གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུ་མའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་དཔྱད་པ་ཞེས་པའི་རྩོམ་ལས་འཕྲོས་ཏེ་ཚ་བ་མདའ་སྨྱུག་ལ་བཤད་པ།༣

2012-05-25 11:10:00 ཨ་རྡོར། ཀློག་གྲངས། མཆན ཡོད།

  དེས་ན་རྒེ་རེད་སི་ནི་ནུབ་ལུགས་ཙམ་མ་ཟད་འཛམ་གླིང་གི་མཚན་ཉིད་རིག་པ་སྤྱིའི་འབྱུང་ཁུངས་སུ་བཤད་ཆོག་པར་སྙམ།

  ཀེ་རེ་སི་ནི་འཛམ་གླིང་གི་མཚན་ཉིད་རིག་པ་སྤྱིའི་འབྱུང་ཁུངས་ཡིན་ཞེས་པ་ནི་༼བོད་ནི་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན༽ཞེས་པ་ལྟར་རགས་པའི་སྐད་ཆ་ཞིག་ཡིན་ལ།   འཛམ་གླིང་གི་རིག་གནས་ཡོངས་རྫོགས་ཀེ་རེ་སི་ནས་བྱུང་བ་ཡིན་པ་ལྟར་དུ་སོང་འདུག    འཛམ་གླིང་གི་ཤེས་རིག་ལ།  ཤར་ཕྱོགས་དང་ནུབ་ཕྱོགས།  ཞི་པོ་ལེ་དང་།  ཨ་ཧྥེ་རི་ཁ།  ཨེན་ཏི་ཡན་དང་།  ཨེ་ལྗེབ།   ཨ་ལ་རབ་སོགས་མང་དུ་ཡོད་པ་ལས།   ཁྱོད་ཀྱི་ཤར་ཕྱོགས་མཚན་ཉིད་ལས་རྒྱའི་ཁུང་ཙི་孔子༼མ་ཤུ་ཀའི་སྔོན551-479༽ཡི་ལྟ་བ་སོགས་ཀྱང་གནའ་བོའི་ཀེ་རེ་སའི་མཚན་ཉིད་ལས་བྱུང་བར་འདོད་དམ།   གཞན་ཡང་།   སངས་རྒྱས་ཆོས་ལུགས་དང་།  བྲམ་ཟེ་ཆོས་ལུགས།  གཅེར་བུ་བའི་ཆོས་ལུགས།   ཏོ་ལུགས།  བོན་གྱི་ལུགས་སོགས་ཤར་ཕྱོགས་རིག་གནས་དང་ཆོས་ཀྱི་དཔེ་མཚོན་འདི་དག་ཀྱང་ནུབ་ཕྱོགས་ཀེ་རེ་སི་ནས་དར་བ་ཡིན་ནམ།     དེ་ཡིན་ན།    ཀེ་རེ་སི་ནི་འཛམ་གླིང་གི་རིག་གནས་ཀྱི་འབྱུང་ཁུངས་ཉག་གཅིག་ཏུ་སོང་འདུག་ལ།   གཞན་ཡང་།     ཁ་ཆེ་བ་དག་སོ་རེ་ཨ་རབ་ལ་མཇལ་ཕྱག་བྱེད་དུ་འགྲོ་བ་ལས་རོ་མར་སོང་བས་ཆོག་འདུག་ལ།      བོད་རྣམས་ལྷ་ས་དང་རྒྱ་གར་སོགས་ལ་གནས་མཇལ་དུ་འགྲོ་བ་ལས་དབྱི་ཐ་ལི་དང་རོ་མ་ལ་མཇལ་སྐོར་དུ་ཕྱིན་པས་ཡིན་འདུག   ཡིན་ནའང་།  ཁྱེད་རང་མ་གཏོགས་གཞན་དག་གིས་དེ་ལྟར་བྱེད་མི་སྲིད་དོ།།   

  དངོས་གཙོ་སྨྲ་བ། ཉེ་རབས་འགྱུར་མེད་དངོས་གཙོ་སྨྲ་བ། དེང་རབས་རྩོད་སྒྲུབ་དངོས་གཙོ་སྨྲ་བ་གསུམ། སེམས་གཙོ་ལ་ཕྱི་ཡུལ་སེམས་གཙོ་སྨྲ་བ་དང༌། རང་སྣང་སེམས་གཙོ་སྨྲ་བ། འཇིག་རྟེན་གསར་གཏོད་སྨྲ་བ་གསུམ་ཡོད། ད་དུང་དངོས་གཙོ་དང་སེམས་གཙོ་གང་ལ་ཡང་མི་གཏོགས་པའི་རྒྱུ་གཉིས་སྨྲ་བ་ཞེས་པའི་གྲུབ་མཐའ་ཞིག་ཀྱང་སྔར་ནས་དར་ཡོད་པར་འདུག་མོད་དེའི་སྲོལ་འབྱེད་པ་འདི་ཡིན་ཞེས་བཤད་པ་མ་མཐོང༌། ཕྱིས་ཀྱི་མར་ཁེ་སིའི་རིང་ལུགས་པ་ཚོས། མཚན་ཉིད་པ་ལ་དངོས་གཙོ་དང་སེམས་གཙོ་གཉིས་ལས་ཕུང་གསུམ་མི་སྲིད་ཅིང༌། རྒྱུ་གཉིས་སྨྲ་བ་ཡང་སེམས་གཙོ་པའི་ཁུངས་སུ་གཏོགས་པ་ཡིན་ཟེར་ཡང༌། རྒྱུ་མཚན་བཤད་རྒྱུ་མི་འདུག་པས་ཡིད་ཆེས་བྱ་དཀའ་བ་ཞིག་རེད། ཡང་མར་ཁེ་སིའི་རིང་ལུགས་པ་ཚོས། ཡེ་ཤུའི་ཆོས་ལུགས་སོགས་འཇིག་རྟེན་གསར་གཏོད་སྨྲ་བ་འདི་དངོས་གཙོ་མིན་པའི་ཆ་ནས་སེམས་གཙོ་པར་བཞག་པ་ཙམ་ལས། དོན་དུ་ལྷ་སྒྲུང་གི་རྣམ་པ་ཤས་ཆེ་བས་སེམས་གཙོ་ལས་ཀྱང་ལྟ་བ་དམན་པ་ཡིན་ཟེར། སེམས་གཙོ་ལས་ཀྱང་དམན་པ་ཡིན་ན་སེམས་གཙོ་པར་འཇོག་དགོས་དོན་མེད་མོད། བརྟགས་ཤིང་དཔྱད་ན་སེམས་གཙོ་སྨྲ་བའི་ཁྱད་ཆོས་ཚང་འདུག་སྟེ། དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོ་དང༌། ཁོང་གི་མངོན་འདོད་ནི་དངོས་པོ་ཀུན་གྱི་འབྱུང་ཁུངས་སུ་སྨྲ་བའི་ཕྱིར་རོ། །

  སྤྱིར་གོང་གི་དངོས་གཙོ་དང་སེམས་གཙོ་སོགས་ཀྱི་བགར་སྟངས་ལའང་དཔྱད་པ་ཡོད་ཀྱང་སྐབས་སུ་མ་བབས་པས་རེ་ཞིག་བཞག་མོད།     ཁྱོད་ཀྱི་གོང་གི་སྐད་ཆ་འདི་ལས་ཕལ་ཆེར་སེམས་གཙོ་བའི་ཁྱད་ཆོས་གཙོ་བོ་ནི།   དཀོན་མཆོག་འཇིག་རྟེན་བྱེད་པོར་འདོད་པ་དང་།    ཁོང་གི་བློ་གྲོས་ནི་དངོས་པོ་ཀུན་གྱི་འབྱུང་ཁུངས་སུ་འདོད་པ་གཉིས་ཡིན་པ་ལྟ་བུར་གོ་བ་ལེན་དགོས་པས།      མཚན་ཉིད་དང་ཆོས་ལུགས་ཀྱི་དབྱེ་བ་མ་ཤེས་པའི་རྟགས་གསལ་ལ།     སེམས་གཙོ་དང་དངོས་གཙོའི་ཁྱད་པར་གཙོ་བོ་ནི་འདུ་ཤེས་ཕྱི་ཡུལ་ལས་གང་གཙོ་ཕལ་གྱི་དབྱེ་བ་ཙམ་གྱི་སྟེང་ནས་གོ་བ་ལས་དཀོན་མཆོག་དང་འབྲེལ་བ་ཅི་ཡོད།     འདི་དག་ནི་ནུབ་ཕྱོགས་རིག་གཞུང་ལ་ཆ་རྒྱུས་ཅུང་ཟད་ཡོད་པ་ཅན་ཞིག་ཡིན་ན་ནི་ནོར་འཁྲུལ་མི་འབྱུང་ངོ།།    

  དངོས་གཙོ་དང༌། སེམས་གཙོ། རྒྱུ་གཉིས་སྨྲ་བ་གསུམ་གྱི་གོ་དོན་ནི། སེམས་སམ་འདུ་ཤེས་འདི་མ་གཞི་ནས་ཡོད་པ་ཞིག་མིན་པར་ཐོག་མར་དངོས་པོའི་འཇིག་རྟེན་ཏེ་རང་བྱུང་ཁམས་ཆེན་པོའི་ཉེར་ལེན་ལ་བརྟེན་ནས་ད་གཟོད་གསར་དུ་གྲུབ་པ་དང༌། བར་དུ་རང་རྐྱ་ཐུབ་ངེས་མིན་པར་དངོས་པོའི་འཇིག་རྟེན་ལ་བརྟེན་ནས་གནས་དགོས་པ་དང༌། མཐར་རྒྱུན་ཆགས་སུ་བསྲིང་མི་ཐུབ་པར་རྟེན་དངོས་པོའི་ནུས་ཚད་རྫོགས་ཚེ་ཡལ་འགྲོ་བ་བཅས་ཁྱད་ཆོས་དེ་གསུམ་ཚང་བ་ནི་དངོས་གཙོ་སྨྲ་བ་དང༌། དེ་གསུམ་ལྡོག་སྟེ་སྨྲ་བ་ནི་སེམས་གཙོ་སྨྲ་བ། དངོས་སེམས་གཉིས་ལ་ངོ་བོའི་སྟེང་ནས་ཐོག་མཐའ་བར་གསུམ་དུ་འབྲེལ་མེད་སྲད་བུ་དཀར་ནག་ལྟར་ཡོད་པར་འདོད་པ་ནི་རྒྱུ་གཉིས་སྨྲ་བའི་ལུགས་ཡིན། དེ་ལྟར་བྱས་ན་གྲུབ་མཐའ་དེ་གསུམ་པོ་གཞི་རྩའི་ཐོག་ནས་འཇིག་རྟེན་ལྟ་ཚུལ་མི་འདྲ་བ་གསུམ་ཡིན་པ་དང༌། འཇིག་རྟེན་ལྟ་ཚུལ་གྱི་རིགས་པའི་གཞུང་ལུགས་ལ་དེ་གསུམ་དུ་མ་འདུས་པ་ཞིག་ཡོད་མི་སྲིད་པ་དང༌། དེ་གསུམ་ཕན་ཚུན་དགག་སྒྲུབ་བྱས་ཚེ་གཞུང་ལུགས་ཀྱི་ཐོག་ནས་རྒྱལ་ཕམ་ཐག་ཆོད་ཀྱི་ནུས་པ་ཆེན་པོ་ལྡན་པ་དང༌། མི་ཚེའི་ལྟ་ཚུལ་དང༌། འཚོ་གནས་ཀྱི་དམིགས་འདུན་སོགས་ལག་ལེན་དངོས་ཀྱི་ཁྲོད་དུ་མཛུབ་སྟོན་གྱི་དོན་སྙིང་ཡག་པོ་ཡོད་པ་བཅས་གནད་དོན་གནད་འགག་ཅན་མང་པོ་ཞིག་རྟོགས་ཐུབ།
 
  གོང་དུ་བཤད་པ་འདིའང་དངོས་འགལ་ཆེན་པོ་སྟེ།    ཁྱོད་རང་གིས་བཤད་ན་མ་ཤུའི་ཀའི་ཆོས་ལུགས་སོགས་དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོ་དང་།  ཁོང་གི་མངོན་འདོད་ནི་དངོས་པོ་ཀུན་གྱི་འབྱུང་ཁུངས་ཡིན་པས་ན་སེམས་གཙོ་ཡིན་ཟེར་ལ།   ཡང་ སེམས་གཙོ་ཡིན་ན་ཁྱད་ཆོས་གསུམ་ཚང་དགོས་ཟེར་བ་སྟེ ་ཁྱོད་ཀྱིས་འདོད་པའི་སེམས་གཙོའི་ཁྱད་ཆོས་གསུམ་ནི།     སེགས་ལ་བརྟེན་ནས་རང་བྱུང་ཁམས་གྲུབ་པ།      སེམས་རང་རྐྱ་ཐུབ་པའི་སྒོ་ནས་དངོས་པོའི་འཇིག་རྟེན་ལ་མ་བརྟེན་པར་གནས་པ།   རྒྱུན་ཆགས་སུ་གནས་ཐུབ་པར་དངོས་པོའི་འཇིག་རྟེན་ཡལ་ནའང་སེམས་གནས་པ་བཅས་ཡིན་ལ།     ཡེ་ཤུའི་ཆོས་ལུགས་ཀྱི་མཚན་ཉིད་ལ་དེ་གསུམ་ཀའི་གང་ཚང་འདུག     གལ་ཏེ།   གསུམ་ཀའི་གཅིག་ཚང་བས་ཆོག་ན་གསུམ་འདྲེན་པའི་དགོས་པ་མ་མཆིས་སོ།།        གཞན་ཡང་།     དཀོན་མཆོག་གི་མངོན་འདོད་ལས་འཇིག་རྟེན་གྲུབ་ཟེར་བའང་ཡེ་ཤུའི་ཆོས་ལུགས་སོགས་ལ་བག་ཆགས་ཕྲ་མོ་ཙམ་ཡང་མེད་པའི་རྟགས་སུ་མངོན་ཏེ།     ཡེ་ཤུའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ནི་ཞལ་ཆད་རྙིང་བThe Books of the Old Testament དང་ཞལ་ཆད་གསར་མ་The Books of New Testaments  ཟེར་བ་འདི་ཡིན་ལ།     ཞལ་ཆད་རྙིང་པའི་རབ་བྱེད་དང་པོ།   འཇིག་རྟེན་སྐྲུན་པའི་ལེའུ་ལས།    དཀོན་མཆོག་གིས་དང་པོ་གནམ་ས་བྱས་པ་དང་།   དེ་ནས་འོད་དང་མུན་པ་བཟོས་ཟེར་བ་ལས།   དཀོན་མཆོག་གིས་ཐོག་མར་གནམ་ས་བཟོ་བའི་མངོན་འདོད་ལ་བརྟེན་གནམ་ས་བཟོས་ཞེས་པའི་སྐད་ཆ་མེད་ལ།   མདོ་འདི་དག་གི་སྐད་ཆའང་རང་བཟོ་བྱེད་མི་ཆོག་པ་ཤེས་དགོས།   གཞན་ཡང་།     ཡེ་ཤུའི་ཆོས་ལུགས་ལྟར་ན་མིའི་རིགས་མ་གཏོགས་བརྩེ་བ་དང་བྱམས་པས་རྒྱུད་མ་བརླམས་པར་འདོད་ལ།  རྒྱུ་མཚན་མིའི་རིགས་མ་གཏོགས་ཕྱི་ཡུལ་དེ་དཀོན་མཆོག་གི་བརྩེ་བས་མ་ཁྱབ་པ་སོགས་ཞིབ་ཆ་དག་ལེགས་པར་སྦྱོང་བ་ལས་ལོ་སྟོང་གི་ཆོས་ལུགས་དང་རིག་གནས་ལ་ཚིག་གཅིག་གིས་སྡོམ་ཚིག་བཀོད་པ་ཅོལ་ཆུང་གི་རྟགས་སུ་གསལ།    
  གོང་གི་དངོས་གཙོས་དང་སེམས་གཙོ་སོགས་ཀྱི་འདོད་ཚུལ་འདིའང་རྒྱལ་ནང་གི་མར་ལེ་གཞུང་ལུགས་ཀྱིས་ནུབ་ཕྱོགས་མཚན་ཉིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བཀོད་པའི་ཕྱོགས་སྡོམ་ཚིག་ཞིག་ལས་སྤྱི་ལ་ཁྱབ་པ་ཞིག་མིན་པ་ཤེས་ལ།      ཐ་ན་ནུབ་ཕྱོགས་སུ་དར་བའི་མར་ལེ་དགོངས་པ་དང་ཐག་ཧ་ཅང་རིང་བ་ཤེས།  ནུབ་ཕྱོགས་མཚན་ཉིད་རིག་པའམ་སྤྱི་ཚོགས་དབྱེ་ཞིབ་པ་ཆེ་གེ་མོ་ཞིག་གི་རྣམ་དབྱེ་བཟུང་ན།   འཇིག་རྟེན་གྱི་རྣམ་བཞག་མཐའ་དག་དེའི་ནང་འཇུག་འདོད་པ་ནི་ཞ་རས་གླང་ཆེན་ལ་རེག་པའི་དཔེ་ལས་མེད་ལ།    འཇིག་རྟེན་ལྟ་ཚུལ་ལ་དངོས་གཙོ་དང་སེམས་གཙོ།  རྒྱུ་གཉིས་སྨྲ་བ་ལས་མེད་ཟེར་བ་ནི་ནུབ་ཕྱོགས་མཚན་ཉིད་རིག་པ་ལ་དམའ་འབེབས་དང་མཐོང་ཆུང་གི་སྐད་ཆ་ལས་གཞན་ཅི་ཡང་མི་འདུག    རྒྱུ་མཚན་ནུབ་ཕྱོགས་སུ་དར་བའི་མཚན་ཉིད་རིག་པ་ནི་ལོ་རྒྱུས་རིང་ལ་གཞུང་ལུགས་ཆ་ཚང་བ།    གྲུབ་མཐའ་མང་བ་སོགས་ཁྱད་ཆོས་ཡོད་པས་ན།   རིགས་གསུམ་ལས་གཞན་མི་འདུག་ཟེར་ན་མི་ཡིན་ན་རྒྱ་བོད་སོག་གསུམ་གྱིས་ཁྱབ་འདུག་ཟེར་བ་ལྟར་དུ་དགོད་བྲོ་བར་སྣང་།   གཞན་ཡང་།   དངོས་གཙོ་དང་སེམས་གཙོ་སོགས་ཀྱི་ཁྱད་པར་དག་ལའང་ཧ་ཅང་རྨོངས་པ་སོགས་འདིར་མང་དུ་སྤྲོས་ཆོག་མོད་སྐབས་སུ་བབ་པའི་བརྗོད་བྱ་མ་ཡིན་པས་ཚིག་ཚོགས་ཀྱིས་སྤངས་སོ།།    

  སྐབས་བབ་ཀྱི་བརྗོད་བྱ་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་མཚན་ཉིད་རིག་པའི་མ་ལག་དང༌། འཇིག་རྟེན་ལྟ་ཚུལ་འདི་ཡང་གྲུབ་མཐའ་དེ་གསུམ་གང་རུང་ལས་མ་འདས་པས་གང་ཡིན་དཔྱད་ན།

  འཛམ་གླིང་གི་མཚན་ཉིད་ཡོངས་རྫོགས་གྲུབ་མཐའ་འདི་གསུམ་པོ་གང་རུང་ཡིན་དགོས་པའི་འདོད་པ་འདི་མར་ཁི་སི་སོགས་རྩོད་སྒྲུབ་དངོས་གཙོ་བའི་ལྟ་བ་ཡིན་ལ།     སངས་རྒྱས་ཆོས་ལུགས།   ཧིན་རྡུའི་ཆོས་ལུགས།   ཏོ་དང་རོའུ་ལུགས་སོགས་ཀྱི་མཚན་ཉིད་ཀྱི་ལྟ་བ་འདི་དག་ལ་ནུབ་ཕྱོགས་ནས་དར་བའི་མཚན་ཉིད་ཀྱི་གྲུབ་མཐའི་ཞྭ་མོ་གཡོག་མི་འོས་ལ།   ཕྱོགས་གཞན་ཞིག་ནས།  ལྟ་བ་འདི་དག་གཞི་མཐུན་དང་འདྲ་ས་ཙམ་ཡོད་སྲིད་མོད།   མཚན་ཉིད་རིག་པ་འདི་དག་བྱུང་སའི་ས་གནས་དང་།  ལོ་རྒྱུས།   རིག་གནས་སོགས་ཧ་ཅང་གི་ཐ་དད་པས་ན།      དེ་དག་གཅིག་ཏུ་ལྟ་བ་ནི་མི་འོས།      ལྷག་པར་དུ་ཆོས་ལུགས་མཚན་ཉིད་རིག་པའི་ལྟ་བ་རྙོག་འཛིང་ཅན་འདི་དག་ལའང་རིགས་གསུམ་ལས་མི་འདུག་ཟེར་བ་ནི་རིག་གསར་སོགས་ལྟ་བ་ངན་པས་ཤན་ཞུགས་འདུག་པ་ཧ་ཅང་གིས་གསལ།      གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་འཛམ་གླིང་ཧྲིལ་བོར་ལྟ་བ་གསུམ་དུ་ཐལ་བས།    མཚན་ཉིད་གྲུབ་མཐའ་མང་དུ་དབྱེ་བའི་དགོས་བ་མེད།   གྲུབ་མཐའ་དེ་དག་གིས་རང་ཉིད་གོང་གི་དེ་གསུམ་ཀའི་གང་རུང་ཡིན་མིན་ལ་དགག་སྒྲུབ་བྱེད་པས་ཆོག་འདུག་གོ།       ནུབ་ཕྱོགས་མཚན་ཉིད་རིག་པར་མཚོན་ནའང་།   མཚན་ཉིད་ལོ་རྒྱུས་སྨྲ་བ་བོ།  རྩིས་རིག་པ་དང་།  རྩོམ་པ་པོ་རོའི་སེའོ(Bertrand Russell1872-1970)ཡིས་བྲིས་པའི་ནུབ་ཕྱོགས་མཚན་འཕེལ་བའི་ལོ་རྒྱུས་ལས།   མཚན་ཉིད་རིག་པ་དང་དཀོན་མཆོག་སྨྲ་བ་དང་ཆོས་ལུགས་སྨྲ་བར་འབྲེལ་བ་ཡོད་པའི་རིག་གཞུང་ཞིག་ཏུ་ཆགས་ལ།   མཚན་ཉིད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ།   དེ་ལ་ཆོས་ལུགས་དང་རང་བྱུང་ཚན་རིག་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་ཡོད་པས་ན།  ཁོས་ནུབ་ཕྱོགས་མཚན་ཉིད་དེ་གནའ་རབས་མཚན་ཉིད་རིག་པ་།    ཡེ་ཤུའི་མཚན་ཉིད་རིག་པ།   ཉེ་རབས་མཚན་ཉིད་རིག་གསུམ་དུ་དགར་ནས་བཤད་ལ།   ཁོས་ཚན་རིག་དང་ཆོས་ལུགས།   སྤྱི་ཚོགས་ཐུན་མོང་དང་མི་ཉིད་རང་དབང་གི་རྙོག་དྲ་ཅན་གྱི་འབྲེལ་བ་ནས་མཚན་ཉིད་བར་ཕན་ཚན་བར་རྟེན་འབྲེལ་སོགས་མང་དུ་བཤད་པས་ན།   གཞུང་དེ་དག་ལ་བལྟས་ན་རིགས་དགར་སྔ་བའི་སྐྱོན་དག་སེལ་བར་མཐོང་།   

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།