གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡༢

2012-05-31 12:34:00 ཨ་རྡོར། ཀློག་གྲངས། མཆན ཡོད།


  ཡོད་འཛིན་ལས་ལྷག་པའི་བདེན་འཛིན་ཞིག་འཇིག་རྟེན་སུ་ལ་ཡང་མེད། སུ་ལ་ཡང་ཆ་རྒྱུས་མེད་པའི་བདེན་ཚད་དེ་རང་བཟོ་ཡིན། དེ་འདྲའི་བདེན་གྲུབ་དེ་མེད་པར་རྟོགས་ཀྱང་དགོས་ནུས་སྤུ་ཙམ་མེད་དེ། དེས་ཉོན་མོངས་སྐྱེ་བའི་སྒོ་ཅུང་ཙམ་ཡང་མི་ཁེགས་པའི་ཕྱིར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གྲོགས་པོར་མཚན་མར་ཞེན་པའི་བདེན་འཛིན་དང༌། །གྲོགས་ཀྱིས་ཕན་པར་རྟོགས་པའི་ཚད་མ་གཉིས། །སྲེད་པ་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། །དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང༌། །དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། །ཞེ་སྡང་བསྐྱེད་ལ་ཁྱད་པར་ཅི་ཡང་མེད། ཅེས་གསུངས་པ་འདིས་ཁྱེད་ཅག་གི་གྲུབ་མཐའ་དེའི་སྙིང་དམར་དམར་པོ་དེ་ཁྲོམ་བསྒྲགས་བྱས་ནས་བསྟན་མི་འདུག་གམ། ད་དུང་ཧ་མ་གོ་ན་ཞེ་སྡང་ཅན་གྱི་མི་ཞིག་ལ། ཁྱོད་རང་དགྲ་བོའི་ཐོག་ཏུ་ཞེ་སྡང་ལངས་པ་ཡིན་ནམ། ཡང་ན་བདེན་གྲུབ་ཀྱི་ཐོག་ཏུ་ཞེ་སྡང་ལངས་པ་ཡིན། ཞེས་བཀའ་འདྲི་ཞིག་གནོངས་དང་བློ་སྐྱེད་ཡོད་པའི་ལན་ཞིག་འབུལ་རྒྱུ་རེད། གཟུགས་ཀྱི་ཆུང་མཐའ་དང༌།

  རིགས་ལམ་འདི་དག་ནི་དགེ་ཆོས་ཀྱིས་བཙལ་བ་ལ།  ཚ་མདས་བདེན་ནོ་བདེན་ནོ་དགེ་ཆོས་བདེན་ནོ།   གཞན་དག་ནི་གཏི་མུག་གོ་ཟེར་བ་ལས་གཞན་ཅི་ཡང་མེད་དེ།      རིགས་པ་འདི་ཁྱད་གཞིའི་སྟེང་དུ་ཁྱད་ཆོས་ཟེར་ནས་ལོགས་སུ་སྟོན་རྒྱུ་མེད་ལ།   ཁྱད་གཞི་ནི་ཁྱད་ཆོས་དང་ཁྱད་ཆོས་ཀྱང་ཁྱད་གཞི་ཡིན་ནོ་ཟེར་བ་ལྟར་སོང་འདུག་པས་འདི་དག་མང་དུ་བཤད་ན་དུས་ཚོད་བརླག་པ་ལས་མེད་དོ།།   

  ཕྱོགས་ཀྱི་ཆ་བཅས་གཉིས་ཡིན་ཞིག་འདོད་པ་ནི་རིགས་པ་མི་ཤེས་པའི་ངན་རྟགས་ཡིན། ཁོ་བོ་ལ་ཡིད་མ་ཆེས་ན། སློབ་དཔོན་དབྱིག་གཉེན་གྱིས། དྲུག་གིས་གཅིག་ཆར་སྦྱར་བ་ན། ཞེས་པའི་ཚིགས་བཅད་གཅིག་གསུངས་འདུག་པ་དེར་ཐུགས་བསམ་བཞེས་དང་གོ་རྒྱུ་ཆེན་པོ་ཡོད། གལ་སྲིད་རྡུལ་ཕྲན་ཐུག་མེད་དུ་ཞལ་གྱིས་བཞེས་རྩིས་ཡིན་ན་ནི། དབུ་མ་ཚང་གི་ཕ་ནོར་དྲག་ཤོས་ཏེ་གཅིག་དུ་བྲལ་གྱི་རིགས་པ་འདི་ཆུ་ལ་གཡུག་དགོས། རྒྱུ་མཚན་ནི་རྡུལ་ཕྲན་ཇི་ལྟར་བཤིག་ཀྱང་དུ་མ་མི་འདོར་བས་དུ་མ་མི་བདེན་པའི་རྒྱུ་མཚན་བཤད་རྒྱུ་མེད་སོང་བས་རེད། ཤེས་པ་སྐད་ཅིག་དང་པོ་དང་གཉིས་པ་གཉིས་མ་འཕྲད་ན་བར་མ་ཆད་ཟེར་བ་འོང་མི་སྲིད་ཅིང༌། དུས་ཀྱང་ཐུག་མེད་དུ་འདོད་ན་གཅིག་དུ་བྲལ་གྱི་རིགས་པས་གོ་མི་ཆོད་པ་སྔ་མ་དང་མཚུངས་སོ། །མདོར་ན་རི་བོ་དགེ་ལྡན་པའི་མཁས་པ་དག་གིས་གསུངས་ན། བོད་སྔ་མ་ཚོའི་འདོད་པའི་ཐ་སྙད་ཚད་གྲུབ་མིན་པ་དང༌། ཁས་ལེན་མེད་པའི་ལྟ་བ་ལྟ་བུའི་ལོག་རྟོགས་རྫབ་ཆེན་དེ་འདྲ་ནི་མུ་སྟེགས་རྒྱང་འཕེན་པའི་རྒྱུད་ལའང་སྐྱེ་མ་མྱོང་ཞིང༌། གལ་སྲིད་ཁོ་ཚོས་ལྟ་བ་དེ་ཉིད་ལག་ལེན་དུ་བཏབ་པའི་དབང་དུ་བཏང་ན་ནི། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་ལྟ་ཅི་སྟེ། སོ་ནམས་ཞིང་ལས་སོགས་ཚེ་འདིའི་འཚོ་ཚིས་ཙམ་ཡང་འགྲུབ་ཐབས་མེད་པས་རིགས་ལོག་དེ་གྲས་ནི་ལྟོགས་གྲིར་འཆི་བའི་མན་ངག་དེའི་ཡན་མེད་པ་ཞིག་རེད་འདུག་ཅེས་དགག་པ་བརྒྱབ་ཡོད། དེ་བཞིན་བོད་སྔ་རབས་པའི་མཁས་པ་རྣམ་པས་ཀྱང༌། དགེ་ལྡན་པ་ཚོས་ཚད་མའི་ལུགས་ལ་ཡན་ལག་ལས་ལོགས་སུ་ཡན་ལག་ཅན་གྱི་རྫས་ཁས་བླངས་པ་འདིས་གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་ཆུ་ལ་བསྐྱུར་བ་རེད། དབུ་མའི་ལུགས་ལ་སྣང་བ་ཟུར་དུ་བཞག་ནས་བདེན་གྲུབ་ལོགས་སུ་འཚོལ་ཁུལ་བྱས་པ་དེས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་རླུང་ལ་བསྐུར་བ་རེད། ལུགས་འདིས་དགག་བྱ་འཚོལ་སྟངས་དང་གཉེན་པོ་བསྟེན་སྟངས་དེ་ཚོ་ནི་དགྲ་བོ་བསྐྱུར་ཏེ་གྲིབ་མ་ལ་འཐབ་འཛིང་བྱེད་པ་ཡིན་པས་བསྐལ་པ་བརྒྱ་ཡི་བར་དུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཅུང་ཟད་ཙམ་ཡང་ཡོད་མི་སྲིད། ཅེས་སོགས་སྐྱོན་འདོགས་རྐྱང་བྱེད་དེ། ལྟ་བའི་སྐོར་ལ་ཐུག་དུས་བོད་སྔ་ཕྱི་གཉིས་པོ་ཁྱི་དང་ར་འགྲོགས་པ་ནང་བཞིན་ཆགས་བསྡད་ཡོད། དེང་སང་ཁ་ཅིག་གིས། སྔོན་བྱོན་མཁས་གྲུབ་རྣམ་པའི་བར་ལ་ཚིག་གི་འཛིན་མཚམས་མི་འདྲ་བ་ཕྲན་བུ་ཡོད་པ་མ་གཏོགས་ཕུགས་ཀྱི་དགོངས་པ་གཅིག་ཡིན། ཚིག་གི་འཛིན་མཚམས་མི་འདྲ་བ་དེ་ནི་གྲུབ་མཐའ་ཕན་ཚུན་བྱི་དོར་དང༌། རྒྱལ་བའི་བསྟན་པ་ལ་དག་ཐེར་གནང་བའི་དགོས་ཆེད་རྨད་དུ་བྱུང་བ་ཡོད། ཅེས་སོགས་ཇོ་བཟང་གི་གསུང་བཟང་འབའ་ཞིག་ཕབ་ཀྱིན་འདུག །འདི་དག་ཆོས་ཀྱི་གནས་ལུགས་ཅི་ཡང་མི་ཤེས་པའི་མི་ནག་ཚོའི་ཆགས་སྡང་གི་སྒོ་འགོག་པའི་ཆེད་དུ་གསུངས་པའི་དགོངས་པ་ཅན་གྱི་གསུང་འདྲ་ཡིན་ན་ནི་དེར་ཟད། དེ་ལྟ་མིན་ན་གསུང་དེ་དག་ལ་སྙིང་པོ་མེད་དེ། གྲུབ་མཐའ་གཅིག་གིས་གཅིག་ལ་ཉེས་མེད་ཉེས་འདོགས་དང༌། ནག་མེད་ནག་འཛུགས་བྱས་པས་ཕན་ཚུན་བྱི་དོར་བྱས་པར་མི་འགྲོ་ཞིང༌། རྒྱལ་བསྟན་དཀར་འཇམ་ཡུག་གཅིག་ཏུ་གནས་པ་ལ་དུམ་བུ་གཉིས་སུ་བགོས་ཏེ་འཐབ་རྩོད་བྱས་པས་བསྟན་པ་དག་ཐེར་དུ་ཇི་ལྟར་འགྱུར། མཛེས་མཚོན་གྱི་བཀའ་མོལ་གསུང་མཁན་ཁོང་རྣམ་ཚོའི་ནང་ཁུལ་དུ་ཡང་དོན་དུ་ནང་འགྲིག་ཅི་ཡང་བྱུང་མེད། སྔ་རབས་པའི་ཁྲོད་དུ་སྡོད་པའི་མཐུན་ཐབས་སྨྲ་བ་ཚོས་ནི། རྗེ་བདག་ཉིད་ཆེན་པོ་ཉིད་ཀྱི་ཐུགས་ལ་ནི་ཡོད་མིན་མེད་མིན་གྱི་ལྟ་བ་ཁོ་ན་བཞུགས་པ་ཡིན་ཡང༌། ལྟ་བ་དེའི་སྐལ་པ་མེད་པའི་གདུལ་བྱ་དམན་པ་དག་གི་ངོར་གནས་ལུགས་མེད་དགག་ཏུ་གསུངས་པ་ཡིན་ཟེར། སྐད་ཆ་འདི་ངོས་ལེན་ཞུ་མཁན་གྱི་དགེ་ལྡན་པའི་མི་གཅིག་ཀྱང་བྱུང་མྱོང་མེད། དགེ་ལྡན་པའི་ཁྲོད་ཀྱི་མཐུན་ཐབས་སྨྲ་བ་ཚོས། སྔ་རབས་པའི་སྐྱེས་ཆེན་རྣམ་པས་སྤྲོས་བྲལ་དང་བློ་འདས་སོགས་གསུངས་པ་དེ་ཚོ་ཞིབ་ཆ་མ་ཐོན་པའི་གྲུབ་ཐོབ་ཀྱི་སྐད་ཆ་ཙམ་རེད། དགོངས་པའི་གཏད་སོ་རང་རེའི་སྟོང་རྐྱང་མེད་དགག་འདི་རང་ཡིན་ཟེར། སྔ་རབས་པ་ཞིག་ལ་མཚོན་ན་དེ་ནི་ནམ་ཡང་ཁས་ལེན་ཐབས་བྲལ་བའི་སྐད་ཆ་རེད། དེས་ན་ཁོ་བོས་བོད་སྔ་ཕྱིའི་དགོངས་པ་འགལ་མེད་དུ་འགྲེལ་མཁན་གྱི་མི་སྣ་དེ་ཚོ་ནི་ཁ་ཡག་རིང་ལུགས་པ་དང༌། འགན་ཁུར་མེད་པའི་བྱ་སྤྱོད་སྤེལ་མཁན་རེད་བཞག་ཅེས་ཁ་རྡུང་གཏོང་སྙིང་འདོད། འོ་ན་ལུགས་དེ་གཉིས་ལས་གང་ཞིག་མ་འགྲིག་པ་ཡིན་ཟེར་ན་གཉིས་ཀ་མ་འགྲིག་པ་ཡིན།
 
  སྤྱིར་གྲུབ་མཐའི་རྩོད་པ་ནི་འཇིག་རྟེན་གང་དུའང་གནས་པ་ཞིག་དང་།   དེ་ནི་མུ་མཐུད་དུ་གནས་ངེས་པ་ཞིག་ཀྱང་ཡིན།     འདི་དག་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མ་ཟད།   འཛམ་གླིང་ཆོས་ལུགས་གཞན་གང་གི་ཁྲོད་དུའང་ཡོད་པའི་སྣང་ཚུལ་ཡིན་ལ།    དེ་ལ་ཡ་མཚན་པ་ཅི་ཡང་མེད།    དུས་རབས་བཅོ་ལྔ་བའི་སྐབས་ཀྱི་ཡེ་ཤུ་བ་Martin Luther (1483~1546)སོགས་ཀྱི་ཆོས་ལུགས་བཅོས་བསྒྱུར་གྱི་ལྟ་བ་བཏོན་པ་ལས།   ཡེ་ཤུ་བའི་ཆོས་ལུགས་དེའང་གྲུབ་མཐའ་ཆེན་པོ་གཉིས་ཏེ་གནམ་བདག་དང་ཕི་ར་སི་ཐན་ཐི་གཉིས་ཀྱི་ལུགས་སུ་གྱེས་པ་དང་།   དེ་གཉིས་ཀྱང་ནམ་ཡང་གྲུབ་མཐའི་རྩོད་པ་རྒྱུན་མ་ཆད་པར་ད་ལྟའི་བར་དུ་གནས།   དེ་བཞིན་ཁ་ཆེ་བའི་ཆོས་ལུགས་ལའང་ཞི་ཉི་དང་ཧྲི་ཡད་སོགས་གྲུབ་མཐའ་མང་བ་ཕན་ཚུན་ནང་མ་འཆམས་པར་རྩོད་པའི་རྒྱུན་ཆད་མེད་པ་ཧ་ཅང་གསལ།    དེ་བཞིན་དུ་སངས་རྒྱས་ཆོས་ལུགས་ལའང་ཉན་ཐོས་སྡེ་བ་ནས་ད་ལྟའི་བར་དུ་གྲུབ་མཐའ་གྱེས་པ་མང་དུ་བྱུང་བ་དང་།    མང་ཆེ་ཤོས་འདུལ་བ་སོགས་ཀྱི་སྟེང་ནས་མ་མཐུན་པར་གྱེས་པ་ཧ་ཅང་གསལ།    དེ་བཞིན་དུ་བོད་དུ་དར་བའི་སྒྲུབ་བརྒྱུད་དེ་དག་ཀྱང་ཆོས་ཀྱི་རྩོད་པ་མང་དུ་མཛད་དེ་སོ་སོ་རང་རང་གི་ལུགས་འཐད་ལྡན་དུ་སྒྲུབ་པ་ནི་དོན་དངོས་ཡིན།   ཡིན་ནའང་།  བོད་དུ་དར་བའི་གྲུབ་མཐའ་རིས་མེད་ཟེར་བ་འདི་ནང་དོན་ཕྱོགས་མང་བོ་ནས་གོ་བ་ལེན་ཆོག་པ་སྟེ།   མཁས་དབང་དུང་དཀར་བས་༼ཆོས་ལུགས་རིས་མེད་ཟེར་བ་དེར་གོ་བ་ལེན་སྟངས་གཉིས་ཡོད།   གོ་བ་ལེན་སྟངས་དང་པོ་ནི།  སོ་སོར་ཆོས་འདི་ཡིན་ཞེས་ངོ་མ་ཞིག་བསྟན་རྒྱུ་མེད་པར་ས་སྐྱ་དང་།   རྙིང་མ།   དགེ་ལུགས།  བཀའ་གདམས་སོགས་ཚང་མ་བྱས་པ་དེ་ལ་ཆོས་ལུགས་རིས་མེད་ཟེར༽ གཞན་ཡང་༼གོ་ལེན་སྟངས་གཉིས་པ་ནི།  སོ་སོ་གཙོ་བོ་དགེ་ལུགས་པའམ་རྙིང་མ་སོགས་གང་བྱས་ནའང་དེ་གཙང་མ་བྱས་ཐོག   ཆོས་ལུགས་གྲུབ་མཐའ་གཞན་དག་ལའང་དམའ་འབེབས་དང་།   དགག་པ།   སྐྱོན་བརྗོད།   མཐོང་ཆུང་སོགས་རྩ་བ་ནས་མ་བྱས་པར་བཏང་སྙོམས་སུ་བཞག་པ་དེ་ལས་ཆོས་ལུགས་རིས་མེད་ཟེར།  ༽ཞེས་གསུངས་པ་ལྟར་ཡིན་ལ།  གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འདིའང་དགེ་ལུགས་ཕྱོགས་སུ་པཎ་ཆེན་བློ་བཟང་ཆོས་རྒྱལ༼༡༤༧༠ནས༡༦༦༢༽་ནས།   རྒྱ་དབང་ལྔ་བ་༼༡༦༡༧ནས༡༦༨༢༽སོགས།   གཞན་ཡང་།    བོན་གྱི་མཁས་གྲུབ་ཤར་རྫ་བ་བཀྲ་ཤིས་རྒྱ་མཚན།    རྙིང་མ་བའི་འཇམ་དབྱང་མཁྱེན་བརྩེ་དབང་བོ༼༡༨༢༠ནས༡༨༩༢༽་སོགས་ཀྱི་བཏོན་ལ།   རྗེས་སུའང་དར་ཁྱབ་ཡོད་པས་ནས།   དེ་དག་གི་ལྟ་བ་ལྟར་དུ་བཤད་པ་གནད་དུ་ཆེ་ལ།   ལྷག་པར་རྗེ་ཙོང་ཁ་བའི་ལམ་རིམ་བསྡུས་དོན་ལས༼བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་།   གསུང་རབ་མ་ལུས་གདམས་པར་འཆར་བ་དང་།།  རྒྱལ་བའི་དགོངས་པ་བདེ་བླག་རྙེད་དང་།།  ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་།།   ༽སྤྱིར་འདི་ནི་བྱང་ཆུབ་ལམ་གྱི་སྒྲོན་མའི་ཆེ་བ་བཞིའི་བསྟོད་པ་ཞིག་ཏུ་བཤད་ནའང་།  བོད་དུ་དར་བའི་སྒྲུབ་བརྒྱུད་དང་བཤད་བརྒྱུད་མཐའ་དག་ལ་སྦྱར་རུང་བས་ན།  དེ་དག་ལ་གོ་བ་ལེགས་པར་ལེན་པ་ལས་ཕྱོགས་རིས་ཁོ་ནའི་སྐད་ཆ་དང་དམའ་འབེབས་ཀྱི་སྐད་ཆ་ནི་མི་ཕན།     བོད་ཀྱི་སྒྲུབ་བརྒྱུད་ཀྱི་ཤིང་རྟ་འདི་དག་ཁྱོད་ཤི་ང་གསོན་དང་།   མིག་དང་ཉི་མ་ལྟར་འགལ་བ་ལྟག་སྤྲོད་དུ་བཤད་པ་ནི་མི་འོས་ཏེ།     རྒྱུ་མཚན་བོད་ཀྱི་ཆོས་རྒྱུད་འདི་དག་གཞི་རྩའི་སྟེང་ནས་སངས་རྒྱས་ཆོས་ལུགས་ཀྱི་ཐེག་ཆེན་པ་ཡིན་པ་ཀུན་གྱིས་ཁས་ལེན་པ་དང་།   དེ་དག་གིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ལ།   དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་།   འདུལ་བ་སོགས་གཞུང་དང་བསྟུན་པ་དག་ཡིན་ལ།    གྲུབ་མཐའ་འདི་དག་མི་གཅིག་ས་ནི་ཕྱོགས་གཉིས་ཏེ།   ཆོས་རྒྱུད་འདི་དག་མདོ་རྒྱུད་གཞུང་གཞི་འཛིན་ས་དང་།   ཆོས་རྒྱུད་ཀྱི་རིགས།    དབང་ལུང་མན་ངག་གི་རྒྱུད་པ་སོགས་མི་འདྲ་བ་ནས་རང་གི་སྒྲུབ་རྒྱུད་མི་འདྲ་བ་རེ་དར་ལ།   གཉིས་ནས།   མདོ་ཕྱོགས་ཀྱི་ཟབ་མོ་སྟོང་ཉིད་དང་།   དོན་དམ་སོགས་ཀྱི་འདོད་ཚུལ་ལ་ཁྱད་པར་ཡོད་པ་སྟེ།   རྒྱུ་མཚན་གཅིག་ནི།   སྟོང་ཉིད་སོགས་ཀྱི་མཚན་ཉིད་འདི་དག་ཧ་ཅང་ལྐོག་གྱུར་དང་བརྡ་དང་ཐ་སྙད་ཀྱི་ཇི་བཞིན་མཚོན་པར་དཀའ་བའི་གནས་ཡིན་པས་ན།   དོན་དམ་བློ་ཡི་སྤྱོད་ཡུལ་ཡིན་མིན་དང་།   སྨྲ་བསམ་བརྗོད་འདས་སོགས་ཀྱི་བཤད་ཚུལ་བྱུང་བ་ཡིན་ལ།     གཞན་ཞིག་ནི།  མིའི་རིགས་ཀྱི་རིགས་སྟོབས་ཀྱིས་རིགས་པ་ལས་འདས་པའི་ཟབ་མོའི་དོན་དཔྱོད་པ་ལས་ངལ་བ་ཆེ་ལ།  ལྷག་པར་དུ་མི་རང་ཉིད་ཀྱི་ཤེས་རབ།  ཞིབ་འཇུག་གི་ཐབས་ཤེས་ཀྱི་དབང་གི་མདོ་གཅིག་ལའང་གོ་བ་མི་འདྲ་བ་དུ་མ་བྱུང་བས་བོད་དུ་རང་སྟོང་དང་གཞན་སྟོང་།   ཡོད་མིན་མེད་མིན།    བརྗོད་མེད་སོགས་ཀྱི་གོ་བ་མི་འདྲ་བ་སྐྱེས་པ་ཡིན་ལ།   འདི་དག་ནི་ནམ་ཡང་ཐུན་མོང་དུ་སྣང་དཀའ་བའི་གནས་ཡིན་པས་ན་གཅིག་ཏུ་བབས་མི་སྲིད་པའང་ཡིན་ནོ། །   གཞན་ཡང་སྟོང་ཉིད་འཇོག་ཚུལ་གཅིག་པོའི་སྟེང་ནས་ཆོས་ལུགས་འདི་རྩ་བ་ནས་མི་མཐུན་ནོ་ཟེར་བའང་ཕྱོགས་རེ་བའི་སྐད་ཆ་ཡིན་ཏེ།   བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གཙོ་བོ་གསང་སྔགས་སུ་བཤད་ལ།  བཀའ་བསྟན་སོགས་སུའང་སྔགས་ཀྱི་བཤད་པ་མང་དུ་ཟིན་ཡོད་པ་མངོན་སུམ་དང་།   དེ་ལས་མཁས་གྲུབ་སོ་སོའི་གསུང་འབུམ་ཀྱང་གཙོ་བོ་གསང་སྔགས་ཡིན་པས་ན།   བོད་བརྒྱུད་སངས་རྒྱས་ཆོས་ལུགས་འདི་ནང་བསྟན་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ནི་སྔགས་སུ་ཡོད་པའང་ཤེས་དགོས་སོ།།    

  དེ་ཡང་བོད་ཀྱི་མཁས་པ་རིམ་བྱོན་གྱི་ཁྲོད་དུ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཚོལ་མཁན་ཁོ་ན་མ་གཏོགས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་དེ་འགྲིག་མིན་གྱི་ཕྱོགས་སུ་བསམ་བློ་གཏོང་ཕོད་མཁན་མི་གཅིག་ཀྱང་མེད་པས་ལན་སོང་བ་རེད། ཁོང་རྣམ་པ་ལ་ཡང་ཐུགས་ཁག་ཁྱོན་ནས་མེད་དེ། ཀླུ་སྒྲུབ་ཡབ་སྲས་ཀྱི་མཁྱེན་དཔྱོད་ལ་ཧ་མི་ལས་མཁན་ཞིག་དང༌། དབུ་མའི་རིགས་པ་ལ་ངོ་མི་མཚར་མཁན་གྱི་མཁས་པ་ཞིག་འཇིག་རྟེན་འདིར་བྱུང་མ་མྱོང་ལ། ཁོང་ཡབ་སྲས་ཀྱི་དགོངས་པ་བཞེས་སྟངས་དེར་རྩ་བ་རང་ནས་མ་འགྲིག་པའི་ནོར་འཁྲུལ་ཞིག་ཤོར་ཡོད་སྙམ་པའི་བསམ་བློ་སུ་ལ་ཡང་འཁོར་མྱོང་མེད། འོན་ཀྱང་མིའི་རིགས་ཀྱི་ཤེས་རབ་རིམ་གྱིས་གོང་དུ་འཕེལ་ནས་དུས་རབས་ཉི་ཤུ་པར་སླེབ་པ་ན། ད་གཟོད་སྔོན་གྱི་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་བློ་སྐྱེད་ཁ་ཅིག་རག་ཡོད་པ་རེད། སྔོན་ཆད་དུས་ཚོད་ནི་ཕྲེང་ཐགས་ལྟ་བུ་དང༌། སྐྱེ་འཇིག་ཅན་གྱི་དངོས་པོ་སྣ་ཚོགས་ནི་དུས་ཚོད་དེར་བརྒྱུས་པའི་ཕྲེང་རྡོག་ལྟ་བུའི་ངོས་འཛིན་ཡོངས་ཁྱབ་ཀྱིས་བྱེད་ཀྱིན་ཡོད། གནའ་བོའི་རྒྱ་གར་གྱི་སློབ་དཔོན་རྣམ་པས་ཀྱང་ལྟ་ཚུལ་དེ་ཉིད་གཞིར་བཞག་གི་ཐོག་ནས་དུས་ཀྱི་ཐུང་མཐའ་མའི་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་ཀྱི་བརྟག་དཔྱད་གནང་བ་རེད། ཆ་ཤས་ཡོད་ན་ཐུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རྒྱུན་རྩོམ་མི་ཐུབ་པར་གཟིགས་ནས་ཤེས་པ་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ལྟོས་བཅས་ཚན་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་སུས་ཀྱང་ནུས་རེ་བྲལ། དགེ་ལྡན་པའི་མཁས་པ་ཚོས་ཤེས་པ་མེད་ཟེར་བཞག་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། ཤེས་པ་སྐད་ཅིག་མ་གཉིས་མཐུད་ནས་རྒྱུན་རྩོམ་སྐབས་བར་སྟོང་མེད་ཅིང་ཐུག་འཕྲད་ཀྱང་མེད་པ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་གསུངས་ཀྱང༌། བར་སྟོང་དང་ཐུག་རེག་གཉིས་ཀ་མེད་པ་ཞིག་ཡོང་ཐབས་རྩ་བ་ནས་མེད། ལྟོས་བཅས་སྨྲ་བས་དངོས་པོ་སོ་སོའི་འགུལ་སྐྱོད་ལས་ལོགས་སུ་དུས་ཚོད་རང་རྐྱ་བར་མེད། ཅེས་བཤད་པ་འདིས་གཞི་ནས་ཤེས་པ་གཅིག་ལ་སྔ་ཕྱིའི་ཆ་ཤས་ཡོད་མེད་བརྟག་པ་ནི་དོན་མེད་སྐོར་ལོག་གི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། དེ་བཞིན་ཡབ་སྲས་ཀྱིས་བེམ་པོ་ལ་དཔྱོད་པའི་སྐབས་སུ། རགས་པ་བཤིག་ན་རྡུལ་དུ་འཇིག་འགྲོ་ལ། རྩོམ་གཞིའི་ཕྲ་རྡུལ་དེའང་ཕྱོགས་ཀྱི་ཆ་དང་བཅས་པ་ཡིན་ན་ཆུང་མཐའི་དོན་མེད་ཅིང་ཆ་མེད་ཡིན་ན་རགས་པ་རྩོམ་མི་ནུས་པར་དགོངས་ཏེ་རྡུལ་ཕྲན་སྐྱེ་མེད་དུ་གཏན་ལ་ཕབ་པ་རེད། གལ་སྲིད་ཚད་རྡུལ་ནུས་རིག་འདི་བྱུང་མེད་ན་དབུ་མའི་རིགས་པ་འདི་ལ་ལན་འདེབས་ནུས་རེ་བྲལ། དགེ་ལྡན་པས་བེམ་པོ་གཞི་མེད་དུ་ཁས་བླངས་ན་སྐུར་འདེབས་སུ་འགྲོ་བར་དགོངས་ཏེ། རྩོམ་གཞིའི་རྡུལ་དེ་ཆ་བཅས་སུ་ཡོད་པ་ཀླུ་ཡི་དགོངས་པ་ཡིན་རྒྱུར་བྱས་ཀྱང༌། སྟེང་འོག་གི་ངོས་སོ་སོར་དགར་རྒྱུ་ཡོད་པའི་ཆུང་མཐའ་ཞིག་ག་ལ་སྲིད། ཚད་རྡུལ་སྨྲ་བས་གཟུགས་མེད་ནུས་ཁྱམས་ཀྱི་ཀློང་ནས་གཟུགས་ཅན་གྱི་གསོབ་རྡུལ་ཐོན་པར་བཤད་པ་འདིས་ད་གཟོད་བོངས་ཚད་ཁོ་ནའི་ཆ་ནས་དཔྱད་པ་གཏོང་བ་དེ་ནོར་འཁྲུལ་གྱི་བསམ་བློ་ཡིན་པར་ར་འཕྲོད་པ་རེད། ཁོ་བོས་ལྟོས་བཅས་ཚན་རིག་དང༌། ཚད་རྡུལ་ནུས་རིག་གི་སྒྲ་ཙམ་ཐོས་མ་ཐག་གསར་ཞེན་གཡམ་རྒྱུག་བྱས་ཏེ། དབུ་མའི་རིགས་པ་ལ་ཁྱད་གསོད་བྱས་པ་ཞིག་གཏན་ནས་མིན། ང་ཚོས་གཞུང་ཆེན་ཁག་ཏུ་རྣམ་གཞག་གང་ལ་ཡང་དགག་སྒྲུབ་སྤང་གསུམ་གྱི་སྤྲོས་པ་གྲ་རྒྱས་པོ་ཞེ་དྲག་མཛད་ཡོད་ཀྱང༌། གང་མཚམ་ཞིག་ལ་སླེབ་དུས་དད་པ་དག་སྣང་འདྲ་སྦྱངས་ཏེ་སྡོད་རྒྱུ་མ་གཏོགས་མཐའ་འགྲོ་བ་ཞིག་རྩ་བ་ནས་བྱུང་མི་འདུག་ལ།     ལས་མ་དག་པའི་ཁོ་བོ་ལ་ནི་དག་སྣང་མ་སྐྱེས་པའི་གོང་ནས་སུན་སྣང་ཞིག་སྐྱེས་པར་གྱུར་ཅིང༌། ཇི་ལྟར་བྱས་ཀྱང་མི་བདེ་བར་ལུས་པའི་སྐབས་སུ་རིགས་གསར་གྱི་རྣམ་གཞག་འདི་དག་སྲོག་ཆད་ཀ་མའི་མི་ལ་སྨན་བཞིན་དུ་གནད་ལ་འཕྲོད་པར་བྱུང་བས་ད་གཟོད་ཡིད་ཆེས་པའི་གནས་སུ་བཟུང་བ་ལགས་སོ། །

  གོང་དུ་བཤད་པའི་སྐད་ཆ་དག་ནི་ཚིག་གི་ཝུ་བ་དང་ཆགས་སྡང་གི་ཐ་སྙད་མང་དུ་སྤུངས་པ་ལས་མང་དག་དགེ་ཆོས་ལགས་ཀྱི་ཀླུ་དགོངས་ཀྱི་བཤད་ཚུལ་བསྐྱར་བཤད་ཙམ་ལས་གཞན་ཅི་ཡང་མེད་ལ།   དགེ་ཆོས་ཀྱི་རིགས་ལམ་སོགས་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་བཞག་ན་ལྕི་ཚད་གང་འདྲ་ཞིག་ཡིན་མིན་དེ་སྐབས་སུ་མ་བབས་པས་བཤད་དགོས་དོན་མེད།      དེ་ལས་ཀྱང་ཁྱད་ཆོས་གཞན་ནི་དགེ་ཆོས་ཀྱི་དགོངས་པ་དང་འགལ་བའི་སྐད་ཆའང་རེ་གཉིས་ཡོད་དེ།    ཀླུ་དགོངས་སུ་གཙོ་བོ་ཐ་སྙད་ཚད་གྲུབ་བཀག་པ་ལ།    ཚ་མདས་ཐ་སྙད་ཚད་གྲུབ་ཁས་ལེན་དགོས་པ་ཞིག་བཤད་ཡོད་ལ།   ཀླུ་དགོངས་སུ་བོད་སྔ་མའི་དགོངས་པ་ལྟར་དོན་དམ་བློ་ཡི་སྤྱོད་ཡུལ་མིན་པ་ལྟར་བཤད་མོད།    ཚ་འདས་བོད་སྔ་མའང་ནོར་སོང་ཟེར།     ཁོ་གཉིས་ཀྱི་དགོངས་པའི་འདྲ་ས་ནི་དགེ་ལུགས་པ་ནོར་འདུག་ཟེར་བ་དེ་ཡིན་ལ།     ཚ་མདའ་ལ་དེ་ལས་ལྷག་པའི་ལྟ་བ་ཞིག་ཡོད་པ་ནི་ཚན་རིག་ནི་ཡང་དག་པའོ་ཟེར་བ་དེ་རེད།     
  ཚ་མདས་འདིར་བོད་སྔ་ཕྱིའི་མཁས་པར་དགག་པའི་ཚུལ་གྱིས་དོན་དུ་སངས་རྒྱས་ཆོས་ལུགས་སྤྱི་ལ་ནོར་འཁྲུལ་གྱི་རྟགས་བརྒྱབ་པ་སྟེ།    སངས་རྒྱས་ཆོས་ལུགས་སུ་བདག་མེད་པའི་ལྟ་བ་བཏོན་པ་ལ།   ཁོས་བདག་དང་གང་ཟག་སོགས་ཡོད་པ་མངོན་སུམ་མྱོང་བས་གྲུབ་ཟེར་བ་དང་།   ཡོད་ཚུལ་སོགས་ལ་དཔྱད་པ་གཏོང་བའི་དགོས་པ་མ་མཆིས་ཟེར།     ༼ མངོན་སུམ་༽དང་༼མྱོང་བ༽གཉིས་ལ་དེ་འདྲའི་ཡིད་ཆེས་ཚུལ་ལ་བལྟས་ན།   རང་བྱུང་ཚན་རིག་གི་རིགས་ལམ་ཀྱང་བརྗེད་སོང་བ་འདྲ་སྟེ།    དཔེར་ན་ཁྱོད་ཀྱི་ཁ་ན་མ་ཎི་བཞིན་བགྲངས་པའི་འདྲེན་ཤུགས་དང་།    ཆ་རྡུལ་སོགས་མངོན་སུམ་ཨེ་ཡིན།    དེ་དག་མྱོང་བས་ཨེ་གྲུབ།      གལ་ཏེ་གྲུབ་ན་ཁྱོད་ཀྱིས་མཁའ་དབུགས་ཀྱི་ནང་དབྱང་དང་།  ཆིན།   དཱན་དབུགས་སོགས་འདུས་པའི་མང་ཉུང་སོགས་མངོན་སུམ་དང་མྱོང་བས་ཤེས་ཐུབ་ན།    དངོས་ལུགས་ཚོད་ལྟ་ཁང་མི་དགོས་པར་ཚ་མདའི་དབང་ཤེས་ཁོ་ནས་འཇིག་རྟེན་གྱི་རྣམ་བཞག་བྱེད་ཐུབ་བོ།། གཞན་ཡང་། ཁྱོད་ཀྱིས་ཚན་རིག་ནི་དོན་དམ་བདེན་པ་ཉག་གཅིག་ཡིན་ནོ་ཟེར་བའི་ཞར་ལ།   ནུབ་ཕྱོགས་མཚན་ཉིད་དང་ལྷག་པར་ནུབ་ཕྱོགས་ཆོས་ལུགས་རིག་གནས། ད་དུང་ཤར་ཕྱོགས་ཀྱི་སངས་རྒྱས་ཆོས་ལུགས་གཙོས་འདུ་ཤེས་ཀྱི་ཁྱབ་ཁོངས་མང་པོར་དམའ་འབེབས་དང་ཕྱོགས་གཅིག་གི་སྐད་ཆ་བཤད་པ་ནི་ཧ་ཅང་མི་འོས་པས་གཟབ་པ་དགོས་སོ།།  
  ད་དུང་། ཁྱོད་རང་ལྟོས་བཅས་སྨྲ་བར་དེ་འདྲའི་རྨོངས་དད་བྱེད་པ་ཡིན་ན།   ལྟོས་བཅས་སྨྲ་བའང་མཐར་ཐུག་གི་དངོས་པོའི་གནས་ལུགས་ཡིན་པ་བཤད་དཀའ་སྟེ།     ཁམ་ཟམ་སློབ་གྲྭ་ཆེན་མོའི་རྩིས་རིག་་སློབ་དཔོན་ཆེན་མོ་སི་ཐུས་བིན་ཧོའུ་ཕུ་ཁིན༼Stephen Howking༽་ལགས་ཀྱི་༼དུས་ཚོད་ཀྱི་ལོ་རྒྱུས་བསྡུས་པ༽ཞེས་པར་ཨ་ཡིན་སི་ཐན་གྱི་སྒྲ་ཡངས་འཇུག་གི་ལྟོས་བཅོས་སྨྲ་བའི་གཞུང་གི་རིགས་པ་ལ་དྲི་བ་བཏོན་ཡོད་ལ།   སྔོན་གྱི་དངོས་ལུགས་སྨྲ་བ་ཚོས་དོང་ནག་གི་ལྟ་བ་མང་པོར་དགག་ནས།   དོང་ནག་ཟེར་བ་ཞིག་དངོས་སུ་ཡོད་མེད་ལ་ཐེ་ཚོམ་ཡང་ཟོས་འདུག     ད་དུང་ཉིའུ་ཐུན་གཏན་སྲོལ་གསུམ་པོ་དེ་ཨ་ཡིན་སི་ཐན་གྱི་ལྟོས་བཅོས་སྨྲ་བས་ཡང་དག་པ་མ་ཡིན་པ་ར་སྤྲད་པ་སོགས་མཐའ་གཅིག་ཏུ་འདི་ནི་བདེན་པ་མཐར་ཐུག་གོ་ཟེར་བའང་ཚན་རིག་ལའང་མེད་པའི་གནད་འདི་གོ་བར་གྱིས།    
  དེའི་ཕྱིར་རང་བྱུང་ཚན་རིག་དང་སངས་རྒྱ་ཆོས་ལུགས་གཉིས་ནི་ཞིབ་འཇུག་གི་ཐབས་ལམ་མི་འདྲ་ལ།  དམིགས་ཡུལ་མི་འདྲ་བ་དང་།  རིག་གནས་ཀྱི་ཆ་ནས་ལོ་རྒྱུས་དང་འབྱུང་ཁུངས་མི་འདྲ་བའི་མ་ལག་ཆེན་པོ་གཉིས་ཡིན་པས་ན།   རྒྱ་མ་གཅིག་གི་སྟེང་ནས་འདི་བདེན་ལ་གཞན་ནི་ནོར་བའོ་ཟེར་ནས་བཤད་པ་ནི་རང་བྱུང་ཚན་རིག་ལ་རྒྱུས་མེད་པ་མ་ཟད།   སྤྱི་ཚོགས་ཚན་རིག་དེ་བས་མི་ཤེས་པའི་རྟགས་སུ་འདུག་ལ།     ཨ་མདོའི་གཏམ་དཔེར།   དགོང་ཨ་སྔོན་གཅོད་པའི་གཤོག་རྩལ་མེད་ན།།  འབྲུག་ཕོ་ཆུང་ཐོད་པའི་ནོར་བུ་མི་ལོན་ཟེར་བ་ལྟར།       སངས་རྒྱས་ཆོས་ལུགས།   ཡེ་ཤུའི་ཆོས་ལུགས།   ཁ་ཆེ་ཆོས་ལུགས།    དེ་མིན་རང་བྱུང་ཚན་རིག་སོགས་ཕྱོགས་ཡོངས་ནས་དཔྱད་པ་གཏོང་དགོས་ན་ལོ་མང་པོའི་སྦྱངས་བ་སྔོན་དུ་སོང་ནས་རྒྱ་ཡིག་དང་དབྱིན་ཇིའི་ཡེ་གེ་སོགས་བྱང་ཆ་ཡོད་པ་ཞིག་གི་ལས་ཀ་ལས།     དེ་ནི་བོད་འགྱུར་དེབ་ཁ་ཤས་ཀྱི་སྟེང་ནས་ཚན་རིག་ནི་འདིའོ།།   ཡེ་ཤུ་ནི་ནོར་འདུག།  མོ་ཧ་མོ་ཏི་ནི་ནོར་འདུག།   སངས་རྒྱས་ནི་ནོར་འདུག    ཙོང་ཁ་བས་ཅི་ཡང་མི་ཤེས་ཞེས་བཤད་ན་ནི་རང་གཞན་གཉིས་ལ་མི་ཕན་པ་མ་ཟད།  ལྡོག་སྟེ་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པ་བསྒྲུབས་ཡོད་པའོ།།   དེའི་ཕྱིར། སླར་ཡང་ཨ་མདོའི་གཏམ་དཔེ་ཞིག་གི་འཇུག་བསྡུ་བར་བྱ་སྟེ།ཟ་བྱེད་ལྕགས་ཀྱི་མཆེ་བ་ཡོད་ན། འཇུ་བྱེད་གོ་བོའི་ཕོ་བ་དགོས་པ་མ་བརྗེད་ཨང་།
                                                     (རྫོགས་སོ)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།