གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༦

2012-05-27 13:03:00 ཨ་རྡོར། ཀློག་གྲངས། མཆན ཡོད།

  གཉིས་པ་ཁྱད་པར་གྱི་ཆ་ནས་ཚན་རིག་གི་གྲུབ་དོན་དང་མཐུན་མིན་གླེང་བ་ལ། རྒྱལ་བའི་དབང་པོའི་བཀའ་སློབ་ཅིག་ཏུ། ཕྱི་དངོས་པོའི་སྡོད་ལུགས་ཀྱི་སྐོར་ལ་སངས་རྒྱས་ཆོས་གཞུང་ལས་ཚན་རིག་པས་བཤད་པ་དག་དོན་ལ་གནས་པ་ཡོད། མ་གཞི་ཆོས་གཞུང་ནས་ཀྱང་རྡུལ་ཕྲན་གྱི་རྣམ་གཞག་སོགས་གསུངས་ཡོད་ཀྱང་ཚན་རིག་པས་བཤད་པ་ནང་བཞིན་ཁུངས་འཁྱོལ་པོ་དེ་འདྲ་མེད། སེམས་དང་སེམས་བྱུང་གི་ངོས་འཛིན་བྱེད་སྟངས་སྤྱི་དང། ལྷག་པར་དུ་ཚོར་བ་བདེ་སྡུག་གི་འཕོ་འགྱུར་དང༌། ཆགས་སྡང་གི་བསམ་བློར་གདོང་ལེན་བྱེད་ཐབས་སོགས་སེམས་ཁམས་འཕྲོད་བསྟེན་གྱི་སྐོར་ལ་ད་གཟོད་ཚན་རིག་པ་ཚོས་སངས་རྒྱས་པའི་གཞུང་གི་ནང་ནས་ལེགས་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་པ་རེད། ཅེས་ཕེབས་འདུག་ལ་འདི་ནི་སྐུ་ཉིད་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་དེའི་དགོངས་པའི་གནད་མ་ཤོར་ཞིང༌། དངོས་ཡོད་ཀྱི་གནས་ཚུལ་ལ་བསྙོན་མི་འདིང་བའི་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་གསུང་ཞིག་ཏུ་སྣང་སྟེ། ཨ་མདོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། དོན་དམ་པར་སངས་རྒྱས་ཆོས་ལུགས་ལ་ཤ་ཚ་ཞིང་སྙིང་ཉེ་བ་ཞིག་ཡིན་ཚེ་གཙོ་ཕལ་མཐོང་བའི་དགོངས་པ་གུ་ཡངས་མོ་ཞིག་བཞེས་ན་ལེགས་པ་ཡིན་གྱི། ལུང་ཚིག་ཕྲ་མོ་ཡན་ཆད་མ་ཉམས་པར་འཛིན་ཁུལ་གྱི་ལྐུགས་པ་ཨུ་ཚུགས་བྱས་པས་མི་ཕན་ཞེས་གསུངས་པ་ལྟར་རེད། འོན་ཀྱང་རང་རེའི་མཁས་པ་གཞན་ཕལ་མོ་ཆེ་ཞིག་ནི་དེ་ལས་ལྡོག་སྟེ་སྡིག་པ་མིག་བཙུམས་ཀྱིས་མཐའ་གཅིག་ཏུ་ཆོས་གཞུང་གི་རྣམ་གཞག་ཡོད་ཚད་ལ་འགེབས་སྲུང་བྱེད་རྐྱང་དང༌། དེའི་ཆེད་དུ་རྫུན་དང་གཡོ་འཕྲུལ་གྱི་བྱ་བྱེད་སྣ་ཚོགས་ཁབ་འགྲོ་འབིགས་འགྲོ་སྤྱད་ནས་དེ་ཉིད་བསྟན་པ་ལ་བྱ་བ་རླབས་པོ་ཆེ་བྱས་པ་ཡིན་པར་རློམ་བཞིན་འདུག །དཔེར་ན་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་ཞལ་ནས། དངོས་ཁམས་ཚན་རིག་ལ་སྔ་རབས་རྡུལ་ཕྲན་སྨྲ་བ་དང༌། ཉེ་རབས་ལྟོས་བཅས་སྨྲ་བ། དེང་རབས་ཚད་རྡུལ་སྨྲ་བ་བཅས་ཅུང་གླེང་རིན་ཡོད་པའི་ལུགས་གསུམ་ཡོད་པ་ལས། དང་པོ་ནི་བྱེ་སྨྲའི་གྲུབ་མཐའི་ཆ་ཤས་ཙམ་དང༌། གཉིས་པ་ནི་མདོ་སྡེ་པའི་གྲུབ་མཐའི་ཆ་ཤས་ཙམ། གསུམ་པ་ནི་སེམས་ཙམ་པའི་གྲུབ་མཐའི་ཆ་ཤས་ཙམ་ཡིན། ཁོ་བོས་མི་ལོ་ཉི་ཤུའི་རིང་ལ་ཞིབ་འཇུག་དང་འདྲི་རྩད་བྱས་པ་ལས་ཤེས་རྟོགས་བྱུང་བ་ནི། ཚན་རིག་པ་ཁོ་ཚོས་གསར་གཏོད་དང་གསར་རྙེད་དུ་རློམ་པ་དེ་དག་ང་ཚོའི་ངོར་དཀྱུས་མའི་ཤེས་བྱ་ཙམ་ཞིག་ལས་ཧ་ལས་འོང་བ་དང༌། ཡ་མཚན་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་རེད། ཅེས་སོགས་རང་རྟུག་གསེར་མགོ་དང༌། རང་རྣ་ལྷ་ཁང་གི་སྐད་ཆ་ཉན་མི་འདོད་པ་མང་པོ་ཞིག་གསུངས་འདུག་པ་ལྟ་བུ་རེད།

  རང་གི་གཞུང་ལུགས་དེ་གཞན་ལས་ཁྱད་དུ་འཕགས་པར་འདོད་པ་ནི་གྲུབ་མཐའ་སྨྲ་བ་སུའང་ཡོད་པའི་སེམས་ཁམས་ཡིན་པར་བཤད་ཆོག་ལ།   ཡེ་ཤུ་བ་དང་།   ཁ་ཆེ་བ།   ལྗོའུ་དང་།  མོར་མན།   ཏོའོ་བྷ་ཧ་ཡིས་སོགས་གང་གི་ལུགས་ལའང་རང་ཉིད་ཀྱི་བཤད་པ་དག་ཚད་མར་འདོད་པས་ན་ཆོས་ལུགས་ཆོས་ལུགས་སུ་གྲུབ་པའི་རྒྱུ་རྐྱེན་གཙོ་བོའང་ཡིན།     དེའི་ཕྱིར་མཁན་པོ་ཚུལ་བློས་རང་གི་ལྟ་བ་དེ་གཞན་ལས་ཁྱད་དུ་འཕགས་པར་སྒྲུབ་པ་ལ་ཡ་མཚན་པ་ཅི་ཡང་མེད་ལ།   ལྷག་པར་མཁན་པོ་ལྟར་རང་གི་གྲུབ་མཐའ་ལ་མི་ཟད་པའི་དད་པ་བརྟན་པོ་ཡོད་པ་མ་ཟད།  ཆོས་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས་བཤད་ན་དེ་ལས་ཀྱང་གནས་ལུགས་ཟབ་མོ་ཡོད་པ་དང་།  རྗེ་ཙོང་ཁ་བས་རྟེན་འབྲེལ་བསྟོད་པར།   རྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པའི།།   ཐུབ་པའི་ལུགས་བཟང་སྐྱེས་པ་ཐམས་ཅད་དུ།།   ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ།།  སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག།     ཞེས་རང་གི་གྲུབ་མཐའ་དང་བསྟན་པ་ལའང་སྲོག་ལྟར་གཅེས་དགོས་པ་རྗེས་འཇུག་པ་དག་གི་དམ་བཅའ་ཡིན་པའང་གསལ་ལོ།།   ཧ་ལས་དགོས་པ་ནི་ནང་བའི་གྲུབ་མཐའ་ལ་འཇུག་བཞིན་དུ་ནང་བའི་གྲུབ་མཐའ་ནི་རྫུན་འབའ་ཞིག་གོ་ཟེར་མཁན་དག་ཡིན་ཏེ།   གལ་ཏེ་རྫུན་ཡིན་ན་ཁྱོད་རང་ཅིའི་ཕྱིར་དེར་ཞུགས་པ་ཡིན་ཟེར་ནས་དྲི་བ་འདོན་པར་བྱེད་དོ།།    
 རང་གི་གྲུབ་མཐའི་དགོངས་པ་གཞན་ལས་དམན་པར་འདོད་པ་ནི་ཆོས་སྤོངས་ཀྱི་སྡིག་པ་ཡིན་སོགས་མདོ་རྒྱུད་དུ་མ་ནས་གསུངས་པས་ན།   མཁན་པོའི་བཤད་སྟངས་ལ་ཧ་ལས་རྒྱུ་ཅི་ཡོད།   རང་གི་རྩ་བའི་དམ་བཅའ་ནམ་ཡང་གཞིག་པ་མེད་པར་འདོད་པའི་གྲུབ་མཐའ་སྨྲ་བ་དག་ནི་རང་གི་རིགས་པ་རང་ཉིད་ལ་གདེངས་ཡོད་པའི་རྟགས་སུ་མངོན་ཏེ།    ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས།      བདེ་གཤེགས་བསྟན་པའི་གསུང་རབ་སེང་གེའི་སྒྲ།།   ལྟ་ངན་རི་དྭགས་མཐའ་དག་སྐྲག་པར་མཛད།།   སོགས་ཀྱི་ཚིག་ལས་ཀྱང་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ནི་གྲུབ་མཐའ་སྨྲ་བ་དག་གི་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ཤིག་ཡིན་པ་ལས།   རང་གི་གྲུབ་མཐར་གནས་ལུགས་མེད་པར་འདོད་ན་ནི་གྲུབ་མཐའ་སྨྲ་བའི་གྲས་སུ་ཅི་ལྟར་འཇོག    འདི་དག་ལ་ལེགས་པར་སོམས་ཤིག  

   འདིར་ཁོང་གི་སྐད་ཆ་དེ་ཚོའི་ངན་མཚང་རྣམས་རེ་རེ་བཞིན་དུ་བྲུས་ན། བྱེ་སྨྲའི་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དང༌། དངོས་ཁམས་པའི་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་གཉིས་ལ། རྡུལ་ཕྲན་ཞེས་པའི་མིང་ཙམ་ཞིག་ཐུན་མོང་དུ་ཡོད་པས་ཐུགས་ཚིམ་བཞིན་ཡོད་ན་མ་གཏོགས་དོན་གྱི་བར་ཐག་ནི་གནམ་དང་ས་ལས་ཀྱང་རིང་བ་ཞིག་ཡིན།
    བྱེ་སྨྲ་སོགས་སངས་རྒྱས་པ་ཚོས་རྡུལ་ཕྲན་གྱི་གོ་དོན་ཆེ་ཆུང་ཁོ་ནའི་ཆ་ནས་བཤད་པ་ལས་རིགས་དང་ནུས་པའི་ཕྱོགས་སུ་བསམ་བློ་འཁོར་ཐུབ་མེད། དེའི་དབང་གིས་ཆ་བཅས་དང་ཆ་མེད། ཐུག་བཅས་དང་ཐུག་མེད། ཡོད་པ་དང་མེད་པ་སོགས་འདྲ་མིན་བཅོ་བརྒྱད་སྨྲ་དགོས་བྱུང་ཡོད་ལ། སྨྲས་པ་དེ་དག་གི་ཁྲོད་དུ་ཁུངས་འཁྱོལ་བ་ནི་གཅིག་ཀྱང་མཐོང་རྒྱུ་མེད།

  རིགས་ཀྱི་ཆ་ནས་འབྱུང་བ་བཞི་དང༌། འབྱུང་འགྱུར་བཞི་སྟེ་རྡུལ་རྫས་བརྒྱད་དམ་དགུ་ལས་མེད་པར་འདོད་ཅིང༌། འདི་ནི་དངོས་པོའི་རྩོམ་གཞི་ས་ཆུ་མེ་རླངས་བཞི་རུ་འདོད་པའི་ནུབ་ལུགས་ཀྱི་ལྟ་བ་རྙིང་པ་དེ་རང་ཡིན། ཁྱེད་ཀྱིས་བྱེ་སྨྲའི་ལུགས་ཀྱི་དངོས་པོའི་རྩོམ་གཞི་འབྱུང་བ་བཞི་པོ་དེ་འབྱུང་བཞི་མཚན་ཉིད་པ་ལ་གོ་མི་དགོས་པས་གནའ་རབས་ཀྱི་ནུབ་ཕྱོགས་པས་བཤད་པ་དེ་དང་མི་འདྲ། ཞེས་གསུངས་འདུག་ཀྱང་འབྱུང་བཞི་མཚན་ཉིད་པ་ལ་གོ་དགོས་པར་མངོན་པ་མཛོད་ལས་བཤད་ཡོད་དེ། མེ་ལ་རླུང་རྡུལ་ཡོད་པའི་རྒྱུ་མཚན་དུ་མེ་ལྕེ་གཡོ་བ་དང༌། ཆུ་ལ་མེ་རྡུལ་ཡོད་པའི་རྒྱུ་མཚན་དུ་དངོས་རྫས་རུལ་བ་དང༌། རླུང་ལ་ས་རྡུལ་ཡོད་པའི་རྒྱུ་མཚན་དུ་ཐལ་བ་སྤུར་འགྲོ་བ་སོགས་བཀོད་ཡོད་པས་སོ། །རྡུལ་ཕྲན་དེའི་ཆེ་ཆུང་གི་ཚད་ཕྲ་རྡུལ་ཐེར་འབུམ་གཉིས་ལ་ཉེ་བ་ཞིག་ཕྲེང་བར་བསྟར་ན་ད་གཟོད་སོར་མོ་གང་ཞེས་བཤད་པ་དེའང་ཚོད་དཔག་ཙམ་ལས་ཤེས་ནས་སྨྲས་པ་མིན། དངོས་ལུགས་ཀྱི་མཐོང་བ་དང་ཡང་མི་འགྲིག་སྟེ། རྫས་འགྱུར་སྤྱིར་བཏང་བའི་གཞི་རྒྱུའི་ཚད་ཡིན་ན་ཕྲ་ཆེས་པ་དང༌། བར་རྡུལ་དང་གློག་རྡུལ་སོགས་ཀྱི་ཚད་ཡིན་ན་རགས་ཆེས་པའི་ཕྱིར་རོ། །བར་སྟོང་དང་འཐེན་ཤུགས་ཀྱི་རྣམ་གཞག་དེ་དག་ཀྱང་དམ་བཅའ་ལྟར་སྣང་ཞིག་བསྒྲུབ་པའི་ཆེད་དུ་གང་བྱུང་གང་དྲན་དུ་སྨྲས་པ་ཁོ་ན་ཡིན། མཐར་རྩ་བའི་དམ་བཅའ་སྦོ་ལུག་པའི་ཚེ་རྣམ་གཞག་དེ་ཚོའང་སྦོ་ལུག་པ་རེད། སངས་རྒྱས་ཉིད་ཀྱི་ཞལ་ནས། འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་པ་ཙམ་ལས་རྒྱུན་དང་སྐད་ཅིག་མའི་ཁྱད་པར་གསལ་པོར་མ་གསུངས། དེ་ཉིད་བྱེ་སྨྲ་ཁ་ཅིག་གིས། རགས་པ་རྒྱུན་གྱི་མི་རྟག་པའི་དོན་དུ་འདོད། མདོ་སྡེ་པ་སོགས་ཀྱིས་ཕྲ་བའི་མི་རྟག་པར་འགྲེལ་ཡང་མི་རྟག་པའི་གོ་དོན་ཡག་པོ་ཞིག་ངོས་ཟིན་མེད། དཔེར་ན་བྲག་རྡོ་རླུང་གིས་ཟད་པ་དང༌། སྲོག་ཆགས་རྒས་ནས་འཆི་བ། སྐྱེ་དངོས་འཚར་ནས་ལོངས་པ་སོགས་ནི་མཁས་བླུན་སུས་ཀྱང་ཤེས་པས་རིགས་པས་བསྒྲུབ་མི་དགོས། ཤིན་ཏུ་ཕྲ་བའི་རྡུལ་ཕྲན་སྐད་ཅིག་དང་པོ་དང༌། གཉིས་པའི་བར་ལ་ངོ་བོའི་ཐོག་ནས་འགྱུར་བ་ཅི་ཞིག་ཕྱིན་ཡོད་མདོ་སྡེ་པ་ལ་བཤད་རྒྱུ་མེད། སྒྲུབ་བྱེད་དུ། དང་པོར་མི་འཇིག་ཕྱིས་མི་འགྱུར། ཞེས་བཀོད་པ་དེ་ནི་བྱིས་པ་བཙས་འཕྲལ་མ་ཤི་ན་ཕྱིས་ཀྱང་མི་འཆི། ཞེས་པ་ལྟར་རིགས་པ་གོ་ཆོད་པ་ཞིག་མིན། དུས་ཀྱི་ཐུང་མཐའ་སེ་གོལ་གྱི་དྲུག་བཅུའི་ཆ་གཅིག་ཡིན་ཞེས་པ་ནི་གོ་བདེ་བའི་ཆེད་ཙམ་ལས། དོན་དུ་དུས་ཚོད་ཐུང་མཐའ་ཞིག་ལ་གོ་དགོས། ཞེས་པའི་ཉིད་ཀྱི་བཀའ་མོལ་དེའང་བློ་ལ་མི་འབབ་སྟེ། དུས་ཀྱི་ཐུང་མཐའ་གང་ཡིན་དཔྱད་པའི་ཚེ་དངོས་ཡོད་གསལ་པོར་གསུངས་དགོས་པ་ལས་གོ་བདེར་བྱས་པས་མི་ཆོག་ཅིང༌། ཐུང་མཐའི་ཚད་དེ་ཐུང་མཐའ་ཞིག་ཡིན་ཞེས་པ་ལ་ནི་གོ་རྒྱུ་ཅི་ཡང་མི་འདུག་གོ །དངོས་ཁམས་ཚན་རིག་པས་དངོས་གཟུགས་ཡོད་ཚད་བར་སྣང་སྟོང་པར་འཕུར་སྐྱོད་བྱེད་བཞིན་ཡོད་པར་བཤད་པ་ལས། ཐོ་བས་བཅོམ་ན་འཐོར་འགྲོ་བའི་རྒྱུ་མཚན་གྱིས་རྡུལ་ཕྲན་དུ་འདོད་པ་མ་རེད། ངོ་བོ་གསེར་དངུལ་ཟངས་ལྕགས་སོགས་གཞི་རྡུལ་མི་འདྲ་བ་བརྒྱ་དང་བཅུ་ལྷག་རྙེད་ཡོད་ལ། ས་ཆུ་མེ་རླུང་བཅས་ནི་རྫས་འགྱུར་གྱི་སྣང་ཚུལ་ཙམ་ལས་གཞི་རྡུལ་གྱི་གྲས་སུ་མེད། དཔེར་ན་དབྱང་རྡུལ་གཅིག་དང་ཆིང་རྡུལ་གཉིས་བཅས་མ་རྡུལ་གསུམ་འདུས་ཚེ་ད་གཟོད་ཆུ་ཡིན་པ་དང༌། དབྱང་རྡུལ་གཉིས་འདུས་ཚེ་ད་གཟོད་རླུང་ཡིན་པ་ལྟ་བུ་རེད། ཆེ་ཆུང་གི་ཚད་ནི་མ་རྡུལ་དུང་ཕྱུར་གཅིག་བཤིབས་ན་ལི་སྨིས་གཅིག་གམ་སོར་གང་ཙམ་ཡོད་ཟེར། མི་རྟག་པའི་དོན་ཡང་རྡུལ་ཕྲན་ཐམས་ཅད་ཤིན་ཏུ་མྱུར་བའི་སྒོ་ནས་འཕུར་སྐྱོད་བྱེད་བཞིན་ཡོད་པ་འདི་རང་ཡིན། ཚེ་སྲོག་དང་སྐྱེ་དངོས་རིགས་ཀྱི་འཕེལ་འགྱུར་དང༌། རྫས་འགྱུར་གྱི་འགུལ་སྐྱོད་སོགས་ལ་ནི་ཡོངས་ཁྱབ་ཀྱི་མི་རྟག་པའི་དོན་དེ་མི་ཚང༌། མདོར་ན་རྡུལ་ཕྲན་འཁོར་སྐྱོད་ཀྱི་རྣམ་གཞག་འདི་ཁས་མ་བླངས་ན་བར་སྟོང་དང༌། འཐེན་ཤུགས། འཕོ་འགྱུར་བཅས་ལ་འགྲེལ་བཤད་རྒྱག་ཐབས་མེད་ཅིང༌། བྱེ་སྨྲའི་གྲུབ་མཐའི་ནང་དུ་འཁོར་སྐྱོད་ཀྱི་རྣམ་གཞག་ཟུར་ཙམ་ཡང་མེད་པས་བར་སྟོང་སོགས་ཀྱང་མིང་ཙམ་དུ་གྱུར་པ་རེད། ལྷག་པར་དུ་མཁས་དབང་ཁྱེད་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། གྲུབ་མཐའ་གོང་མ་ཚོའི་ལུགས་ལ་བྱེ་མདོ་གཉིས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་དེ་ཐམས་ཅད་ཁུངས་མེད་རྟོག་བཟོ་འབའ་ཞིག་ཏུ་ཁས་ལེན་དགོས་པ་འདི་ཡིན། དེའི་ཚུལ་གསལ་པོར་ཞུས་ན། བྱེ་མདོ་གཉིས་ཀྱིས་ཕྱི་དོན་དཔྱད་བཟོད་དུ་ཡོད་པར་འདོད་ཀྱང་སྣམ་བུ་བཤིག་ན་སྣལ་མ་དང༌། བུམ་པ་བཅག་ན་གྱོ་མོ་དང༌། ནས་འབྲུ་འཐག་ན་རྩམ་པ་རུ་འགྱུར་འགྲོ་བས་སྣམ་བུ་དང༌། བུམ་པ། ནས་འབྲུ་བཅས་བདེན་པར་གྲུབ་ཅེས་སྨྲས་ན་མི་འགྲིག་པར་བསམ་སྟེ་མཐར་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལ་ཐུག་པ་རེད། ཕྱོགས་ཀྱི་ཆ་མེད་ཡིན་ན་རགས་པ་ཇི་ལྟར་རྩོམ་ཞེས་དྲིས་པའི་ལན་དུ། ཕན་ཚུན་ཐུག་རེག་མེད་པའི་བར་སྟོང་དང་བཅས་པ་ཡིན་ཟེར། འོ་ན་བྱེ་མ་ལྟར་འཐོར་མི་འགྲོའམ་ཞེས་དྲིས་པར། ལས་ཀྱི་མཐུ་དང་རྫས་ཀྱི་ནུས་པས་དམ་པོར་སྦྲེལ་ཡོད་ཟེར། གཟུགས་མཐའ་ཆ་མེད་དུ་ཁས་མ་བླངས་ན་འདི་འདྲའི་དྲི་བ་དྲིས་ལན་གང་ཡང་འོང་དོན་མེད་པ་རེད། ཕན་ཚུན་ཐུག་རེག་མེད་པའི་དབང་དུ་བཏང་རུང་དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གིས་བསྐོར་བའི་ཚེ། དབུས་རྡུལ་དེར་ཕྱོགས་རྡུལ་རེ་རེའི་ཕྱོགས་སུ་གཏད་པའི་ངོས་མི་འདྲ་བ་དྲུག་ཡོད་ན་དབུས་རྡུལ་ཆ་མེད་ཉམས་ཤིང༌། མེད་ན་དབུས་རྡུལ་ལ་གཏད་པའི་ཕྱོགས་རྡུལ་དྲུག་གི་ངོས་ཐམས་ཅད་ཀྱང་ཕྱོགས་གཅིག་ཁོ་ནར་གཏད་པའི་སྐྱོན་དུ་མི་འགྱུར་རམ་ཞེས་དྲིས་པ་ན། དྲིས་ལན་ཚིག་གཅིག་མ་ཐེབས་པས་རྡུལ་ཕྲན་ཆ་མེད་ཀྱི་དམ་བཅའ་དེ་རྩད་ནས་ཤོར་སོང་བ་རེད། བསྒྲུབ་བྱ་ཆ་མེད་ཀྱི་གྲུབ་མཐའ་དེ་ཤོར་ཚར་དུས་སྒྲུབ་བྱེད་བར་སྟོང་དང་འཐེན་ཤུགས་ཀྱི་སྐོར་དེའང་རང་ཤུགས་ཀྱིས་རྩིས་མེད་དུ་སོང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་


  འདིར་རྒྱུ་མཚན་མང་པོ་ཞིག་བཤད་པའི་ཁུལ་བྱས་ཡོད་ནའང་།   མཐར་གཏུགས་ན་སངས་རྒྱས་ཆོས་ལུགས་སུ་རྡུལ་ཕྲ་རབ་ཀྱི་བར་སྣང་དང་།    འཕོ་འགྱུར་དང་།    འཐེན་ཤུགས་སོགས་ཀྱི་རྣམ་བཞག་མེད་པར།   རྡུལ་གྱི་ཆེ་ཆུང་ཙམ་ལས་མེད་ཟེར་བ་འདི་ཡིན་པ་འདྲ་ནའང་།     མཁན་པོའི་བཤད་ལུགས་དེ་བདེན་པ་ཡིན་མིན་སོགས་སྐབས་སུ་མ་བབ་མོད།     ཚ་མདའི་བཤད་སྟངས་དེའང་ཧ་ཅང་གིས་རགས་པའི་དངོས་ལུགས་དང་རྫས་འགྱུར་གྱི་ཤེས་བྱ་ཉི་ཚེ་བ་དག་ཡིན་པ་གསལ་ཏེ།     རྒྱུ་མཚན་ནི་དངོས་ལུགས་ཀྱི་ཤེས་བྱའི་སྟེང་ནས་སངས་རྒྱས་ཆོས་ལུགས་ལ་དངོས་པོའི་གནས་ལུགས་བཤད་སྟངས་ཆ་ཚང་མི་འདུག་ཟེར་བ་ནི་ཧ་ཅང་དགོད་བྲོ་བའི་སྐད་ཆ་སྟེ།   དེ་ཡིན་ཏེ།  རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་དེ་དངོས་ལུགས་དང་རྫས་འགྱུར་མ་ཡིན་པར།  དེ་ནི་ཆོས་ལུགས་དང་མཚན་ཉིད་ཡིན་པའི་ཕྱིར།      དེ་ནི་ནུབ་ཕྱོགས་མཚན་ཉིད་རིག་པ་ན་རྡུལ་ཕྲ་རབ་ཀྱི་རིག་པ་དང་རྫས་འགྱུར་གྱི་རིག་པ་མི་འདུག་ཟེར་བ་དང་གཉིས་སུ་མ་མཆིས་པས་ན།   དེ་དག་རྒྱས་པར་བཤད་པའི་དགོས་པ་མ་མཆིས་མོད།   འདིར་མཁན་པོ་དང་ཚ་མདའ་སུ་ཡིན་རུང་།  དངོས་ཁམས་དང་རྫས་འགྱུར་གྱི་ཤེས་བྱ་དག་གོ་རིམ་དང་ལྡན་པར་སྦྱངས་མེད་ལ།   དེབ་ཁ་ཤས་དང་ཚིག་མཛོད་དྲ་ངོས་སོགས་ནས་རྙེད་པའི་དངོས་ལུགས་དང་རྫས་འགྱུར་གྱི་རིག་པ་ཐན་ཐུན་ཞིག་གིས་རིག་པ་འདི་གཉིས་གཤིབ་བསྡུར་གྱི་གོ་མི་ཆོད་ལ།   དངོས་ཁམས་དང་རྫས་འགྱུར་སོགས་ཀྱི་རིག་པ་ནི་རྩིས་རིག་གི་སྤྱི་འགྲོས་མང་པོས་ར་སྤྲོད་དགོས་པས་ན།     འདིར་ནུབ་ཕྱོགས་རྩིས་རིག་ལ་བག་ཆགས་མེད་པ་མ་ཟད་རྩིས་རིག་གི་སྤྱི་འགྲོས་གཅིག་ཀྱང་བརྩི་མ་མྱོང་བ་ཞིག་གིས་དངོས་ཁམས་དང་རྫས་འགྱུར་ཤེས་བྱ་བཀོལ་ནས་སངས་རྒྱས་ཆོས་ལུགས་མ་དག་པར་སྒྲུབ་པ་དང་།    སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱ་བཀོལ་ནས་ནུབ་ཕྱོགས་རང་བྱུང་ཚན་རིག་གི་རིག་ཚན་གཉིས་མ་དག་པར་སྒྲུབ་པ་ལ་མཆོག་དམན་གྱི་དབྱེ་བ་མེད་ལ།     དེ་ལས་ཀྱང་དགོད་བྲོ་བ་ནི་སངས་རྒྱས་ཆོས་ལུགས་ལ་སློབ་སྦྱོང་བྱེད་བཞིན་པའི་མི་ཞིག་གིས་ནུབ་ཕྱོགས་ཀྱི་རང་བྱུང་ཚན་རིག་གི་ཤེས་བྱ་བཀོལ་ནས་སངས་རྒྱས་ཆོས་ལུགས་མི་བདེན་པར་སྒྲུབ་པ་འདི་མ་ཡིན་ནམ།      སྤྱིར་སངས་རྒྱས་ཆོས་ལུགས་དང་རང་བྱུང་ཚན་རིག་བར་གྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་ནི།   སངས་རྒྱས་ཆོས་ལུགས་དང་རང་བྱུང་ཚན་རིག་གཉིས་ལ་སྦྱང་བ་མི་ཆུང་དེ་ཡིན་དགོས་ཏེ།    སྦྱང་བ་ཟེར་བའང་དེབ་རེ་གཉིས་ལ་བལྟས་པའམ།  གོ་ཐོས་དང་།    ཟེར་སྒྲོས་དྲ་ངོས་དང་ཚིག་མཛོད་སོགས་ཀྱི་ཤེས་བྱ་མ་ཡིན་པར།    རྒྱའི་དགེ་བསྙེན་ཆེན་པོ་王季同  尤智表  太虚  南怀瑾 སོགས་ནུབ་ཕྱོགས་སློབ་གྲྭ་ཆེན་མོ་ནས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་ལ་སྦྱངས་པ་མ་ཟད།   རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལའང་དགོན་སྡེ་ནས་སྦྱངས་པ་བྱས་ཏེ་མཐའ་འཁྱོལ་བའི་མི་ལ་མཚོན་ན་དེ་འདྲའི་འགན་དེ་ཐེག་ཐུབ་པར་འདོད་ལ།    ལྷག་པར་རྡུལ་ཕྲ་རབ་ཀྱི་རིག་པ་འདི་གཉིས་ཀྱི་བསྡུར་བ་ནི་ཝང་ཅིས་ཐོན་ལགས་ཀྱི་བྲིས་པའི་དཔེ་ཆ་སངས་རྒྱས་ཆོས་ལུགས་དང་ཚན་རིག་གི་སྡུར་བ་ཞེས་པའི་དེབ་ནང་གསལ་བ་དེར་བལྟས་ན་གཟོད་གོ་བ་སྐྱེས་སྲིད་པ་ལ།   ནུབ་ཕྱོགས་སུ་འདིའི་སྐོར་ཞིབ་ཏུ་བསྡུར་བའི་མཁས་པ་མང་བ་སྟེ། Victor Manfield དང་ Brain Weiss  སོགས་མང་པོ་ཡོད་པས་ན།   དེ་དག་གིས་ཇི་ལྟར་བསྡུར་བ་ལ་བལྟས་ནས་སྐད་ཆ་བཤད་ན་འགྲིག་པ་ལས།   རང་ཉིད་ཀྱི་འདི་ལྟར་ཡིན་ནམ་སྙམ་ནས་ཚོད་ཀྱིས་དཔོག་པ་ནི་མི་འོས་སོ།།        
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།