གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༡༠

2012-05-31 12:04:00 ཨ་རྡོར། ཀློག་གྲངས། མཆན ཡོད།

  གང་ཟག་གི་བདག་མེད་ཀྱི་མིང་ཙམ་ཞིག་སངས་རྒྱས་པ་སྤྱི་ལ་མ་བགོས་ཐུན་མོང་དུ་ཡོད་ཀྱང་དོན་མཛུབ་མོ་འཛུགས་ས་འདིའོ་ཞེས་པའི་རྩོད་མེད་ཡོངས་གྲགས་ཤིག་རྒྱ་བོད་གང་དུའང་བྱུང་མྱོང་མེད།
  རྒྱ་གར་ལ་མཚོན་ན། བདག་ཕུང་དེ་ཉིད་དང་གཞན་ཉིད་བརྗོད་དུ་མེད་པར་འདོད་མཁན། ཕུང་པོ་བདག་ཏུ་འདོད་མཁན། དེ་ལ་ཡང་ཕུང་པོ་ལྔ་ཆར་བདག་ཏུ་འདོད་མཁན། སེམས་གཅིག་པུ་བདག་ཏུ་འདོད་མཁན། དེ་ལ་ཡང་ཡིད་ཤེས་བདག་ཏུ་འདོད་མཁན། ཀུན་གཞི་བདག་ཏུ་འདོད་མཁན། གཞན་ཡང་བདག་རྟག་པར་འདོད་མཁན་སོགས་གྲུབ་མཐའ་ཁྱུ་ཞིག་བྱུང་ཡོད་ལ། དེ་ཀུན་ཀྱང་འདི་ཉིད་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཟེར་མཁན་ཤ་སྟག་ཡིན།

 
  དེ་ཡང་བདག་མེད་གཉིས་སུ་ཕྱེས་པའི་བཤད་སྲོལ་འདི་ཐོག་མར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ཉན་ཐོས་སྡེ་བ་ནས་དར་བ་ཡིན་ལ།      རྗེས་སུ་ཐེག་ཆེན་གྱི་སློབ་དཔོན་ཚོས་བདག་མེད་པའི་རྣམ་བཞག་ཆ་ཚང་བར་གཏན་དུ་འཁེལ་བ་ཡིན།   སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་དང་།  སྟོང་ཉིད་བདུན་ཅུ་བ།   རིགས་པ་དྲུག་ཅུ་སོགས་སུ་བདག་མེད་གཉིས་ཀ་འགོག་ཚུལ་གྱི་རིགས་པ་རྒྱ་ཆེར་སྤེལ་ཡོད།   ཡིན་ནའང་།   སློབ་དཔོན་ཀླུ་སོགས་ཀྱིས་གང་ཟག་གི་བདག་གི་ཐ་སྙད་ལས།  ཆོས་ཀྱི་བདག་མེད་དངོས་སུ་བཤད་མེད་ནའང་དེ་འགོག་པའི་རིགས་པ་སོགས་བཤད་ཡོད་པ་ཞིབ་འཇུག་པའི་ཁྲོད་དུ་ཁས་ལེན་ལ།  རྗེས་སུ་འགྲེལ་བ་ག་ལ་འཇིགས་མེད་སོགས་སུ་ཆོས་ཀྱབདག་དངོས་སུ་བཤད་པར་འདོད།     དེ་ཡང་བདག་ཕུང་པོ་ལ་འདོད་པ་དང་།  སེམས་ལ་འདོད་པ་དང་།   རྟག་པར་འདོད་མཁན་སོགས་གྲུབ་མཐའ་ཧ་ཅང་མང་པས་དེ་དག་རེ་རེ་ལ་རང་གི་གཞི་ལམ་འབྲས་བུའི་རྣམ་བཞག་ཡོད་པ་ཡིན་མོད།     ནང་བ་སངས་རྒྱས་པ་ནི་ཆོས་ཐམས་ཅད་བདག་མེད་པའི་ལྟ་བ་ཁས་ལེན་པ་ནི་ཁོ་ཚོའི་ཕྱག་རྒྱ་ཡིན།   ཁྱོད་ཀྱིས་བཤད་པའི་རྒྱ་གར་ལ་མཚོན་ན་ཟེར་བ་དེ་ནི་རྒྱ་གར་ནང་བསྟན་ལ་བཤད་པ་ཡིན་ནམ།  ཡང་ན་རྒྱ་གར་མཚན་ཉིད་ཀྱི་གྲུབ་མཐའ་ཡོད་དོ་ཅོག་ལ་བཤད་པ་ཡིན།    ནང་བསྟན་ལ་མཚོན་ན་བདག་རྟག་པ་ཡིན་པ་སོགས་མི་འདོད་ལ།    གཞན་རྣམས་ཁྱོད་ཀྱིས་བཤད་སྟངས་ཚིག་ངོས་ལ་གོ་བ་བླངས་ན་ནང་བའི་བཤད་པའི་བདག་དང་བདག་མེད་གང་གི་ལུགས་སུ་མེད་པས།   གསར་དུ་བཟོས་པའི་བདག་ཅིག་ཨེ་ཡིན་ནམ་སྙམ།   

  བོད་གངས་ཅན་པའི་མཁས་གྲུབ་རིམ་བྱོན་ཚང་མ་ཁ་དབུ་མ་སྣ་དབུ་མ་གསུང་བཞིན་བཞུགས་ཡོད་ནའང༌། དབུ་མའི་ལུགས་ཀྱི་གང་ཟག་གི་བདག་མེད་ངོས་འཛིན་བྱ་ཚུལ་ནི་ཡོད་ཚད་ཁ་ཁ་སོ་སོ་རེད། དེ་ཡང་འདོད་ཚུལ་ཆུང་ཚགས་ཁག་བཞག་ནས་གནད་འགག་ཆེ་ས་ནས་གླེང་ན། བོད་སྔ་རབས་པ་དང་ཕྱི་རབས་པའི་འདོད་པ་གཉིས་ལས།

  ཁ་དབུ་མ་དང་སྣ་དབུ་མ་ཞེས་པའི་བཤད་ཚུལ་འདི་རྗེ་ཙོང་ཁ་བའི་སྐབས་ཀྱི་བོད་ཀྱི་དབུ་མ་བ་རྣམས་ལ་ཟུར་གྱིས་ཟ་བའི་ཚིག་ཞིག་ཡིན་པས་ན།   ད་ལྟའི་དུས་སུ་ཤི་ལོག་རྒྱག་དོན་མེད་ལ།     གང་ཟག་གི་བདག་མེད་འཇོག་ཚུལ་གྱི་ཆ་ནས་ཐལ་འགྱུར་བ་མ་གཏོགས་པའི་རང་རྒྱུད་པ་མན་ཆད་ཀྱི་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་འདྲ་བ་ཡིན།    གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང་།   གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད།   ཐལ་འགྱུར་བས་ནི་དེ་རགས་པ་དང་།   གང་ཟག་བདེན་པས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ་སོགས་བོད་ཀྱི་དབུ་མ་བ་སུས་ཁས་མི་ལེན།   བོད་ཀྱི་དབུ་མ་བ་རྣམས་ཀྱི་རྩོད་པ་ཆེས་ཆེ་ས་ནི་ཆོས་ཀྱི་བདག་མེད་སོགས་ཡིན་པ་ལས་གང་ཟག་གི་བདག་མེད་མ་ཡིན་པའི་གནད་ཀ་འདི་ཙམ་ཡང་མི་ཤེས་ན་གཞན་དག་བཤད་པ་ལ་དགོས་པ་ཆེར་མི་འདུག  

  ཐང་སག་པའི་རྗེས་འབྲང་བོད་སྔ་མ་རྣམས་ཀྱིས་ནི། ངར་འཛིན་གྱི་ཡུལ་དུ་གྱུར་པའི་ངའམ་བདག་དེ་མ་བརྟགས་འཁྲུལ་ངོའི་སྣང་བ་འབའ་ཞིག་ལས། རིགས་པས་བརྟགས་ན་འདི་ཞེས་ངོས་བཟུང་མེད་པ་དེ་གང་ཟག་གི་བདག་མེད་ཀྱི་དོན་ཡིན།  ངའོ་བདག་གོ་སྙམ་དུ་འཛིན་པ་དེ་གང་ཟག་གི་བདག་འཛིན་གྱི་དོན་ཡིན། ང་དང་བདག་ཅེས་བྱ་བ་དེ་འཁྲུལ་སྣང་ཙམ་ལས་དོན་ལ་མེད་དོ་སྙམ་དུ་ཡིད་ལ་བྱེད་པ་དེ་གང་ཟག་གི་བདག་མེད་བསྒོམ་པའི་དོན་ཡིན། ང་བདག་གི་འཛིན་པ་རྩད་ནས་རྒྱུན་ཆད་པ་དེ་གང་ཟག་གི་བདག་མེད་རྟོགས་ནས་གང་ཟག་གི་བདག་འཛིན་སྤངས་པའི་དོན་ཡིན་ཟེར། ཨ་མདོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། དབུ་མའི་ལུགས་ལ་ཁས་ལེན་མེད་ཅེས་སྨྲས་ནས་བསྡད་ན་འགྲིག །ཅེས་གསུངས་འདུག་པ་ལྟར་བོད་སྔ་མ་འདི་དག་གིས་གལ་དང་འགག་ལ་ཐུག་དུས་རིགས་པ་དེ་ཙམ་ཁས་མི་ལེན་པར་ཨུ་ཚུགས་ལྟ་བུ་ཞིག་གནང་ནས་བཞུགས་སྲོལ་ཡོད་པ་ཡིན་འདུག །

  དེ་ཡང་བདག་མེད་གཉིས་གཏན་ལ་ཕབ་པའི་དགོས་པ་ན་སྒྲིབ་པ་གཉིས་སྤངས་པའི་ཕྱིར་ཏུ་ཡིན་ལ།    དང་པོར་སྒྲིབ་པ་གཉིས་ཀྱི་གཉེན་པོར་བདག་མེད་གཉིས་གཏན་ལ་ཕབ་པ་ནི་བྱང་ས་ཡིན་པ་དང་།   དེ་ཡང་སེམས་ཙམ་པའི་སློབ་དཔོན་དབྱིག་གཉེན་དང་བློ་བརྟན་སོགས་ཀྱིས་བདག་ཏུ་ལྟ་བ་གང་ཟག་ལ་བདག་ཏུ་ལྟ་བ་དང་ཆོས་ལ་བདག་ཏུ་ལྟ་བའོ་ཞེས་གསུངས་ནས།   གང་ཟག་གི་བདག་མེད་པར་ཁོང་དུ་ཆུད་པ་ནི་འཇིག་ཚོགས་ལ་ལྟ་བའི་གཉེན་པོ་ཡིན་པས་ན་དེ་སྤངས་ན་ཉོན་མོངས་ཐམས་ཅད་སྤངས་པར་འགྱུར་རོ་ཟེར་བ་དང་།   ཆོས་ལ་བདག་མེད་པར་ཤེས་པ་ཡང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་རོ།   གང་ཟག་གི་བདག་མེད་པར་རྟོགས་ན་ནི་ཐར་བ་ཐོབ་པར་འགྱུར་བ་དང་།  ཆོས་ཀྱི་བདག་སྤངས་ན་ནི་ཐམས་ཅན་མཁྱེན་པ་ཐོབ་པར་འགྱུར་རོ།།   དེ་དག་ཕྱིར་ཏུ་སྒྲིབ་པ་གང་ཞིག་ཐར་བ་ཐོབ་པ་ལ་བར་དུ་གཅོད་པ་ཉོན་སྒྲིབ་དང་།    སྒྲིབ་པ་གང་ཞིག་ཐམས་ཅན་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པ་ཤེས་སྒྲིབ་སོགས་སེ་ར་རྗེ་བཙུན་པས་གསུངས་ལ།    དེ་དག་ལས་ཉོན་མོངས་ཀྱི་སྒྲིབ་པ་སྤངས་ན་གང་ཟག་གི་བདག་འཛིན་སྤངས་ལ།  དེ་ལ་ཐར་བ་ཐོབ་པའང་ཟེར་བས།      ཁྱོད་ཀྱི་གང་ཟག་གི་བདག་མེད་སྒོམ་པ་ནི་གང་ཟག་གི་བདག་མེད་སྒོམ་པའི་ཕྱིར་ཏུ་ཡིན་པ་ལྟ་བུར་བཤད་འདུག་ལ།      ཡང་གློ་བུར་དུ་དགེ་འདུན་ཆོས་འཕེལ་གྱིས༼དབུ་མ་བར་ཁས་ལེན་མེད་ཟེར་༽ཟེར་བ་འདི་དྲངས་ནས།  བོད་སྔ་མ་རྣམས་ལ་སྐྱོན་རྒྱག་པ་ནི་སྐབས་བབས་ཀྱི་གང་ཟག་གི་བདག་དང་འབྲེལ་བ་མེད་པའི་སྨྱོན་པའི་ལབ་བརྡོལ་ཡིན་ལ།     དགེ་འདུན་ཆོས་འཕེལ་གྱིས་དབུ་མ་བར་ཁས་ལེན་མེད་ཟེར་བ་ཡིན་ན།      སྐྱོན་དེ་བོད་སྔ་མར་ཇི་ལྟར་འབབ།    ཁྱོད་ཀྱིས་བོད་སྔ་མ་ཞེས་དབུ་མའི་རྩོད་པ་ཞིག་ཡོད་པའི་རྒྱུ་མཚན་གསལ་པོར་མ་གོ་བར་བོད་སྔ་མ་ཞེས་པ་འདི་སྔོན་གྱི་བོད་མི་ཟེར་བའི་དོན་རེད་ཟེར་བསམ་པ་ཨེ་ཡིན།  ཡང་ན་སྔོན་གྱི་བོད་ཀྱི་མཁས་པ་ཁ་ཤས་ཟེར་བ་རེད་བསམ་པ་ཡིན་ནམ།     བོད་སྔ་ཕྱི་དབྱེ་བ་རྗེ་ཙོང་ཁ་བའི་སྔོན་གྱི་དབུ་མའི་འགྲེལ་ལུགས་དང་།    རྗེ་ཙོང་ཁ་བའི་རྗེས་ཀྱི་དབུ་མའི་ལུགས་ལ་བཤད་པ་ཡིན་ཏེ།  ཉི་ཧོང་གི་མཁས་པ་མ་ཙི་མོ་ཏོ་ཤ་རོ་ཟེར་བ་དེའི་རྩོམ་ཡིག༼དགེ་ལུགས་པ་དང་ཙོང་ཁ་བ༽ཞེས་པར།   བོད་སྔ་མའི་དབུ་མ་ལ།   མཐའ་བྲལ་དབུ་མ་དང་།   ཡོད་མིན་མེད་མིན་གྱི་ལྟ་བ་གཉིས་སུ་དབྱེ་འདུག   དེ་ཡང་རྗེ་ཙོང་ཁ་བའི་དབུ་མའི་ལྟ་གྲུབ་ལ་སྟག་ཚང་བ༼༡༤༠༥༽དང་གོ་རམས་པ༼༡༤༢༩ནས༡༤༨༩༽ཤཱཀྱ་མཆོག་ལྡན༼༡༤༢༨ནས༡༥༠༧༽སོགས་ཀྱི་འགལ་ཁུར་མང་དུ་ཡོད་པའི་དགག་ཡིག་སྤེལ་བ་ལ།དགེ་ལུགས་པའི་ཕྱོགས་ནས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་༼༡༤༦༩ནས༡༥༤༦༽དང་ཀུན་མཁྱེན་འཇམ་དབྱངས་བཞད་པ༼༡༦༤༨ནས༡༧༢༢༽སོགས་ཀྱི་དགག་ལན་སྤྲོས་པ་དང་།   དབུ་མའི་རྩོད་ཆེན་དེའི་བརྒྱུད་རིམ་ཁྲོད་དུ་བོད་སྔ་ཕྱི་ཞེས་པའི་ཐ་སྙད་རིམ་གྱིས་ཆགས་པ་ཤེས་དགོས།    དགེ་འདུན་ཆོས་འཕེལ་གྱིས་དབུ་མ་བར་ཁས་ལེན་མེད་ཟེར་ན།   བོད་སྔ་མ་རྣམས་ཀྱིས་ལན་མེད་ཅེས་ཨུ་ཚུགས་ཀྱིས་བསྡད་པའི་རྟགས་ཅིའི་ཕྱིར་མཚོན།   གཞན་ཡང་དབུ་མ་བར་ལན་མེད་ཟེར་བ་འདིའང་དགེ་འདུན་ཆོས་འཕེལ་གྱིས་བཤད་པ་ཞིག་མིན་ལ།   དེ་ནི་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པའི་ཁྱད་པར་ཕྱེ་བའི་སྐབས་སུ་བཤད་པའི་སྐད་ཆ་སྟེ།   ཐལ་འགྱུར་བས་ཐ་སྙད་དུའང་རང་བཞིན་དུ་གྲུབ་པ་ཁས་མི་ལེན་ལ།   གཞན་གྱི་ལྟ་བ་ལ་མི་འདོད་པའི་ཐལ་བ་འཕེན་པ་ལས་རང་ལུགས་དངོས་སུ་ཚིག་ཟིན་ལ་མི་བརྗོད་པ་སོགས་ལ་ཟེར་བ་ལས།   རང་ལ་དམ་བཅའ་མེད་པའི་རྒྱུ་མཚན་མིན་པ་སོགས་ཐལ་རང་གི་ཁྱད་པར་རྗེ་ཙོང་ཁ་བའི་དཀའ་གནས་བརྒྱད་ཀྱི་འགྲེལ་བཤད་མཁས་གྲུབ་རྗེས་ཟིན་བྲིས་བཏབས་པ་སོགས་ལ་བལྟ་འོས།།   

  རྗེ་བཙུན་ཙོང་ཁ་པས་ཀྱང་གཞན་གྱི་ལྟ་གྲུབ་གང་ལ་ཡང་སྐྱོན་འདོགས་ཁོ་ན་བྱེད་ཅིང༌། གཞན་པས་ཚུར་ལ་གནོད་བྱེད་སྟོན་དུས་སྐྱོན་སྤོང་གཅིག་ཀྱང་མི་བྱེད་པར་ཁོ་བོ་ཅག་ལ་གྲུབ་མཐའ་མེད་ཅེས་གཡོལ་ཐབས་བྱེད་པ་འདི་ནི་ཧ་ཅང་ཐབས་རྡུག་གི་ལས་ཀ་རེད། ཅེས་བཀའ་བཀྱོན་ཡང་ནས་ཡང་དུ་གནང་ཡོད། གལ་སྲིད་རིགས་པའི་འགྲོ་སྟངས་ཁས་ལེན་མཁན་ཞིག་ཡིན་ཚེ། གང་ཟག་བདག་མེད་ངོས་འཛིན་དེ་འདྲ་ཞིག་བྱ་སྲོལ་ག་ལ་ཡོད། བདག་དང་གང་ཟག་ཡོད་མེད་བརྟག་དཔྱད་གཏོང་དུས་རྙེད་རྒྱུ་མེད་ཚེ་ཡང་ན་གཏན་ནས་མེད་པའི་རྟགས་དང༌། ཡང་ན་འཚོལ་མ་ཤེས་པའི་རྟགས་རེད། དེ་ལྟ་མིན་ན་གཞི་གང་དུ་ཡོད་པ་དང༌། ཚུལ་ཇི་ལྟར་ཡོད་པ་བཙལ་ན་ཅི་ལ་མི་རྙེད། ངའོ་བདག་གོ་སྙམ་པའི་བསམ་བློ་དེ་འཁྲུལ་པ་དང་བདག་འཛིན་ཡིན་ན།

  ང་མེད་བདག་མེད་སྙམ་པའི་བསམ་བློ་དེ་ཚད་མ་དང་བདག་མེད་སྒོམ་པའི་བློ་ཡིན་དགོས། དེ་ལྟར་ན་ང་དང་བདག་མེད་དགོས་ཤིང༌། དེ་ལ་འདོད་ཟེར་ན་ང་མེད་ཟེར་མཁན་ཁྱོད་རང་སུ་ཡིན་སྨྲ་དགོས་སོ། །དཔལ་ལྡན་ས་སྐྱའི་མཁས་པ་ཆེན་པོ་གཡག་པས་ཀྱང་ངའོ་སྙམ་པའི་བློ་དེ་ངར་འཛིན་ཡིན་པའི་ཞལ་བཞེས་ལ་བརྟེན་ནས་རྗེ་འཇིགས་བྲལ་ཞབས་ལ་རྩོད་པ་ཤོར་བར་གྲགས་ཏེ་ཁོང་ལ་ཐུགས་ཁག་མེད་དོ། །ངའོ་སྙམ་པའི་བློ་དེ་ངར་འཛིན་དང༌། སེམས་ཅན་ནོ་སྙམ་པའི་བློ་དེ་བདག་འཛིན་ཡིན་ན། ངར་འཛིན་ཟད་པའི་འཕགས་པ་ཚོས་མི་ངོ་རང་ངོ་མི་ཕྱེད་པར་ཐལ་བ་སོགས་ཐོག་ལྟར་ཚ་བའི་ཉེས་སྐྱོན་མང་པོ་ཞིག་གཞན་གྱིས་བགྲང་ཡོད་ལ། དེ་དག་ལ་སྔ་རབས་པའི་མཁས་པ་སུས་ཀྱང་སྐྱོན་སྤོང་ཤེས་མེད། མ་ཤེས་པ་དེའང་ཁོང་རྣམ་ཚོ་ཤེས་རྒྱ་ཆུང་བའི་དབང་གིས་ཕོ་མ་བྱས་པ་མིན་པར་གནད་ལ་ཁེལ་བའི་དབང་གིས་བྱ་ཐབས་ཟད་པ་ཡིན་ནོ། །

  དབུ་མ་ཕྱི་རབས་པ་སྟེ་རི་བོ་དགེ་ལྡན་པའི་བསྟན་འཛིན་རྣམ་པས། བོད་སྔ་རབས་པའི་རྣམ་གཞག་ཡོད་ཚད་ཕྱིར་མི་ལྡོག་པར་ཚར་བཅད་རྗེས་རང་ལུགས་འདི་ལྟར་བཞག་ཡོད་དེ། སྤྱིར་ངའོ་སྙམ་པའི་བློ་ཙམ་ནི་སངས་རྒྱས་འཕགས་པ་ལ་ཡང་ཡོད་པས་དེ་ནི་ངར་འཛིན་དང་སྤང་བྱ་མིན། འོན་ཀྱང་ངའོ་སྙམ་པའི་བསམ་བློ་ཤུགས་དྲག་པོ་དེ་འདྲ་སྐྱེས་པ་ཡིན་ན་ད་གཟོད་ངར་འཛིན་དང་སྤང་བྱར་འགྱུར་འགྲོ་བ་ཡིན།   དཔེར་ན་རྐུན་པོ་ཞིག་ལ་ཁྱོད་རྐུན་མ་རེད། ཅེས་བརྗོད་ན་ང་རྐུན་མ་ཡིན་སྙམ་པའི་བསམ་བློ་ཞིག་སྐྱེ་ངེས་ཤིང༌། དེའི་སྐབས་ཀྱི་ངའོ་སྙམ་པའི་བློ་དེ་ཚད་མ་དང་ཡུལ་དེ་ཚད་གྲུབ་ཡིན། རྐུན་མ་མིན་པའི་མི་ཞིག་ལ་ཁྱོད་རྐུན་མ་རེད། ཅེས་བརྗོད་ན་ང་རྐུན་མ་མིན་སྙམ་པའི་བསམ་བློ་ཞིག་སྐྱེ་ངེས་ཤིང༌། དེའི་སྐབས་ཀྱི་ངའོ་སྙམ་པའི་བློ་དེ་འཁྲུལ་པ་དང་ཡུལ་དེ་གཏན་མེད་ཡིན། འོ་ན་དེ་འདྲའི་ངའོ་སྙམ་པའི་བློ་སྔ་ཕྱི་གཉིས་པོར་འཛིན་སྟངས་མི་འདྲ་བ་ཅི་ཞིག་ཡོད་ཅེ་ན། ངའོ་སྙམ་པའི་བློ་སྔ་མ་དེ་དང་མི་འདྲ་བར་ཕྱི་མ་དེ་དམ་ཧྲིག་ཧྲིག་ཅིག་དང༌། དེའི་ཡུལ་གྱི་ང་དེའང་འཁྲང་ཐེང་ཐེང་ཞིག་ཡོད། དེ་འདྲའི་ཁྱད་པར་དེ་མི་ཕལ་པ་ཚོས་ངོས་ཟིན་དཀའ་ཡང་ཁ་ནང་ལ་བསྐོར་ན་ཉམས་མྱོང་གི་ཐོག་ནས་གོ་རྒྱུ་ཞིག་ཡོད། མདོར་ན་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་ང་ཙམ་ནི་འཆིང་འགྲོལ་གྱི་གཞི་ཡིན་པས་མཐའ་གཅིག་ཏུ་འཇོག་དགོས་ཤིང༌།
 
  འཛིན་སྟངས་ཀྱི་ཡུལ་དེ་ནི་ང་བདེན་གྲུབ་ཡིན་པས་མཐའ་གཅིག་ཏུ་དགག་དགོས་ཞེས་དང། དེ་འདྲའི་རྣམ་གཞག་ཞིབ་ཆ་ཅན་དེ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་ཆེན་ཁག་ཏུ་གསལ་པོར་མེད་ཀྱང༌། བླ་མ་དབུ་མ་པས་ཁྲིད་འོང་བའི་མདོ་ཁམས་ཀྱི་འཇམ་དབྱངས་དེ་ལ་བརྟེན་ནས་རྗེ་བཙུན་ཙོང་ཁ་པས་གསར་དུ་རྙེད་པ་ཡིན་ཞེས་སོགས་ཀྱང་སྨྲས་སྐད་འདུག་གོ །

  སྒྲ་མི་རྟག་གོ་སྙམ་པ་ལྟ་བུ་ཁྱད་གཞི་དང་ཁྱད་ཆོས་སྦྱར་ཏེ་འཛིན་པའི་བློ་ལ་དམིགས་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་སུ་དབྱེར་རུང་གི །ངའོ་སྙམ་པའི་བློ་ཞིག་ལ་ཡུལ་མི་འདྲ་བ་གཉིས་བཙན་ཤེད་བྱས་ཀྱང་ཕྱེར་མི་བཏུབ། ལྟ་གྲུབ་ཀྱི་ཁུངས་ཤིང་རྟ་ཆེན་པོའི་གཞུང་ལུགས་ལ་མ་ཐུག་པར་ཡི་དམ་འཁྱམ་པོའི་མན་ངག་ལ་གཏུགས་པ་འདིས་རྟགས་དང་རྟེན་འབྲེལ་ཡོད་ཚད་འཁྱུག་ནས་སོང་བ་རེད།


  སྤྱིར་སྐད་ཆ་འདི་དག་ནི་ལུང་ཁུངས་སོགས་ཅི་ཡང་མེད་པར་དགེ་འདུན་ཆོས་འཕེལ་གྱི་ཁ་ཆུ་བལྡག་པའི་རིགས་ལམ་ལས་གཞན་ཅི་ཡང་མེད་པས།  གསལ་བཤད་བྱེད་པའི་དགོས་བ་ཆེན་པོར་མ་མཐོང་མོད།    རྗེ་བཙུན་འཇམ་དབྱངས་ཡི་དམ་འཁྱམས་པོར་བཤད་པ་ནི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིབ་བཤད་སྲོལ་དུ་མེད་ལ།    འཇམ་དབྱངས་ནི་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པའི་ཡི་དམ་གྱི་ལྷ་ཡིན་པས།    གྲུབ་མཐའ་མི་འདྲ་བ་རེ་རེའི་མཁས་པ་ཚོར་བསྟོད་པའི་ཚུལ་གྱིས་༼འཇམ་མགོན་ས་པཎ༽དང་༼འཇམ་མགོན་མི་ཕམ་པ༽༼འཇམ་མགོན་ཙོང་ཁ་བ་༽ཞེས་བསྟོད་པའི་བཤད་སྲོལ་ཡིན་ལ།   གཞན་ཡང་རྗེ་རང་ཉིད་ཀྱི་དབུ་མའི་ལྟ་བ་རྣམས་ཤིང་རྟ་ཆེན་པོའི་གཞུང་དང་རང་གི་བླ་མ་དམ་པའི་བཀའ་དྲིན་ལས་ཐོབ་པར་༼རྟེན་འབྲེལ་བསྟོད་པ་༽ཙམ་བཀླགས་ན་ཤེས་ཏེ།   ཁོང་གིས་ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ།།   དྲི་མེ་མཁྱེན་པའི་དཀྱིལ་འཁོར་རྒྱས།།   གསུང་རབ་མཁའ་ལ་ཐོགས་མེད་རྒྱུ།།   མཐར་འཛིན་སྙིང་གི་མུན་པ་སེལ།།  ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ།།   དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི།།  འོད་དཀར་འཕྲེང་བས་གསལ་བྱས་པ།  བླ་མའི་དྲིན་གྱིས་མཐོང་བའི་ཚེ།    བདག་གི་ཡིད་ཀྱིས་ངལ་གསོ་ཐོབ་།། ཞེས་གསུངས་པ་ལས།   འཇམ་དབྱངས་དྲིན་གྱིས་མཐོང་བའི་ཚེ་མ་གསུངས་པ་འདི་མངོན་གསལ་ཡིན་ལ།   འདི་ནི་དགེ་ལུགས་པ་ལ་སྐྱོན་འཛུགས་པ་ལྟར་དུ་སོང་ནའང་།  དོན་དུ་བོད་བརྒྱུད་ནང་བསྟན་སྤྱི་ལ་སྐྱོན་འཛུགས་པ་གསལ།   
  བདག་འགོག་ཚུལ་ངར་འཛིན་གྱི་རྟེན་ལ་དཔྱད་སྐབས་ཀྱང་བློའི་ལྕི་ཡང་ཞིག་གི་ཐོག་ནས་བཤད་ཀྱིན་མེད་པར།     འཁོར་བ་འཁོར་མཁན་གྱི་ང་དང་།   བདེ་སྡུག་མྱོང་བ་བོའི་ང་དེ་མེད་ན།   འཁོར་འདས་ལ་གཞི་མེད་པར་འགྱུར་བ་དང་།   དེང་དུས་རིག་གཞུང་གི་ལམ་ནས་བཤད་ན།  ཅི་ཡང་མེད་མདོ་མེད་རིང་ལུགས(虚无主义)སུ་འགྲོ་བའི་ཉེན་ཁ་ཆེ་པས།   ཀུན་རྫོབ་པའི་ང་དེ་ཁས་ལེན་པ་ཡིན་ལ།   སྤྱིར་ངར་འཛིན་གྱི་འདུ་ཤེས་དེ་ཡུལ་དང་ཡུལ་ཅན་གཉིས་སུ་དབྱེ་བ་ལས།     ཡུལ་གྱི་ང་ཟེར་བ་ནི་ལུས་སེམས་སྤྱི་ལྡོག་ལ་བརྟེན་ནས་ཡོད་པར་རྟོག་པས་བཏགས་པ་ཙམ་དང་།   ཡུལ་ཅན་གྱི་ང་ནི་ངར་འཛིན་རྟོག་པ་སྟེ།    གཟུང་ཡུལ་གྱི་ང་ནི་དུས་དང་།  འགྲོ་བ་དང་།   ལུས་སེམས་སོགས་ཕྲ་རགས་མ་ཕྱེ་བའི་སྤྱི་ལྡོག་གི་ང་དེ་ལ་འཇོག་པར་བཤད་ལ།   དེ་ནི་རྒྱུན་གྱི་ངོ་བོར་གནས་པ་ལས་རྟག་པ་མ་ཡིན་ལ་ཆད་པའང་མིན་ཞིང་།   རྒྱུན་གཅིག་ལ་གནས་སྐབས་ཀྱིས་ཐ་དད་པ་དང་།    ཡིན་ནའང་དོན་དམ་དཔྱོད་བྱེད་ཀྱིས་རིགས་ཤེས་ཚད་མས་དཔྱོད་པའི་ཚེ།    ང་དེ་ཕུང་བོ་གཉིས་གཅིག་མ་ཡིན།   ཐ་དད་ཀྱང་མ་ཡིན།    ཕན་ཚུན་བརྟེན་པའང་མ་ཡིན།   ལྡན་པའམ་མ་ཡིན།   ཕུང་བོ་ལྔའི་ཚོགས་པའི་ཚོགས་པའམ་མ་ཡིན།    དེའི་ཕྱིར་ང་དེ་རྙེད་པར་མ་གྱུར་མོད་ང་དེ་མེད་པ་མིན་ཏེ།  དེ་ཐ་སྙད་ཚད་མས་གྲུབ་པའི་ཕྱིར།     དེའི་རང་མཚན་དང་རང་བཞིན་གྱིས་གྲུབ་པའི་ང་དེ་མེད་པའི་ཕྱིར་ན་གང་ཟག་གི་བདག་མེད་དུ་འཇོག་པ་ཡིན་ལ།     དེའི་ཕྱིར་སྤྱིར་འཇིག་རྟེན་ཐ་སྙད་ཚད་མས་ཁས་ལེན་པའི་བདག་དེ་དགག་བྱ་མ་ཡིན་པ་སོགས་ཀྱི་གནད་འདི་མ་ཤེས་པར།   དགེ་ཆོས་ཀྱི་རྗེས་སུ་གཡམ་གྱིས་རྒྱུགས་པ་ནི་མི་འོས་པ་ཡིན་ནོ།།     
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།