གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆུང་སྐད་ཡིག་སློབ་དེབ་ཁྲོད་ཀྱི་ཞན་ཆ་འགའ།

2012-05-17 12:13:00 རྔོག་རུ་བ། ཀློག་གྲངས། མཆན ཡོད།

༄༅།།སྤྱིར་ཞིང་ལྗོངས་ལྔའི་མཉམ་བསྒྲིགས་སློབ་གཞི་སྟེ་སློབ་ཆུང་སྐད་ཡིག་སློབ་དེབ་རྩོམ་སྒྲིག་གི་བགྱི་བར་མཚོན་ན་ཆེས་རླབས་ཆེ་ཞིང་ཁུར་ལྕི་བ།ཚེགས་ཆེ་བའི་བྱ་གཞག་ཅིག་ཏུ་ངང་གིས་གྲུབ་ཡོད་ཅིང་།དེར་ཕྲད་དང་ཕྲད་ཀྱིན་པའི་དཀའ་ངལ་དང་གནད་དོན་ཡང་མི་ཉུང་བ་ལྷགས།ཡིན་ནའང་སློབ་དེབ་ཀྱི་སྤུས་ཀས་ཐད་ཀར་སློབ་གསོའི་རྒྱུ་སྤུས་ལ་ནུས་པ་དང་ཤན་ཤུགས་ངེས་ཅན་ཐེབས་དང་ཐེབས་བཞིན་ཡོད་པས་ན།སྐད་ཡིག་སློབ་དེབ་ལེགས་པོ་ཞིག་བསྒྲིག་ཅི་ཐུབ་ལ་འབད་རྒྱུ་ནི་མི་རིགས་ཤིག་དང་རིག་གནས་ཤིག  རྒྱལ་ཁབ་ཅིག་གི་རླབས་ཆེན་གྱི་བྱ་གཞག་ཉིད་དུ་ངང་གིས་འཁུམས་སོ་སྙམ།
  ད་ལྟ་ང་ཚོས་སྤྱད་དང་སྤྱོད་བཞིན་པའི་ཞིང་ལྗོངས་ལྔའི་སློབ་ཆུང་སྐད་ཡིག་སློབ་དེབ་ལ་མཚོན་ན་ལོ་རེའམ་དུས་ཡུན་ངེས་ཅན་རེ་བཞིན་བཅོས་བསྒྱུར་དང་ལེགས་བཅོས་ཀྱི་ཕྱོགས་སུ་གོམ་ཁ་སྤོ་བཞིན་མཆིས་ཀྱང༌།བསླབ་གཞི་འདིར་ད་དུང་བཀག་རྒྱའི་རང་བཞིན་ནམ་ཚད་བཀག་དབང་གིས་སྔོན་ཐོན་མི་རིགས་ཀྱི་སློབ་དེབ་ལྟ་བུའི་རྒྱུ་སྤུས་ལ་ཡེ་ནས་བསྡུར་ཐབས་མི་འདུག་ལ།ལྷག་པར་དུ་མི་རིགས་རིག་གནས་ཀྱི་ཆ་དང་ཡུལ་དུས་དགོས་མཁོ་ཡི་ཆ།འཇོན་ནུས་རྩལ་གསུམ་གྱི་ཆ་སོགས་གང་ནས་བལྟས་ནའང་ད་དུང་དེར་མི་འདང་བའི་ཆ་དང་བསྒྱུར་བཅོས་ཀྱི་ཆ་རེ་གཉིས་ཤིག་ལྷགས་ན།སྐྱོན་ལ་མཛུབ་མོ་བཙུགས་ན་བཟང་ལྷང་ལ་འབུད་པ་བཞིན་འདིར་སློབ་དེབ་ཀྱི་དགེ་མཚན་དང་ཁྱད་ཆོས་དག་ཟུར་དུ་བཞག་སྟེ་གླེང་བར་མི་བྱ།
  ང་ཚོས་ངེས་པར་དུ་དུས་རབས་ཀྱི་དགོས་མཁོ་དང་དངོས་ཡོད་ལ་དམིགས་ཏེ་དགེ་སློབ་ཀུན་ལ་སྤྲོ་བ་སྐྱེད་ཅིང་ཡུལ་དང་དུས་ཀྱི་སྟོང་ཆ་སྐོང་ཐུབ་པའི་སློབ་དེབ་ཅིག་ལ་དམིགས་རྒྱུ་ནི་ཤིན་ཏུ་གལ་ཆེ།རྒྱུ་མཚན་ནི་ད་ལྟའི་སློབ་དེབ་དེ་སྤྱད་ནས་མཐར་ཕྱིན་པའི་སློབ་མ་མང་ཆེ་བར་མཚོན་ནའང་ངག་ལ་འབྱོར་བའི་ཚིག་སྦྱོར་བདེ་མོ་རེའམ་གོ་སླ་བའི་ནང་དོན་རེ།ངག་ལ་བྱང་བའི་སྦྱོར་ཀློག་རེ་ཡང་ཐོགས་མེད་དུ་འགྲོ་ཐུབ་ཀྱིན་མི་འདུགདེའི་སྟབས་ཀྱིས་གོང་འོག་ཀུན་ནས་བསླབ་གཞི་བཅོས་སྒྱུར་བྱ་རྒྱུ་གནད་དུ་བཟུང་སྟེ།འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར།རོགས་རམ་བཅས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད་པས།འདིར་མིག་སྔའི་སློབ་དེབ་ཁྲོད་དུ་ལྷགས་པའི་ཞན་ཆ་འགའ་མིག་ལ་གང་ཐོགས་ལྟར་གླེང་བར་བྱ་བ་ལ།   
  (༡)འདེམ་སྒྲིག་ཕྱོགས་ཀྱི་ཞན་ཆ།
  ད་ལྟ་སློབ་ཆུང་གི་སྐད་ཡིག་དེབ་བཅུ་གཉིས་པའི་བདག་ཉིད་ཅན་དུ་བསྒྲིགས་ཡོད་པ་དེ་སྔར་གྱི་སློབ་དེབ་དང་བསྡུར་ན་སྤྱིའི་ཆ་ནས་གྲ་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་མོད།ཡིན་ཡང་བྱེ་བྲག་ཏུ་སྔར་གྱི་ལེགས་ཆ་མི་ཉུང་བ་ཞིག་ཀྱང་མེད་བརླག་ཏུ་བཏང་ཞིང་།ཅི་ཞིག་གི་སྟོང་ཆས་ནམ་ཡང་སློབ་མའི་ཁམས་མོས་དང་མི་བསྟུན་པའི་སྣང་ཚུལ་ཡང་ཅི་རིགས་གདའ།
  གོ་རིམ་བཀོད་སྒྲིག་གི་ཕྱོགས་ནས་སློབ་དེབ་ཁྲོད་ཀྱི་རྩོམ་འབྲིའི་ཤེས་བྱ་དང༌།རྒྱུན་མཁོའི་ཡིག་རིགས།དག་ཡིག སུམ་ཅུ་བའི་སྐོར་གྱི་ཤེསབྱ་སོགས་དེབ་བཅུ་གཉིས་པོར་བསྟུད་འགོད་དམ་ཁྱབ་པར་བཀྲམས་ཏེ་བསྒྲིགས་པས།ནང་དོན་དག་ཐར་ཆགས་སུ་སློབ་མའི་རྒྱུད་ལ་འཇོག་མི་ཐུབ་པ་ལས་གཞན་ཁྲིད་མཁན་ལ་ཡང་དཀའ་ངལ་གང་མང་བཟོ་བཞིན་ཡོད།དེ་ནི་སྔོན་ཐོན་ནམ་མི་རིགས་གཞན་པའི་སྒྲིག་ཐབས་ལེགས་ཤོས་སུ་སྣང་ཡང་རང་རེའི་བོད་སྐད་ཡིག་ལ་མཚོན་ན་དེ་ནི་དགེ་མཚན་བྲལ་བའི་སྒྲིག་ལུགས་ཤིག་ཏུ་འདོད།རང་རེའི་གནའ་དེང་གང་ལ་མཚོན་ནའང་སུམ་རྟགས་དང་དག་ཡིག  སྙན་ངག་སོགས་གང་ཡིན་རུང་མགོ་མཇུག་ཚང་བའི་སྒོ་ནས་བསྟུད་མར་ཁྲིད་པ་ལས་སིལ་བའི་རྣམ་པས་ཆ་ཤས་སུ་བགོ་བའི་ཁྲིད་སྟངས་ཤིག་བྱུང་མེད་མོད།ཡིན་ཡང་བློ་རབ་འབྲིང་ཐ་གསུམ་ལྟར་དཀའ་སླ་དང་རྒྱས་བསྡུས་བཀར་ཏེ་སྒྲིག་ཚུལ་ཞིག་ཡོད་པར་སྣང༌།དེ་ལྟར་གཞུང་ཞིག་ཆ་ཤས་དུ་མར་བགོས་ནས་ཁྲིད་པ་ཡིན་ན།སྔར་བསླབས་པའི་ནང་དོན་དེ་གསར་དུ་ཁྲིད་དགོས་པའི་མཚམས་ལ་སླེབས་དུས་ཕལ་ཆེར་བརྗེད་ངས་ཀྱི་རྐུན་པོས་ཁྱེར་མི་འགྲོ་བའི་ངེས་པ་འང་མི་འདུག
  འདེམ་བྱ་གཙོ་ཕལ་གྱི་ཕྱོགས་ནས་སྔར་གྱི་སློབ་དེབ་ཏུ་སློབ་ཆུང་དག་ཡིག་ཅེས་པ་ཞིག་ཡོད་པ་དེ་ནི་གོ་སླ་ཞིང་སློབ་མའི་བློ་ཁ་དང་འཚམས་པར་འདུག་ཀྱང་དེའི་ཚབ་ཏུ་དག་ཡིག་མཁས་པ་དགའ་སྐྱེད་བདམས་ཡོད་པ་དེ་སློབ་མས་གོ་དཀའ་བ་ལས་གཞན་མིང་དང་ཐ་སྙད་མང་པོ་ཞིག་རང་རེའི་སྐད་ཆའི་ཁྲོད་དུ་བཀོལ་སྤྱོད་ཀྱི་རྒྱ་ཆུང་བ་དང་།ཆོས་ཕྱོགས་ཀྱི་ཐ་སྙད་མང་པོ་མང་པོ་ཞིག་ཀྱང་དེ་ལྟར་བེད་མེད་དུ་མི་ལུས་རང་ལུས་སུ་གྱུར་ཡོད།
  སློབ་དེབ་ཀྱི་ཕྱི་དབྱིབས་དང་མཛེས་རིས་བཟོ་བཀོད་ཀྱི་ཆ་ནས་ཡུལ་དུས་ཀྱི་དགོས་མཁོར་མཐུན་པའི་རི་མོ་དང་རིས་དབྱིབས་ཀྱིས་དབེན་པ་སྟེ།བར་བཅུག་རི་མོ་མང་ཆེ་བ་འདྲ་དབྱིབས་ཙམ་ལས་དངོས་ཡོད་ཀྱི་བྲོ་བས་སྟོང་བ་དང༌།རྒྱབ་ཕྱོགས་ཀྱང་མིག་ལ་མཛེས་ཤིང་སྤུས་ཀ་ལེགས་པོར་མི་འདུག རྐྱེན་དེས་ཕྱི་དབྱིབས་དང་བར་བཅུག་རི་མོ་གང་ཡིན་ཡང་རབ་བྱུང་ན་འདྲ་པར་རམ་འདྲ་རིས་དངོས་ལྟ་བུའི་རིགས་སྤྱོད་ཅི་ཐུབ་ལ་གཞོལ་རྒྱུ་ནི་གལ་ཆེ་བར་མཐོང་ངོ་།།     
  (༢)གཞན་འགྱུར་གྱི་ཐ་སྙད་དང་བསྒྱུར་རྩལ་ཕྱོགས་ཀྱི་ཞན་ཆ།
  སྤྱིར་སློབ་དེབ་ནི་སྣ་མང་ཕུན་སུམ་ཚོགས་པའི་ཚོང་རྫས་བཞིན་བྱིས་པའི་དགོས་འདུན་ལྟར་གང་འདོད་འདེམ་ཆོག་པ་ཞིག་ཡིན་འོས་པས།དེའི་ཁྲོད་དུ་ངེས་པར་ཕྱི་ནང་གང་གི་གྲགས་ཅན་མི་སྣའི་བརྩམས་ཆོས་རེ་གཉིས་བསྒྱུར་ན་བཟང་མོད། ཡིན་ནའང་ད་ལྟའི་སློབ་དེབ་ཁྲོད་ཀྱི་གཞན་འགྱུར་ཐ་སྙད་དམ་བསྒྱུར་རྩོམ་མང་ཆེ་བར་དེ་འདྲའི་དགེ་མཚན་མེད་པ་ལས་གཞན་རྩོམ་ཉམས་དང་ཚིག་སྦྱོར་འབྱོར་མོ་རེ་ཡང་འབྱུང་ཐུབ་མི་འདུག དཔེར་ན།གཞན་འགྱུར་ཐ་སྙད་དེ་ཧྥེ་ཅི་དང་ཧྲ་ཧྥ།ལ་ཙི་ལྟ་བུ་རང་སྐད་ན་ཡོད་བཞིན་དུ་དེ་ལྟར་སྒྲ་བསྒྱུར་བྱ་དགོས་དོན་ཅི་ཞིག་ཡོད་དམ།ཐ་སྙད་བསྒྱུར་མི་ལེགས་པ་དཔེར་ན།ཤེལ་གྱི་སོ་ཕག་དང་རི་བོ་སྤྱང་སོའི་སྟེང་གི་དཔའ་རྒོད་ལྔ།ཆུ་བོ་ཆུང་ཆུང་སོགས་མང་དུ་ཡོད་ཀྱང་འདིར་ལག་ལ་གང་ཐོགས་ཤིག་དྲངས་པ་ལས་ཡོད་ཚད་འདྲེན་དགོས་ཚེ་གྲངས་ཀྱིས་ག་ལ་ལང་།སྤྱིར་ཆུ་བོ་ཞེས་པ་ནི་མ་གཞི་ནས་ཆུ་ཕྲན་ལ་མི་གོ་བར་ཆུ་ཆེན་པོར་གོ་མོད།ཡིན་ནའང་དེའི་རྗེས་སུ་ཆུང་ཆུང་ཞེས་སྦྱར་ཚེ།མིང་དེའི་དོན་ལ་གོ་རྒྱུ་ཞིག་གདའ་འམ།སོ་ཕག་ཅེས་པ་ནི་ས་བསྲེགས་པའི་གྱོ་མོག་ལ་ཟེར་བ་བདེན་ན།ཤེལ་གྱི་སོ་ཕག་ཅེས་བརྗོད་ཚེ་ཅི་ཞིག་ཏུ་འགྱུར་རམ།རི་བོ་སྤྱང་སོ་ཞེས་མིང་དེ་དོན་བསྒྱུར་བྱས་པ་ལ་དགོས་པ་ཆེར་མི་འདུག་སྙམ།རྒྱུ་མཚན་ནི།ཇི་སྐད་དུ་མིང་དུ་གདགས་པར་མ་མཛད་ན།།འཇིག་རྟེན་ཀུན་ཀྱང་རྨོངས་པར་འགྱུར།།ཞེས་གསུངས་པ་བཞིན་མིང་འདོགས་པའི་དམིགས་ཡུལ་ནི་ངོས་འཛིན་གྱི་ཆེད་དུ་ཡིན་ཙ་ན།ནང་ལོགས་ས་ཆའི་རི་བོ་ཞིག་གི་མིང་དེ་དོན་བསྒྱུར་བྱས་པས་ངོས་འཛིན་རྙོག་འཛིང་དུ་བཏང་བ་ཙམ་ལས་མིང་དེའི་ཁྱབ་རྒྱ་དང་བཀོལ་རྒྱས་རང་རེ་ལ་ཕན་ཏིལ་འབྲུ་ཙམ་ཡང་ཡོད་རེ་སྐན།
  དེ་དང་འདྲ་བར་བསྒྱུར་རྩོམ་དང་འགྱུར་རྩོམ་མང་ཆེ་བར་ཡུལ་དུས་དང་དངོས་ཡོད།ཁོར་ཡུག་བཅས་ལ་མི་བསྟུན་པའི་སྣང་ཚུལ་ཅུང་ཚབས་ཆེ་བས།ཁྲིད་མཁན་དང་སློབ་མཁན་གང་ཡིན་རུང་དངོས་ཡོད་དང་གྱེས་པའི་ལྐོག་གྱུར་ཞིག་ལ་གདོང་གཏོད་རྒྱུ་ནི་ཅུང་ཁག་པར་སྣང༌།
   རྐྱེན་དེས་ང་ཚོས་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་སྒྲིག་བཀོད་མིག་ལ་མཛེས་ཤིང་ཡིད་དུ་འབབ་པ།ནང་དོན་གྱིས་གཞན་གྱི་སྤྲོ་བ་སློང་ཐུབ་ཅིང་དང་བ་ཅིག་ཅར་དུ་འདྲེན་ཐུབ་པ་སྟེ།དཀའ་སླ་དང་རྒྱས་བསྡུས་རན་པའི་སྒོ་ནས་སུམ་རྟགས་དག་གསུམ་དང་རྩོམ་འབྲིའི་ཤེས་བྱ།རྒྱུན་མཁོའི་ཡིག་རིགས། རྨང་གཞིའི་ཤེས་བྱ་བཅས་དུས་བཅད་སྒོས་སློབ་དེབ་ཏུ་བཀོད་སྒྲིག་བྱེད་པ་དང༌།རང་ལ་ཡོད་པའི་ཐ་སྙད་དང་མིང་ཚིག་རྣམས་ཅི་ལྕོགས་ཀྱིས་སྤྱོད་རྒྱུ་ལས་གཞན་ཕྱི་ནང་གི་གྲགས་ཆེའི་རྩོམ་ཡིག་དག་ཆེད་ལས་ལོ་ཙཱ་བའམ་བསྒྱུར་བཟང་བའི་མི་སྣ་ཚོར་བསྒྱུར་ཏུ་འཇུག་པའམ་ཞུ་དག་བགྱི་རུ་བཅུག་སྟེ།ལེགས་གྲུབ་བྱུང་བའི་རྩོམ་ཡིག་དག་བཀོད་སྒྲིག  བོད་རང་གི་གནའ་ཉེ་དེང་གསུམ་གྱི་ཕུལ་བྱུང་རྩོམ་ཡིག་རྣམས་འགོད་ཅི་ཐུབ་ལ་འབད་རྒྱུ་ནི་གལ་ཆེའོ།།
  (༣)བརྗོད་བྱའི་ཕྱོགས་ཀྱི་ཞན་ཆ།
   སློབ་ཁྲིད་སློབ་གསོའི་དམིགས་ཡུལ་མཐར་གཏུགས་ན་མི་ཚུལ་ལྡན་ཞིག་སྐྱེད་སྲིང་བྱ་རྒྱུའི་འགན་རླབས་པོ་ཆེ་དེ་ཡིན་ཙ་ན།སློབ་དེབ་ཅིག་བསྒྲིག་པར་ཕྱོགས་མང་པོའི་ཐད་ནས་མནོ་བསམ་དང་བསམ་གཞིག ཞིབ་འཇུག་དང་བརྒལ་བརྟག་གི་ལས་ལ་འཇུག་རྒྱུ་ནི་ཆེས་ཐོག་མའི་ཆ་རྐྱེན་དུ་གྱུར་ཡོད།གལ་ཏེ་སློབ་དེབ་ལེགས་ལམ་དུ་མ་སོང་ཚེ་སློབ་གསོ་མ་ཟད་མི་རིགས་ཤིག་ཀྱང་འཇིག་ཉེན་གྱི་ལམ་དུ་སྤྱུགས་པ་མ་ཡིན་ནམ།རྐྱེན་དེས་སློབ་དེབ་ཀྱི་སྤུས་ཀ་དེ་རྩོམ་གྱི་བརྗོད་བྱ་དང་སྒྲིག་སྟངས།ཡུལ་དུས་ཀྱི་དགོས་མཁོ་སྐོང་ཐུབ་མིན་བཅས་ལ་རག་ལས་ན།བརྗོད་བྱ་ལེགས་ཤིང་བསྟན་དོན་གསལ་བ།རྗོད་བྱེད་སྙན་ཞིང་སྒྱུ་རྩལ་གྱིས་གཏམས་པའི་རྩོམ་ཡིག་དག་འདེམ་རྒྱུ་ནི་གལ་ཆེན་ལས་ཀྱང་དོན་ཆེན་དུ་གྱུར་ཡོད།
  སློབ་དེབ་ཏུ་བཀོད་པའི་རྩོམ་ཡིག་རེ་འགར་བརྗོད་བྱའི་ཕྱོགས་ན་ཞན་ཆ་མངའ་བ་སྟེ།དཔེར་ན་ཡུལ་དུས་དང་མི་འཚམ་པ་དཔྱིད་ཀ་ལྟ་བུ།རང་རེའི་ཡུལ་དུས་ཁོར་ཡུག་ལ་མཚོན་ན་དཔྱིད་ཀར་མེ་ཏོག་བཞད་དེ་སྦྲང་མས་སྦྲང་རྩི་ལེན་རྒྱུ་ལྟ་ཞོག  ཐ་ན་རི་ལུང་སྔོ་ལྗང་ཙམ་དུ་གྱུར་བ་ལས་མེ་ཏོག་ལ་མྱུ་གུ་ཙམ་ཡང་འབུས་མེད་ཚོད་རེད།གནས་བབ་ཁོར་ཡུག་ལ་མི་འཚམ་པ་ཉི་མ་རྒྱ་མཚོའི་ངོས་ནས་འཆར་བ་ཞེས་པ་ལྟ་བུ།དེ་ལྟ་བུའི་ཁོར་ཡུག་དེ་ང་ཚོ་བོད་ཁུལ་ལ་མཚོན་ན་རྣ་ཐོས་ཙམ་ལས་ནམ་ཡང་འཚོལ་ཐབས་དཀའ་ལ་རྙེད་ཐབས་ཀྱང་མི་འདུག  སྐད་ཆའི་བརྗོད་ལུགས་ལས་འགལ་བ་བསྒྱུར་རྩོམ་ལྟ་བུ།རྗོད་བྱེད་ཀྱི་ཚིག་གྱོང་དྲགས་པའམ་མི་འབྱོར་བ།གཞན་སྐད་ཀྱི་སླད་འདྲེས་པས་ཐད་ཀར་བརྗོད་བྱར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད།རིག་གནས་ཀྱི་ཁོར་ཡུག་དང་མི་འཚམ་པ་སྐད་གཉིས་ལས་ཚུར་བསྒྱུར་བའི་ཉིས་བསྒྱུར་མ་(ཐོག་མར་ཕྱི་གླིང་གི་སྐད་ལས་རྒྱ་སྐད་དུ་བསྒྱུར་བ་དང་།དེ་ནས་རྒྱ་སྐད་ལས་བོད་དུ་བསྒྱུར་བ་ལ་གོ)ལྟ་བུ།དེ་ཚུར་སྒྱུར་བའི་སྐབས་རེ་རེར་ཡང་ཐོག་མའི་རྩོམ་གྱི་སྒྱུ་རྩལ་གྱི་ཆ་ལ་བསླད་ཅུང་རེ་ཞུགས་པ་ནི་སྨོས་མ་དགོས་ལ།བརྗོད་བྱའི་དོན་དེ་ཕལ་ཆེར་རང་རེའི་ཁོར་ཡུག་ལ་སྦྱར་ཏུ་བཏུབ་པ་ཉུང་ཤས་ལས་ག་ཚོད་ཡོད་དམ།
  ནང་དོན་ཕྱོགས་ནས་གོང་གི་གནད་དོན་ལས་གཞན་ད་དུང་ང་ཚོའི་མིག་སྔར་ལྷགས་དང་ལྷགས་བཞིན་པའི་གནད་དོན་ཞིག་ནི་ནང་དོན་དངོས་ཡོད་དང་མི་འཚམ་པ་དང་གཅིག དུས་ཀྱི་དགོས་མཁོའི་རང་བཞིན་ནམ་དགོས་འདུན་ཆུང་བ་དང་གཉིས། བསྐྱར་ཟློས་སམ་ལད་ཟློས་ཀྱི་རིགས་མང་བ་གསུམ་གྱིས་འཐུས་པར་བྱ་སྟེ།དེ་དག་རེ་རེ་བཞིན་བརྗོད་ན།དངོས་ཡོད་དང་མི་འཚམ་པ་ཞེས་པ་ནི་རྩོམ་དུ་བྲིས་པའི་བརྗོད་བྱའམ་ནང་དོན་དེ་དངོས་ཡོད་འཚོ་བ་ལས་རིང་དུ་གྱེས་པས། སློབ་མའི་སེམས་ཁམས་དང་འཚམ་དཀའ་ཞིང་གོ་བ་ལོན་མི་ཐུབ་པ།ཁྲིད་མཁན་གྱིས་ཀྱང་འགྲེལ་གསལ་བོ་ཞིག་རྒྱག་དཀའ་བའི་ཚོད་དུ་གདའ།དུས་ཀྱི་དགོས་མཁོ་དང་མི་འཚམ་པ་ཞེས་པ་ནི་བརྗོད་བྱའམ་དོན་གྱིས་བསྟན་པའི་གནས་ལུགས་དེ་དུས་རབས་ཀྱི་དགོས་མཁོའམ་དངོས་ཡོད་འཚོ་བའི་མཐུན་རྐྱེན་དུ་འགྲོ་དཀའ་བ་ལ་གོ་བཞིན་ཡོད།བསྐྱར་ཟློས་ཀྱི་ཤས་ཆེ་བ་ཞེས་པ་ནི་རྩོམ་གྱི་ནང་དོན་དང་ཐ་སྙད།རྨང་གཞིའི་ཤེས་བྱ་གང་ཡིན་རུང་མང་ཆེ་བ་བསྐྱར་ཟློས་རང་བཞིན་དུ་བདོག་པ་ལས་གསར་བ་གསར་རྐྱང་གི་ངོ་བོས་སྟོང་བར་སྣང་།རྐྱེན་དེས་བརྗོད་བྱའི་ནང་དོན་དངོས་ཡོད་དང་འཚམས་ཤིང་ཡུལ་དུས་དང་སློབ་མའི་དགོས་འདུན་ཇི་བཞིན་སྐོང་ཐུབ་པ།བསྐྱར་ཟློས་སམ་ལད་ཟློས་ཀྱི་ཤས་ཆུང་ཞིང་གསར་གཏོད་ཀྱི་ཆ་འདྲེས་པའི་ཕུལ་བྱུང་རྩོམ་ཡིག་གང་རུང་བཀོད་སྒྲིག་ཏུ་འགོད་ཅི་ཐུབ་ལ་འབད་རྒྱུ་ནི་གནད་ཀྱི་དོན་པོར་འཁུམས་སོ།།
                                ༢༠༡༡ལོའི་ཟླ༡༢པར་བཟོ་བཅོས་ཅུང་ཟད་དང་བཅས།    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།