་མིན་སྒྲ་བསྒྱུར་དང་དོན་བསྒྱུར་ཐད་བསྒྱུར་ལོག་བསྒྱུར་ཏེ་སྒྱུར་བའི་ཐབས་དམ་པ་བཞི་དང༌།  གཞན་ཡང་བསྒྱུར་སྐབས་དང་འགྱུར་ནས་སུ་ཡིད་འཇོག་བརྩི་སྲུང་བྱེད་དགོས་པའི་དོན་ཚན་དུ་མ་དང་བཅས་གཏན་ལ་ཕབ་”ཅེས་འབྱུང་བ་ལྟར་ཤེས་པར་བྱའོ།  །དེ་ལྟར་གཏན་ལ་དབབ་པའི་རྗེས་སུ་སྐད་གསར་བཅད་དེ་དག་གི་རིམ་པ་དང༌།  དུས་ཚིགས་གང་དག་ཏུ་བྱུང་སྙམ་ན།  དང་བོ།  ལྷ་སྲས་ཡབ་ཀྱིས་སྲིད་ལོའི་(755-797)ནང་དུ་འབྲུག  (ཤིང་འབྲུག764  མེ་འབྲུག776   ས་འབྲུག788)གསུམ་བྱུང་བའི་གང་རུང་ཡིན་པ་དང༌།  
    གཉིས་པ།  དེང་རབས་ལོ་རྒྱུས་སྨྲ་བ་ཁག་གཅིག་གི་འདོད་པ་གཙིགས་པར་གཟུང་ན།  ཕྱི་ལོ་814ལ་འདོད་ཅིང༌།  སྤྱིར་བཙན་པོ་ཁྲི་ལྡེ་སྲོང་བཙན་སྲིད་ལོའི་(798-815)ནང་དུ་རྟ་(ཤིང་རྟ་802  ཆུ་རྟ་814)གཉིས་བྱུང་བའི་གང་རུང་ཡིན་པ་དང༌།  
    གསུམ་པ།  བཙན་པོ་ཁྲི་རལ་བ་ཅན་གྱི་སྲིད་ལོའི་(815-836)ནང་དུ་ཁྱི་(ས་ཁྱི་818  ལྕགས་ཁྱི་830)གཉིས་བྱུང་བ་གང་རུང་ཡིན་ནོ།  །
    དེས་ན་ཕྱིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བསྐུལ་ནས།  ལོ་ཙཱ་བ་རིན་ཆེན་བཟང་བོ་ནས།  ལོ་ཙཱ་བ་ཆེན་པོ་དྷརྨྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཀྱིས་སྐད་གསར་བཅད་མཛད་པ་ནི།  བརྡ་གསར་རྙིང་གི་རྣམ་བཞག་གཙོ་བོར་མཛད་པས་བརྡ་སྤྲོད་པའི་རིག་པ་གཏན་ལ་ཕབ་པ་ཞིག་ཡིན་ལ།  ཞིབ་པར་གོང་དུ་ལི་གུར་ལས་བྱུང་བ་ལྟར་དང༌།  དག་ཡིག་ཟ་མ་ཏོག་བཀོད་པ་སོགས་ལས་ཤེས་པར་བྱའོ།  །འོན་ཀྱང་འདི་ལ་སྐད་གསར་བཅད་ཀྱི་ཐ་སྙད་ཐོབ་མིན་དཔྱད་པར་བྱ་བའང་ཡིན་ལ།  ཡང་ན་སྐད་གསར་བཅད་བཞི་བར་བགྲང་ན་འོས་སམ་སྙམ།  གང་ལྟར་སྐད་གསར་བཅད་གསུམ་པར་ནི་འཇོག་མི་འོས་ཏེ།  གོང་དུ་དྲངས་པ་དེ་དག་གིས་གནོད་པའི་ཕྱིར་རོ།  །
    ཡང་ན་འདི་ལྟར་བལྟ་བར་བྱ་སྟེ།  ལོ་ཙཱ་ཆེན་པོ་ཆོས་སྐྱོང་བཟང་བོས།  “ཆོས་རྒྱལ་རལ་བ་ཅན་གྱི་དུས།  །སྐ་ཅོག་ཞང་གསུམ་མཁས་མང་གིས།  །རྒྱལ་བོའི་བཀས་བསྐུལ་གསར་བཅད་ཀྱི།  །སྐད་ཀྱི་བརྡ་སྦྱར་གཏན་ལ་ཕབ།  །སླད་ནས་རིན་ཆེན་བཟང་བོ་དང༌།  །བློ་ལྡན་ཤེས་རབ་ལ་སོགས་པ།  །མཁས་མཆོག་རྣམས་ཀྱིས་དེ་ལ་བརྟེན།  །”ཞེས་གསུངས་པ་ལྟར།  དེ་ལ་བརྟེན་པ་ཙམ་ལས་སྐད་གསར་བཅད་དངོས་མིན་པར་འཇོག་དགོས་སོ།  །
    གཞན་བཀས་བཅད་ཆེན་པོ་གསུམ་ནི་འདི་དང་མི་འདྲའོ།  །དེ་ཡང་མངའ་བདག་ཁྲི་རལ་ཅན་གྱི་སྐབས་སུ་གསུམ་ག་འབྱུང་བར་འདོད་པ་དང༌།  ཆོས་རྒྱལ་ཆེན་པོའི་སྐབས་སུ་གཉིས་དང༌།  ཁྲི་རལ་ཅན་གྱི་སྐབས་སུ་གཅིག་སྟེ་གསུམ་དུ་བཞེད་པ་བྱུང་ཡང་གཞན་དུ་དཔྱད་པར་བྱའོ།  །
    སྨྲས་པ།   གསར་བཅད་སྐད་ཀྱི་བྱུང་བ་རྣམ་གསུམ་དེ།  །ལག་སོར་དུས་རབས་འགྲོས་ཀྱིས་ཆོད་ན་ཡང༌།  །རིམ་གསུམ་དཀར་ཆག་མ་ཉམས་ད་དུང་ཡང༌། །མིག་གི་དཔྱིད་དུ་འབར་བས་གློ་བ་དགའ།  །མཁས་པ་སྐྱོགས་སྟོན་འཆུག་པར་བཞེད་དཀའ་ཞིང༌། །རིན་བཟང་གསར་བཅད་མཁན་ལས་འཕུད་དཀའ་ཡང༌།  །སྒྲ་སྦྱོར་བམ་གཉིས་དཀར་ཆག་འཕང་ཐང་སོགས།  །རྩ་ཆེན་ལོ་རྒྱུས་བྱེ་བའི་རྒྱབ་དཔུང་བརྟན།  །མཁས་བཙུན་ལང་ཚོས་དྲེགས་པའི་འདུན་ས་རུ།  །གང་གང་འཆལ་བའི་རྣམ་རིག་ཅི་མཆིས་པ།  །ངག་གི་སྒྱུ་རྩལ་ཙམ་ཞིག་མ་ཡིན་པར།  །གཞི་དབྱིངས་རིག་པའི་ངང་དུ་བཟོད་པར་གསོལ།  །འདི་བགྱིས་རྣམ་དཀར་ལས་ལ་གང་རེག་པ།  །ཐོག་མེད་ཕ་མས་དྲངས་པའི་ཡིད་ཅན་ཀུན།  །བདེ་ཆེན་ཞིང་གི་དགའ་སྟོན་ལོངས་སྤྱོད་ནས།  །འབྲས་བུའི་གཏན་སྲིད་ཟིན་པའི་རྒྱུ་རུ་བསྔོ།  །
                                          ཞེས་བོད་རབ་གནས་ལྕགས་ཡོས་ལོའི་ཟླ་༡༡ཚེས་༡༤ལ།  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།