གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༨

2012-05-29 13:18:00 ཨ་རྡོར། ཀློག་གྲངས། མཆན ཡོད།

  སེམས་ཙམ་པའི་རིགས་པ་ལ་སྐྱོན་སྤོང་གང་འདྲ་བྱེད། ཀུན་རྫོབ་ལ་རིགས་པའི་འཐད་པ་མི་བཅུག་པའི་རང་གི་གྲུབ་མཐའ་ལ་འགལ་སྤོང་ཇི་ལྟར་བྱེད། ཕྱི་དོན་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་གསར་པ་ཅི་ཞིག་འགོད་རྒྱུ་བཅས་རེ་རེ་ནས་གསུངས་ཤིག་དང་ལྟད་མོ་ཡོད། སྔོན་གྱི་དབུ་མ་པ་ཚོས་དེ་དག་ཁས་མི་ལེན་ཀྱང༌། དེང་སང་ང་ཚོས་དངོས་ལུགས་པའི་ལེགས་ཆ་བླངས་ནས་ཁས་ལེན་ཆོག་སྙམ་དུ་དགོངས་ན། དེ་ནི་སངས་རྒྱས་པའི་གྲུབ་མཐའ་ལ་དངོས་ཁམས་ཚན་རིག་གིས་ཁ་གསབ་བརྒྱབ་པ་ཙམ་ལས། སངས་རྒྱས་པའི་གྲུབ་མཐའི་ནང་དུ་དངོས་ཁམས་ཚན་རིག་ཡོད་པའི་དོན་དུ་མི་འགྲོ། ལར་ཁྱེད་ཀྱིས་དབུ་མའི་ལུགས་སུ་བཞེད་པའི་རྡུལ་ཕྲན་དེ་ཆ་བཅས་ཡིན་ནམ་ཆ་མེད་ཡིན། ཆ་བཅས་ཡིན་ན་ཆུང་མཐའ་རུ་ཇི་ལྟར་འཐད། ཆ་མེད་ཡིན་ན་རགས་པ་ཇི་ལྟར་རྩོམ། དཔྱད་པ་མི་འཇུག་ན་འདི་ལ་ཅི་ལ་འཚང་སོགས་མང་པོ་ཞིག་འདྲི་བར་འདོད་དོ། །
  ལྟོས་བཅས་ཚན་རིག་མདོ་སྡེ་པའི་གྲུབ་མཐར་འདུས་ཞེས་པ་ལ་ནི་དེ་བས་ཀྱང་སྙིང་པོ་མེད་དེ། མདོ་སྡེ་པའི་གྲུབ་མཐའི་ནང་དུ་ཡོད་པའི་ཨེའན་སན་ཌན་གྱི་ལྟོས་བཅས་ཚན་རིག་དེ། གཡས་གཡོན་རིང་ཐུང་སོགས་ཀྱི་ཐ་སྙད་ཕན་ཚུན་ལྟོས་ནས་འཇོག་དགོས་པར་བཤད་པ་འདི་ཨེ་ཡིན། འདི་མིན་ན་གང་དུའང་མི་འདུག་པས་ཁྱེད་རང་མིག་འཁྲུལ་པར་ཟད་དོ། །འདི་ཡིན་ན་གཡས་པ་གཡས་པར་འཇོག་པ་ལ་གཡོན་པ་ཞིག་ཡོད་དགོས་པ་དང༌། རིང་པོ་རིང་པོར་འཇོག་པ་ལ་ཐུང་ངུ་ཞིག་ཡོད་དགོས་པའི་གནས་ལུགས་འདི་ཤེས་མཁན་མི་བཅུ་གཉིས་སམ། ཡང་ན་མི་གཉིས་དང་ཕྱེད་ཀ་ལས་མེད་པའི་འཛམ་གླིང་འདི་མི་ཟད་ཁུར་བ་ཡིན་རྒྱུ་རེད། ངོ་བོ་ལྟོས་ནས་གྲུབ་པ་དང༌། ཐ་སྙད་ལྟོས་ནས་འཇོག་པའི་ཁྱད་པར་ཙམ་ཡང་མི་ཕྱེད་པའི་ལྟོས་བཅས་སྨྲ་བ་ཁྱོད་ནི་སྨྲ་བ་ལ་དགའ་བ་ཞིག་གོ །ཁྱེད་ཀྱིས་ཨེའན་སན་ཌན་གྱི་ལྟོས་བཅས་ཚན་རིག་འདི་ད་དུང་བདེན་རྫུན་ཐག་ཆོད་མེད། གལ་སྲིད་བདེན་པ་ཡིན་ན་ནི་མདོ་སྡེ་པའི་གྲུབ་མཐའི་ནང་དུ་འདུས་ཞེས་གསུངས་འདུག །འོ་ན་རྫུན་པ་ཡིན་ན་མདོ་སྡེ་པའི་གྲུབ་མཐར་བསྡུ་མི་འདོད་པ་ཨེ་རེད། དངོས་གནས་བྱས་ན་ལྟོས་བཅས་ཚན་རིག་འདི་བདེན་རྫུན་ཅི་ཡིན་ཁྱེད་ཀྱིས་ཐག་གཅོད་གནང་འོས་པར་འདུག་སྟེ། ཁྱེད་ལྟོས་བཅས་ཚན་རིག་མདོ་སྡེ་པའི་གྲུབ་མཐའི་ཆ་ཤས་ཙམ་དུ་བཞེད་པའི་ཕྱིར། ཡང་ན་ཁྱེད་དབུ་མའི་སློབ་དཔོན་རི་འདྲ་བ་ཞིག་གིས་མདོ་སྡེ་པའི་གྲུབ་མཐའ་དེ་བདེན་རྫུན་ཐག་མ་ཆོད་པར་ཕྱིས་བྱུང་ཚན་རིག་པའི་ཁ་ལ་རེ་དགོས་པ་ཨེ་ཡིན། ཡང་དོར་ཞི་སོགས་ཀྱིས། རྟེན་འབྲེལ་གྱི་ལྟ་བ་དང༌། ལྟོས་བཅས་སྨྲ་བའི་ལྟ་བ་གཉིས་དོན་གཅིག་རེད་ཟེར། ངོ་བོ་སྟོང་ཉིད་དང་དོན་གཅིག་རེད་ཟེར་རམ། རང་བཞིན་རྟེན་འབྱུང་དང་དོན་གཅིག་རེད་ཟེར། དང་པོ་ལྟར་ན་ལྟོས་བཅས་སྨྲ་བས་བདག་མེད་རྟོགས་ཟིན་པས་མི་རིང་བར་བདག་འཛིན་ཀྱང་སྤང་ནས་སངས་རྒྱས་པར་འགྱུར་རོ། །གཉིས་པ་ལྟར་ན་རྟེན་འབྲེལ་གྱི་དོན་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་དང། བུ་བསྐྱེད་པའི་ཆ་ནས་ཕ་རུ་འཇོག་པ་འདི་གཉིས་ཁོ་ན་ཡིན་པས། འདི་གཉིས་གང་ཞིག་ལ་ལྟོས་བཅས་སྨྲ་བའི་གོ་དོན་ཡོད་པ་ཡིན་ནམ།
སོ་ནམ་མ་བྱས་ན་སྟོན་ཐོག་མེད་པ་དང༌། བུ་མེད་པའི་མི་ལ་ཕ་རྒན་མི་ཟེར་བའི་གནས་ལུགས་འདི་འཛམ་གླིང་གི་མི་ཀུན་གྱི་སེམས་ལ་ངེས་པའི་རྒྱུན་ཤེས་ཤིག་ཡིན་པ་ལས་ཚན་རིག་པ་ཨེའན་སན་ཌན་གྱིས་གསར་དུ་རྙེད་པའི་གསང་བ་ཞིག་མིན་ལགས། གང་ཟག་ཅིག་གི་སྟོབས་ཤུགས་ལ་བརྟེན་ནས་དངོས་པོ་ཆུང་བའི་ནང་དུ་ཆེ་བ་བསྡུ་ཐུབ་པ་དང༌། དུས་ཚོད་ཐུང་ངུའི་ནང་ལ་རིང་པོ་འགྲོ་ཐུབ་པའི་རིགས་ལམ་ཞིག་ལྟོས་བཅས་ཚན་རིག་པས་རྙེད་མེད་ལ།

  ཚ་མདས་༼དང་པོ་ལྟར་ན་ལྟོས་བཅོས་སྨྲ་བས་བདག་མེད་རྟོགས་ཟིན་པས་མི་རིང་བར་བདག་འཛིན་ཀྱང་སྤངས་ནས་སངས་རྒྱས་པར་འགྱུར་རོ༽ཞེས་པ་ནི་སངས་རྒྱས་ཀྱི་ལྟ་བ་ཤིན་ཏུ་མ་རྟོགས་པའི་རྟགས་སུ་ཤེས་ཏེ།   ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་ལ།    དེ་དག་ཀྱང་སངས་རྒྱས་མ་ཡིན་པ་དང་།   བདག་འཛིན་ལའང་ཀུན་བཏགས་ཀྱི་བདག་འཛིན་དང་ལྷན་སྐྱེས་ཀྱི་བདག་འཛིན་གཉིས་སུ་དབྱེ་ལ།   བདག་མེད་རྟོགས་པ་ཙམ་གྱིས་སངས་རྒྱས་པར་མི་འགྲོ་བ་སོགས་སངས་རྒྱས་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་ཡིན་པ་གོ་བར་གྱིས་ཤིག   
  འདིར་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཨ་ལགས་དོར་ཞི་སོགས་ཀྱི་འདོད་ཚུལ་ལ་དགག་པའི་ཚུལ་གྱིས་ཨ་ཡིན་སི་ཐན་གྱི་སྒྲ་ལྟོས་བཅོས་སྨྲ་བ་དང་སངས་རྒྱས་ཀྱི་གཞུང་དུ་བཤད་པའི་སྟོང་དང་རྟེན་འབྱུང་གི་རིགས་པ་ལ་གཉིས་ལ་གང་བདེན་གང་རྫུན་ཞིག་བཤད་ཡོད་ལ།    ཡིན་ནའང་།   ཚིག་འདི་དག་ལ་བལྟས་ཚེ་ཚན་རིག་གི་དགོངས་པ་མ་ལོན་པར་ཁག་འགེལ་ས་མེད་མོད།    སངས་རྒྱས་ཆོས་ལུགས་ཀྱི་རྟེན་འབྲེལ་གྱི་རིགས་པའང་རྒྱུས་ལོན་ཅི་ཡང་མེད་པར་དམའ་འབེབས་དང་མཐོང་ཆུང་གི་སྐད་ཆ་གསལ་བས་ན།     དེ་དག་ལ་དག་ཐེར་བྱེད་པར་བྱའོ།།     དངོས་ལུགས་ལྟོས་བཅོས་སྨྲ་བ་དང་སངས་རྒྱས་ཆོས་ལུགས་རྟེན་འབྱུང་གི་རིགས་ལམ་གྱི་འདྲ་ས་བཤད་པ་ནི་ཨ་ལགས་དོར་ཞི་གཅིག་པོ་མ་ཡིན་ཏེ།    ནུབ་ཕྱོགས་ Colgate University  སློབ་གྲྭ་ཆེན་མོའི་ཆོས་ལུགས་དང་ཚན་རིག་སློབ་དཔོནVictor Mansfield ཡིས་བརྩམས་པའི༼སངས་རྒྱས་ཆོས་ལུགས་ཀྱི་དབུ་མའི་ལྟ་བ་དང་དངོས་ཁམས་རིག་པའི་ལྟོས་བཅས་སྨྲ་བ༽ཞེས་པའི་དེབ་ཏུ།    ༼སངས་རྒྱས་ཆོས་ལུགས་ཀྱི་རྟེན་འབྲེལ་གྱི་རིགས་པ་ལ་ནུབ་ཕྱོགས་ལྟོས་བཅས་སྨྲ་བའི་ཐ་སྙད་དུ་སྒྱུར་མཁན་ནི་ནུབ་ཕྱོགས་དབུ་མའི་ཞིབ་འཇུག་གི་སྲོལ་འབྱེད་མཁན་དུ་བཤད་པའི་ཨུ་རུ་སའི་མཁས་པ་ཆེའར་པཱ་ཚི་ཅིས་དང་མིར་ཐུས Murti  ཨ་རུའི་ཀི་ལོན་ཕི་ཡའི་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟི་མན  Robert Thurman སོགས་ཡིན་པར་བཤད་པས་ན།     རྟེན་འབྲེལ་pratityasamupadaཞེས་པའི་ཐ་སྙད་འདི་ལ་དེང་རབས་ཚན་རིག་གི་ལྟ་བ་ལས་འཕྲོས་པའི་་ལྟོས་བཅས་ཞེས་པའི་མཚན་ཉིད་འདིས་མཚོན་པ་མ་ཟད།   ཞིབ་འཇུག་པའི་ཁྲོད་དུ་དང་ལེན་དང་་བཀོལ་འགོ་ཚུགས།༽  ཞེས་བཤད་ཡོད་ལ།  གཞན་ཡང་།  ཁོང་གིས་དབུ་མའི་ལུགས་ཀྱི་སྟོང་བ་དང་རྟེན་འབྱུང་གི་ལྟ་བ་འདི་སྟབས་བདེ་བོའི་དཔེ་ཞིག་བླངས་ཡོད་པ་ནི།   དང་པོ་ཁོང་གིས་དབུ་མའི་ལུགས་དེ་དངོས་གཤིས་རིག་པ་དང་བསྡུར་བ་ནི་འདི་ལྟར།       དང་པོ་དབུ་མའི་ལུགས་ཀྱི་དབྱེ་ཞིབ་བྱེད་སྟངས་ལྟར་ན།     མདུན་གྱི་བཞིན་འདིར་དབྱིན་ཁྲི༣༠་རིང་ཚད་ཀྱི་ཞ་ལྕགས་འདྲེས་མའི་དར་ཤིང་ཤིག་ཡོད་པའི་དབང་དུ་བཏང་ན།  དེ་ནི་དངོས་སུ་ཡོད་པའི་རང་རྐྱ་ཐུབ་པའི་དངོས་པོ་ཞིག་གི་དཔེ་མཚོན་ཡིན་ཏེ།   ཉི་འོད་ཀྱི་འོག་ཏུ་སྐྱ་ཤིང་ངེར་དང་།  རླུང་གིས་གཡོས་ཚེ་སྒྲ་སྙན་པོ་སྒྲོག་པ་སོགས་ཀྱི་རྟགས་ལས་དངོས་པོ་དེ་རང་རྐྱ་ཐུབ་པའམ་རང་བཞིན་གྱིས་གྲུབ་པར་ཐེ་ཚོམ་ཅི་ཡོད།      
  དང་པོ་དབུ་མའི་ལུགས་སུ་དར་ཤིང་དེ་རང་བཞིན་གྱིས་མ་གྲུབ་པའི་སྒྲུབ་སྲོལ་མང་དུ་ཡོད་མོད།   འདིར་གོ་བདེ་བོར་བཤད་ན།    རིགས་གསུམ་གྱི་སྟེང་ནས་བཤད་ཆོག་སྟེ།     སྣང་ཚུལ་དེ་རྒྱུ་དང་རྐྱེན་ལ་ལྟོས་པ།   ཆ་དང་ཆ་ཅན་ལ་ལྟོས་པ།       སེམས་ཀྱིས་ཕར་བཏགས་པ་ཙམ་དུ་གྲུབ་པ་བཅས་སོ།།    དང་པོ་ལྟར་ན།   ང་ཚོས་དར་ཤིང་མཐོང་བ་ནི།  འོད་ཀྱི་ལྡོག་འཕྲོ་དང་བར་ཐག་ངེས་ཅན་ཞིག་གི་དབང་གིས་ཡིན་ལ།  གཞན་ཡང་།   དར་ཤིང་གཟོད་མ་ནས་ཡོད་པ་ཞིག་མ་ཡིན་པར།   ལས་གྲྭ་དང་བཟོ་བ་སོགས་བརྟེན་པ་ལྟ་བུའོ།   ཡིན་ནའང་རྒྱུ་རྐྱེན་འདི་དག་གིས་དར་ཤིང་དངོས་པོར་ཡོད་མེད་དང་།  རང་བཞིན་གྱི་གྲུབ་མིན་ལ་ཐེ་ཚོམ་ཟ་དཀའ་སྟེ།   རྒྱུ་མཚན་དར་ཤིང་དེ་སྲ་ཞིང་བརྟན་པའི་ངང་ང་ཚོའི་འདུན་དུ་འགྲེངས་ཡོད་པས་སོ།།    
  ཁ་ལི་ལོ་དང་ལོ་ཁི་སོགས་ཚན་རིག་པ་དག་གིས་མིའི་གཟུང་འཛིན་ཕན་ཚུན་ལྟོས་གྲུབ་ཀྱི་ནུས་པས་དར་ཤིང་གི་རང་བཞིན་གཉིས་པ་གྲུབ་པར་ཁས་ལེན་པ་སྟེ།  དར་ཤིང་གི་འོད།  ཁ་དོག   སྒྲ།   འཁྱག་ཤིང་ངེ་བ་སོགས་སོ། །     དངོས་ཁམས་རྫས་འགྱུར་སོགས་སུ་རང་བཞིན་གཉིས་པ་ནི་དར་ཤིང་གི་རང་བཞིན་དང་པོའི་རྨང་གཞི་ལས་བྱུང་བ་ཡིན།   རང་བཞིན་དང་པོ་ཟེར་བའང་དར་ཤིང་དངོས་པོར་ཡོད་པར་འདོད་པའི་དངོས་གཤིས་ཁ་ཤས་ཏེ།    དུས་ཚོད་དང་བར་སྣང་།  གོ་གནས།   སྤུས་ཚད།  རིང་ཚད།  ཚངས་ཐིག་སོགས་ལ་བྱའོ།    
  དུས་ཚོད་དང་བར་སྣང་ངེས་ཅན་འོག་ཏུ་མངོན་པའི་རང་བཞིན་གཉིས་པ་དག་ནི་དར་ཤིང་དངོས་པོར་ཡོད་པའི་ཚད་གཞི་ཙམ་ལ་བློ་ཡིས་འཇོག་ནའང་།    སྣང་བ་ལྟར་དུ་གྲུབ་མ་གྲུབ་གྱི་གཞི་གཙོ་བོ་ནི་རང་རྐྱ་ཐུབ་མིན་ལ་ཐུག་ཡོད་འདུག    རང་རྐྱ་ཐུབ་པ་ཟེར་བའང་།    སྣང་ཚུལ་གཞན་དང་།   རྟོག་དཔྱོད་དང་།  རིགས་པས་དཔྱད་པ་སོགས་ལས་རང་རྐྱ་ཐུབ་མིན་ལ་བཤད་པ་ཡིན།    ཡང་བསྐྱར་བཤད་ན།    ང་ཚོས་རྒྱུན་པར་གཟོད་མ་ནས་ཡོད་པ་དེ་དངོས་པོར་ཡོད་པའི་ཁུངས་གཏུགས་ས་བྱེད་བཞིན་ཡོད་པས།    དེ་ལྟ་བུའི་ཡུལ་དེ་གཟོད་མ་ནས་ཡོད་པའི་རང་བཞིན་སྟེ་དབུ་མ་བའི་དཔྱད་པར་བྱ་བའི་ཡུལ་གཙོ་བོའང་ཡིན་ཟེར།    
  དུས་ཚོད་ངེས་ཅན་དུ་གཟོད་མ་ནས་ཡོད་པའི་དངོས་པོ་དེ།    དུས་ཚོད་ངེས་གཏན་ནང་དུ་ཡུལ་དེའི་ཆ་ཤས་རེ་རེ་མི་འགྱུར་བར་གནས་པ་ཡིན་དགོས།   དུས་དེར་དུས་ཚོད་ཀྱི་བར་བརྒལ་དང་མི་འབྲེལ་ལ།   དུས་ཚོད་ཅི་ཙམ་ཐུང་རུང་།    རྒྱུ་མཚན་དུས་ཚོད་སྐད་ཅིག་མ་དེའི་ནང་དུ་ཡུལ་དེ་མི་འགྱུར་བར་རང་བཞིན་དུ་གནས་པ་དང་།     སངས་རྒྱས་ཆོས་ལུགས་ཀྱི་གོ་བ་ལྟར་ན།  དུས་ཚོད་དེ་རྒྱུན་དང་སྐད་ཅིག་མར་གནས་པའི་མ་རྡུལ་གྱི་རིགས་ལམ་ཡིན་པ་ལས།   དེར་འགུལ་བསྐྱོད་གནས་སྤོར་སོགས་མི་འདོད།   
གཟོད་མ་ནས་ཡོད་པ་ནི་ཡུལ་དེའི་རང་སྟེང་གི་གཤིས་སུ་གྲུབ་པ་ཞིག་ཡིན་དགོས་ལ།   དེ་ནི་རང་སྟོབས་ཀྱི་གནས་ཤིང་ནམ་ཡང་རང་ཉིད་ལ་ཁྱབ་པ་ཞིག་ཡིན་འོས།   ཡུལ་དེ་དུས་གང་རུང་དུ་རང་སྟོབས་ཀྱིས་གནས་ཤིང་ཡོད་པ་ཞིག་ཡིན་པར་བྱས་ན།   ཡུལ་དེ་དུས་ཚོད་ངེས་གཏན་དུ་ཡོད་པའི་རང་བཞིན་དང་དུས་ཚོད་རྗེས་མའི་ནང་དུ་ཡོད་པའི་རང་བཞིན་གྱི་བར་དུ་ཅི་ཡང་མི་འབྲེལ་བ་དགོས་ལ།   ཡུལ་དེ་དུས་ཚོད་སྔ་ཕྱི་གཉིས་ཀྱི་རང་བཞིན་ལ་འབྲེལ་བ་མེད་པར་ད་དུང་རྒྱུན་གྱིས་གནས་པ་ཡིན་ན།    དེའི་རང་བཞིན་མི་འགྱུར་བ་ཡིན་སྟབས།   དེ་ནི་འགྱུར་མེད་རྟག་པའི་རང་བཞིན་དུ་ཁས་ལེན་པ་ཡིན།    དེ་ལ་རྒྱུ་དང་རྐྱེན་གྱིས་ནུས་པ་མེད་པའམ་ཡིན་དགོས་པ་མ་ཟད།    འགྱུར་མེད་རང་བཞིན་གྱི་ངང་དུ་གནས་དགོས།   འགྱུར་མེད་རྟག་བརྟན་གྱི་རང་བཞིན་ལ་གནས་པའི་དར་ཤིང་་གི་རང་བཞིན་དེ་ལྟ་བུ་ཞིག་ཐ་ན་ཕྱོགས་རིས་མིག་ཅན་གྱིས་ཀྱང་ཁས་ལེན་པར་དཀའ་འོ།།      འདི་ནི་དུས་ཚོད་ཀྱི་སྟེང་ནས་བཤད་པ་དང་།  བར་སྣང་གི་ཆ་ནས་དེ་ལྟའི་འགལ་བ་ལྟག་སྤྲོད་དུ་འགྱུར་འགྲོ་བས།   ང་ཚོས་རང་བཞིན་གྱིས་གྲུབ་པའི་དར་ཤིང་ཞིག་སུས་ཀྱང་ཁས་ལེན་པར་དཀའོ།།     འདི་ལྟར་ཁོས་དབུ་མའི་ལུགས་ཀྱི་རང་བཞིན་གྱིས་མ་གྲུབ་པའི་ལྟ་བ་དེ་དངོས་ལུགས་རིག་པའི་ངོས་ནས་འགྲེལ་བརྗོད་གནང་ཡོད་པ་འདི་ནི་གནས་ལུགས་ཀྱིས་ཕྱུག་པ་ཞིག་ཏུ་ཁོ་བོ་འདོད་ལ།   གཞན་ཡང་། དབུ་མའི་རྟེན་འབྲེལ་དང་ཆ་འདྲ་བའི་དངོས་ཁམས་ཚན་རིག་གི་ཆོས་ཉིས་ཏེ་ཨ་ཡིན་སི་ཐན་གྱི་ལྟོས་གྲུབ་རིགས་པ་དེ་ཁོས་བཤད་རྒྱུར།  སླར་ཡང་ཁོས་དབྱིན་ཁྲི་༣༠་ཅན་གྱི་དར་ཤིང་གི་སྟེང་ལ་དཔེ་བླངས་ནས་བཤད་ཡོད་དེ།    དར་ཤིང་གི་མཐོ་ཚད་ནས་ནི་དབྱིན་ཁྲི་༡༥ཅན་གྱི་རླངས་འཁོར་འཇོག་ཁང་ལྡབ་གཉིས་མཐོ་ལ།   ཁང་བའི་སྒོ་དེ་མྱུར་ཚད་མཐོ་བའི་འཕྲུལ་སྒོ་གཉིས་སྤྲད་ཡོད་པའི་དབང་དུ་བྱས།   འདིར་རིང་ཚད་མཐའ་དག་ནི་གཏན་འཇགས་དཔེ་ལྟའི་དངོས་པོའི་བཏགས་གྲངས་ཡིན།    ལྟ་མཁན་དང་ཡུལ་གཉིས་ཀྱི་བར་ལ་ལྟོས་བཅོས་འགུལ་བསྐྱོད་མེད་པའི་སྐབས་སུ་ཚད་བླངས་ན།   མི་ཞིག་གིས་ལག་ཏུ་དར་ཤིང་བཟུང་སྟེ་ས་ངོས་དང་མཉམ་གཤིབ་ཀྱི་མགྱོགས་ཚད་འོད་ཀྱི་ལྡབ་0.9 རྒྱུགས་ན།    དར་ཤིང་དངོས་གནས་སྐད་ཅིག་མའི་ནང་དུ་ཁང་བའི་ནང་དུ་འཇུག་ཐུབ།   ཡང་བསྐྱར་བཤད་ན།    རླངས་འཁོར་འཇོག་ཁང་གི་ཐུན་པས་དུས་ཚོད་མཐུན་པའི་སྐད་ཅིག་མའི་ནང་དུ་སྣེ་གཉིས་ནས་སྒོ་གཏད་རྗེས༼རྗེས་སུ་མགྱོགས་པོར་ཕྱེས་༽།   དངོས་ལུགས་ཀྱི་ངོས་ནས་དར་ཤིང་ཁང་བའི་ནང་དུ་ཤོར་འགྲོ།     སྣང་ཚུལ་འདི་འབྱུང་བའི་རྒྱུ་མཚན་ནི་དར་ཤིང་ཁང་བར་ལྟོས་བཅོས་ཀྱིས་འོད་ཀྱི་ལྡབ0.9ཡི་མགྱོགས་ཚད་ཀྱི་སྐྱོད་ཚེ།    ཁང་བ་གཞི་བཟུང་འཇལ་ན།    དར་ཤིང་གི་རིང་ཚད་ལ་དབྱིན་ཁྲི༡༣ལས་མེད།    དཔེ་འདི་ལས།   སྒྲ་དོག་འཇུག་གི་ལྟོས་བཅས་སྨྲ་བའི་རིགས་ལམ་ཅུང་ཟད་ཅིག་གོ་ཐུབ་པ་དང་རིང་ཐུང་ཟེར་བའང་ཕན་ཚུན་ལྟོས་གྲུབ་ཞིག་དང་།    དེ་ནི་མགྱོགས་ཚད་དང་།     ཚད་འཛིན་སའི་དངོས་པོ་སོགས་ལ་ལྟོས་ནས་བཤད་པ་ཡིན་ལ།    ལྟ་བ་འདིས་ཐུང་ངུར་རིང་བོ་ཤོང་ཐུབ་པ་དང་།     ཆུང་ངུར་ཆེན་པོ་འཇུག་ཐུབ་པའི་དོན་སོགས་ལའང་ངེས་བ་རྙེད་པར་གྲོགས་བྱེད་ཐུབ་པ་མ་ཡིན་ནམ།     ཁོ་བོའི་ལྟ་བ་ཨ་ལགས་དོར་ཞི་དང་ར་བྷིར་ཐི་ཟིར་མན།Thurman    ཧ་བྷི་ཁིན།   Hobkins  Goodmanརྒོའུ་རྡི་མན།   Napper ནེ་ཕོར་སོགས་གྲགས་ཆེ་བའི་སངས་རྒྱས་ཆོས་ལུགས་ཉམས་ཞིབ་པ་དག་མཐུན་པར་དངོས་ལུགས་ཀྱི་གཞུང་ལུགས་ལྟོས་བཅོས་སྨྲ་བ་དང་སངས་རྒྱས་ཆོས་ལུགས་ཀྱི་སྟོང་དང་རྟེན་འབྱུང་གི་རིགས་པ་གཉིས་ལ་ཧ་ལས་དགོས་པའི་འདྲ་ས་ཡོད་པར་འདོད་ལ།   ཡིན་ནའང་།   སངས་རྒྱས་ཆོས་ལུགས་ནི་དངོས་ལུགས་མིན་པ་དང་།   དངོས་ལུགས་ནི་སངས་རྒྱས་ཆོས་ལུགས་མིན་པའི་གནད་འདི་ནམ་ཡང་གོ་དགོས།    གཞན་ཡང་།    རིགས་པ་འདི་གཉིས་ཞིབ་མོར་རྣམ་པར་སྡུར་པའི་རྩོམ་ཡིག་མང་དུ་སྤེལ་ཐུབ་ན་ནི་དེང་རབས་མཁས་པའི་ལག་རྗེས་སུ་བརྩི་འོས་པར་འདོད་དོ།།   ཡིན་ནའང་།   ཚན་རིག་ནི་ཅིས་ཀྱང་ཚན་རིག་ཡིན་པས།      དེ་ནི་ཐབས་ཤེས་ཤིག་གམ་རིགས་པ་ཞིག་ལས།   དེ་ནི་མེ་མདའ་ལྟར།   འཇིག་སྐུལ་བའི་ལག་ཏུ་ཤོར་ན་མི་སེར་དཀྱུས་མ་གསོད་བྱེད་ཅིག་དང་།   ཞི་བདེ་སྲུང་མཁན་གྱི་ལག་ཏུ་ཐོབ་ན་བདེ་འཇགས་སྲུང་བར་བཀོལ་བ་བཞིན་ལས།    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་སོགས་ཀྱི་ཐབས་འདི་སངས་རྒྱས་པ་མ་གཏོགས་ཚན་རིག་ལ་ནམ་ཡང་ཡོད་མི་སྲིད་སྙམ་མོ།།   

  དངོས་གཟུགས་ཤིག་གི་འགུལ་སྐྱོད་དང་འཐེན་ཤུགས་ལ་བརྟེན་ནས་དངོས་གཟུགས་གཞན་གྱི་ཚེ་ཚད་དང་བོངས་ཚད་འགྱུར་འགྲོ་བའི་རིགས་ལམ་ཞིག་སངས་རྒྱས་ཆོས་གཞུང་དུ་བཤད་མེད། སངས་རྒྱས་ཆོས་གཞུང་དུ། དངོས་པོ་ཆུང་བ་རྣམས་ཆེ་བར་བསྒྱུར། དུས་ཚོད་ཐུང་ངུ་རྣམས་རིང་པོར་བསྒྱུར། ཁ་ཟས་མི་ཞིམ་པ་རྣམས་ཞིམ་པར་བསྒྱུར། ལོང་བ་མིག་ལྡན་དང༌། ཞ་བོ་རྐང་བཟང་དུ་བསྒྱུར་བ་སོགས་མེད་པ་དང་མ་ཡིན་པ་མང་པོ་ཞིག་ཡོད་པ་དང་ཡིན་པར་བསྒྱུར་ཐུབ་པའི་ཚུལ་ཞིག་བཤད་ཡོད་ལ། དེ་ལྟར་བསྒྱུར་ཐུབ་པའི་རྒྱུ་མཚན་ནི་སངས་རྒྱས་མཐུ་རྩལ་ཆེ་བས་ཡིན་ཟེར། དེ་ལྟར་ན་དམྱལ་བ་ཞིང་ཁམས་དང༌། འཁོར་བ་མྱང་འདས་སུ་བསྒྱུར་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་བསམ་དགོས་ཤིང༌།

  གོང་དུ་བཤད་པ་བཞིན།   ཁྱོད་རང་མི་ཤེས་ཤེས་ཁུལ་གྱིས་དངོས་ལུགས་ཀྱི་ཐ་སྙད་མང་པོ་ཞིག་མཉམ་བསྲེས་མཉམ་སྦྱོར་བྱེད་པར་དགའ་བ་སྟེ།    འགུལ་བསྐྱོད་དང་།   འཐེན་ཤུགས།    བོངས་ཚད་སོགས་དངོས་ལུགས་ཀྱི་ཁྱབ་ཁོངས་མི་འདྲ་བ་རེ་རེའི་ཐ་སྙད་ཡིན་པས་དེ་དག་ལ་ཐད་ཀར་འབྲེལ་བ་མེད་ལ།   ཚེ་ཚད་ཟེར་བའི་དངོས་ལུགས་ཀྱི་ཐ་སྙད་ཅིག་གང་དུ་བཤད་མེད་པས་ན།   ཁྱེད་རང་ཆོས་ལུགས་ཀྱི་ཐ་སྙད་གོམས་ལོབས་སུ་ཕྱིན་པས་གང་བྱུང་དུ་ཚན་རིག་དང་ཆོས་ལུགས་ཐ་སྙད་མཉམ་བསྲེས་ཀྱིས་བེད་སྤྱོད་པ་ཡིན་ནམ།    དེ་ཡང་མཁས་དབང་དུང་དཀར་བའི་བཞེད་པ་ལྟར་བོད་དུ་དར་བའི་སྒྲུབ་བརྒྱུད་དེ་དག་ལ་རང་རང་གི་ཐ་སྙད་བཀོད་སྟངས་མི་འདྲ་བ་ཡོད་པས་ན།   དེ་ནི་ཁོ་ཚོའི་ཁྱད་ཆོས་ཤིག་ཏུ་བརྩི་དགོས་ལ།   རྙིང་མ་བཤད་པའི་སྐབས་སུ་བོན་གྱི་ཐ་སྙད་བཀོལ་མི་འོས་པ་སོགས་ཡིན་ལ།   དེང་གི་དུས་སུ་རིག་ཚན་མི་འདྲ་བ་རེ་རེ་ལ་ཐ་སྙད་བཀོད་སྟངས་མི་འདྲ་བ་རེ་ཡོད་པ་ཡིན་ལ།    མིའི་རིགས་རིག་པ་དང་།    ཁྲིམས་ལུགས་རིག་པ།   སློབ་གསོ་རིག་པ་སོགས་ཀྱི་ཁྱབ་ཁོངས་རེ་རེ་ནས་ཐ་སྙད་བཀོལ་སྟངས་མི་འདྲ་ལ།    གལ་ཏེ་ཐ་སྙད་གཅིག་ཡིན་པའི་དབང་དུ་བཏང་ནའང་གོ་བ་གཏན་ནས་མི་འདྲ་བས་ན།    ཐ་སྙད་གང་བྱུང་དུ་བཀོལ་བ་ནི་དེང་གི་རིག་གཞུང་ཉམས་ཞིབ་སོགས་རྣ་ཐོས་མེད་པ་དང་།   སྔོན་གྱི་གྲུབ་མཐའ་དག་ལའང་སྦྱངས་པ་ཞན་པའི་རྟགས་སུ་གསལ།    གཞན་ཡང་།   སངས་རྒྱས་ཆོས་གཞུང་དུ།    ཐུང་ངུ་རིང་བོར་བསྒྱུར་ཐུབ་པ་སོགས་བཤད་པ་ནི།     སངས་རྒྱས་ཆོས་གཞུང་མ་ཀློག་པར་འོལ་ཚོད་སྨྲ་བའི་རང་མཚང་ལས་མེད་ལ།   གལ་ཏེ།   རིག་གཞུང་ཞིབ་འཇུག་པ་ཞིག་ཡིན་པའི་དབང་དུ་བཏང་ན།   སངས་རྒྱས་ཆོས་གཞུང་གང་དུ་ཇི་ལྟར་དང་།   གཞུང་དེ་སངས་རྒྱས་ཀྱི་བཀའ་ཡིན་མིན་དང་།  གལ་ཏེ་ཡིན་ནམ་དུས་ནམ་ཞིག་ཏུ་གསུངས་པ་སོགས་གསལ་བོར་བཤད་དགོས་ལ།    དེ་ལྟར་མིན་པར།  གང་བྱུང་དུ།   ཆོས་ལུགས་སུའམ།    གཞུང་དུའམ།    མདོ་སྡེ་ཁ་ཤས་སུའམ།    ཇི་སྐད་དུ་སོགས་ཀློག་མཁན་མགོ་འཐོམ་པར་བྱེད་པའི་ཁ་ཕོ་དག་ནི་དེང་གི་དུས་སུ་མི་བྲིན།    གཞན་ཡང་།   སངས་རྒྱས་ནི་སྒྱུར་༼བྱེད་འབྲེལ་ལས་ཚིག༽་པ་པོ།   བྱེད་པ་པོ།    བཟོ་བཅོས་མཁན་སོགས་སུ་ནམ་ཡང་ཁས་མི་ལེན་ལ།   དེ་དག་ཁས་བླངས་ན་སངས་རྒྱས་པ་རང་ཉིད་ཀྱི་འཇིག་རྟེན་བྱེད་པོ་ཁས་ལེན་པའི་ཚངས་པ་སོགས་ཀྱི་གྲས་སུ་ཚུད་པས་ན།   དེ་དག་རྩ་བའི་དམ་བཅའ་ཡིན་ལ།      གཞན་ཡང་སངས་རྒྱས་ཀྱིས་མི་ཞིམ་པ་ཞིམ་པོར་གཏོང་ཐུབ་ཟེར་བའི་སྐད་ཆ་འདི་གང་ནས་བྱུང་བ་མི་ཤེས་ལ།   གལ་ཏེ་སྐད་ཆ་དེ་འདྲ་ཞིག་ཡོད་ན།   བྱིས་པ་སྣབས་བླུགས་ཁ་ཤས་ཀྱིས་བཤད་པའི་སངས་རྒྱས་ཡིན་པ་ལས།    མཁས་པའི་ཁྲོད་དུ་མི་སྲིད་ལ།    མི་ཞིམ་པ་ཞིམ་པོར་གཏོང་ཐུབ་མཁན་དེ་ཇ་མ་ཡིན་པ་ལས་སངས་རྒྱས་མ་ཡིན།     སྐད་ཆ་འདི་དག་ནི་ཆགས་སྡང་སློང་བའི་གཏམ་ལས་དཔྱད་པའི་རིན་ཐང་མ་མཆིས་པས་ན་མང་དུ་མི་སྨྲའོ།།  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།