ཆོས་ལུགས་ཀྱི་ཕྱི་གོས་ཕུད་དེ་བོད་བཙན་པོའི་རྒྱལ་རབས་ཐད་མདོ་ཙམ་གླེང་བ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-26

  ངས་ཐོག་མར་སྲིད་ཅེས་པ་ནི་གང་ཡིན་ནམ་ཞེས་རང་གིས་རང་ལ་ཚ་ཡེར་བའི་དྲི་བ་ཞིག་འཕེན་པར་བྱེད། མ་རུངས་པའི་བདུད་རྒན་གང་གིས་རང་གི་སྙིང་ཉེ་བའི་ཁྱིམ་མི་ལ་གཤེན་གྲི་བསྐོར་ཏེ་གཉེར་བར་བྱེད་པ་དེ་ཡིན་ནམ། འཁོར་ལོའི་བསྒྱུར་རྒྱལ་གང་གིས་གནམ་འོག་གི་སྐྱེ་འགྲོ་མཐའ་དག་བདེ་བས་སིམ་པར་བྱེད་པ་དེ་ཡིན། ཡང་ན་འགལ་འདུ་མ་ཡིན་པའི་འགལ་འདུ་ཅན་ཞིག་སྟེ་བཟང་ཡང་བཟང་ལ་ངན་ཡང་ངན་པ་དེ་ཡིན།
  ང་ཚོས་སྲིད་ཀྱི་རང་བཞིན་དུ་གྱུར་བའི་སྔོན་བྱུང་གི་ལོ་རྒྱུས་དག་ལ་བལྟ་དུས། ཡུལ་དུས་ཀྱི་འགྱུར་བའི་དབང་གིས་གྲ་ཆག་གྲུ་ཉམས་སུ་སོང་བའམ་འཇིག་པ་དང་། ཆོས་ལུགས་ལྟ་བུའི་མིའི་འདུ་ཤེས་འཛིན་སྟངས་སུ་གྱུར་བའི་རིག་གནས་སྣ་མང་གི་འཁྱོག་བསྒྱུར་དང་ཕྱི་གོས་མཚར་བོས་ལྷད་པ། སྤྱིའི་ཐད་ནས་ཀྱང་སྔོན་བྱུང་གི་དོན་གྱི་བྱུང་བ་དག་ལས་ཆེས་གཙོ་གལ་ཆེ་བ་རེ་ཟུང་ཙམ་བསྙན་བརྒྱུད་དང་ཁ་བརྒྱུད། རྟགས་བརྒྱུད་སོགས་ཀྱི་ལམ་ནས་རྒྱུད་འཛིན་ཡོང་ཐབས་བྱ་བ་ལས་སྐབས་དེའི་དོན་དག་ཆེ་འབྲིང་ཆུང་གསུམ་ཡོངས་སུ་བློས་འཛིན་པ་ནི་དཔེར་མི་སྲིད་པས། ང་ཚོས་གོ་ལའི་ཁྱོན་གྱི་རིག་གནས་ལོ་རྒྱུས་ཆེས་ཆ་ཚང་བ་ཡིན་ཟེར་བའི་རྒྱལ་ཁབ་དང་མི་རིགས་གང་ལ་བལྟས་ཀྱང་རང་སྟེང་ན་ད་དུང་བགྲང་དཀའ་བའི་རྙོག་དྲ་དང་འགལ་འདུ། སྟོང་ཆ་དང་ལྟར་སྣང་གི་ཞན་ཆ་ཡོད་ངེས།
  སྤྱིར་བོད་ཀྱི་ལོ་རྒྱུས་ཞེས་པ་ནི་སྤྲེའུ་བྱང་སེམས་ནས་ད་ལྟའི་དབར་གྱི་བོད་ཀྱི་འཚོ་བའི་བྱུང་བ་དག་རེད་ལ། དེ་ཡང་ཡི་གེ་མ་བྱུང་བའི་ཡར་སྔོན་གྱི་ལོ་རྒྱུས་ནི་བསྙན་བརྒྱུད་དང་ཤིང་ལ་མཚོན་རྟགས་འགོད་པ་སོགས་ཀྱི་རྟགས་བརྒྱུད་ཀྱི་ལམ་ནས་རྒྱུད་འཛིན་བྱ་བ་ལས་འོས་མེད་ཅིང་། དེ་ཡིས་འདས་སོང་བསྐལ་བ་རིང་མོའི་ནང་གི་དོན་དག་ཆ་ཚང་བ་ཞིག་རྒྱུད་འཛིན་ཡོང་བ་ལྟ་ཞོག  ཐ་ན་རང་གི་རབས་གོང་མའི་ཡབ་མེས་ཀྱི་ལོ་རྒྱུས་ཙམ་ཤོད་པ་ལ་ཡང་ཁ་གསལ་གཏིང་གསལ་དང་ཕྱི་གསལ་ནང་གསལ་ཞིག་འོང་བ་དཀའ་ཚོད་རེད། ཡང་ཡི་གེ་བྱུང་རྗེས་ཀྱི་བོད་ཀྱི་ལོ་རྒྱུས་ནི་དབང་བཙན་པའི་ཆོས་ལུགས་རིག་གནས་ཀྱི་དབང་དུ་སོང་སྟེ་མི་ཆོས་ལ་ལྷ་ཆོས་ཀྱིས་འགྲེལ་བ་དང་། ཆོས་ལུགས་ལ་ཕན་ཁེ་རེག་པའི་མི་དེ་འཇིག་རྟེན་ལས་འདས་པའི་ལྷར་བཞེངས་བསྐྲུན་བྱེད་པ། གལ་ཏེ་ཆོས་ལུགས་ལ་འབྲེལ་བ་མེད་ཚེ་བཙན་པོ་ཡིན་ཀྱང་དམིགས་བསལ་མེད་པར་ཡིག་ཚང་གི་སྒོར་ཕྱུངས་འགྲོ་བས། དེང་སྐབས་བོད་ཀྱི་ལོ་རྒྱུས་ལས་མཐོང་བའི་མིང་གྲགས་ཅན་གྱི་མི་སྣ་དེ་དག་ནི་ཆོས་ལུགས་ལ་མཛད་རྗེས་ཆེ་བ་ཏག་ཏག་དང་བོད་ཀྱི་ལོ་རྒྱུས་ལས་བྱུང་བའི་རླབས་ཆེ་བའི་བྱ་བཞག་དེ་དག་ཀྱང་ཆོས་ལུགས་ལ་ཞབས་འདེགས་ཞུས་པའི་མིང་གྲགས་མི་སྣ་དེ་དག་གིས་མཛད་པ་དང་བསྒྲུབ་པ་རྐྱང་རེད། དེ་བས་བོད་ཀྱི་ལོ་རྒྱུས་ཀྱིས་ཆོས་ལུགས་ཀྱི་འཁུར་བོ་ལྕི་མོའི་དབང་ཤུགས་མ་ཐེག་པར་དྲང་ལམ་ནས་གཟུར་ཏེ་འཇིག་རྟེན་ལས་འདས་པའི་སྒྱུ་འཕྲུལ་གྱི་ཕྱོགས་སུ་དཔུང་འཇུག་བྱས་ཡོད།
  ཆོས་ལུགས་ཀྱི་ཕྱི་གོས་ཕུད་དེ་སྤུར་རྒྱལ་བཙན་པོའི་རྒྱལ་རབས་བཤད་པ་ལས་ཅུང་ཟད་འཕྲོ་བར་མཛད་ན། བོད་ཀྱི་ལོ་རྒྱུས་ལས་རང་རེའི་ཡབ་མེས་ནི་ཕ་སྤྲེའུ་དང་མ་བྲག་སྲིན་ཡིན་པར་མགྲིན་གཅིག་ཏུ་བཞེད། དེ་ལ་བརྟག་རྒྱུ་འདི་འདྲ་ཡོད་དེ། སྤྲེའུ་དང་བྲག་སྲིན་གཉིས་ནི་བོད་ཀྱི་མི་རྒྱུད་ཀྱི་ཐོག་མ་དང་ཡང་གཅིག་བཤད་ན་དུད་འགྲོ་ནས་མི་རུ་གྱུར་བའི་བོད་མི་ཐོག་མ་ཡིན་པས། སྐབས་དེར་བོད་ཁུལ་དུ་མི་གཞན་ཡོད་མི་སྲིད། དེ་ལྟ་ན་མི་བྱུང་རྗེས་སུ་གསར་ཏུ་བཏོད་པའི་ཆོས་ལུགས་ཀྱི་ཐ་སྙད་བྱང་ཆུབ་སེམས་དཔའ་དང་སྲིན་མོ་གཉིས་ཀྱི་མིང་དེ་ཇི་ལྟར་ཐོགས། གལ་ཏེ་དེ་གཉིས་ཆོས་ལུགས་ཀྱི་མིང་ཚིག་གཉིས་མ་ཡིན་ན་དེ་གཉིས་ལ་ཆོས་ལུགས་མ་ཡིན་པའི་གོ་བ་གསར་བ་རྒྱག་རྒྱུ་ཡོད་པར་ཐལ། རྗེས་ནས་མིང་དེ་ཕར་བཏགས་པ་ཞིག་ཡིན་ཟེར་ན། ཕྱི་མི་དེས་སྤྲེའུ་དང་སྤྲ་མོ་དེ་གཉིས་བྱང་ཆུབ་སེམས་དཔའ་དང་སྲིན་མོ་ཡིན་པ་ཇི་ལྟར་ཤེས། གལ་ཏེ་མིང་དེ་གཉིས་སྐྱེས་པ་ཕོ་མོའི་སེམས་གཤིས་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཕར་བཏགས་པ་ཞིག་ཡིན་ཟེར་ན་ཁྱོད་མཚོན་བྱེད་ཙམ་ལས་བདེན་པ་མ་ཡིན་ཏེ་སྒྲོ་བཏགས་ཤིག་ཡིན་པའི་ཕྱིར། དེ་བས་བྱང་ཆུབ་སེམས་དཔའ་དང་སྲིན་མོ་ལྟ་བུའི་བརྡ་དང་ཐ་སྙད་འདི་དག་ལ་རྒྱབ་རྟེན་གྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ་གང་ཡང་མེད་པས་ང་ཚོས་ཆོས་འབྱུང་དུ་བཅད་པའི་ཁ་མཚོན་ལྟར་ཁས་ལེན་མཛད་མི་རུང་སྙམ། དེ་ནས་བསྐལ་བ་རིང་མོ་ཞིག་གི་རྗེས་སུ་མངའ་མཛད་བཅུ་གཉིས་བྱུང་བ་རེད་ལ། དེ་ལས་དམར་འཇམ་ལྷ་ཡི་དུས་དང་གནོད་སྦྱིན་ནག་པོའི་དུས་སོགས་གང་ཡིན་རུང་མིང་གི་ཆ་ནས་ཀྱང་ཆོས་ལུགས་ཀྱི་ཐ་སྙད་འབའ་ཞིག་སྤྱད་ཡོད། སྐབས་དེ་དུས་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་ཀྱང་བོད་ཀྱི་ས་ཁྱོན་གྲུ་བཞི་འདིའི་ནང་གི་ཚོ་བ་འགའ་ཡིན་ལ། དེ་དག་ནི་མེ་ཁ་ཁ་དང་དུ་བ་སོ་སོ་ནང་བཞིན་རང་རང་ས་ནས་འདུག་ཤེས་དང་བསམ་ཤེས་ཀྱིས་སོས་དལ་བག་ཕེབས་སུ་གནས་པ་ཞིག་ཡིན་མི་སྲིད་པར་ཀྲན་གོའི་སྐབས་ཀྱི་ཆི་ཁྲུའུ་ཡན་ཧན་གྱི་རྒྱལ་ཁབ་ལྟར་བཙན་པོས་གཉོམ་ཆུང་ལ་རྡུང་རྡེག་དང་ཆེ་བས་ཆུང་བ་ལ་མནར་གཅོད་གཏོང་བ་ཞིག་ཡིན་པས། སུས་ཀྱང་དཀའ་ཚེགས་ཀྱིས་འབྲོག་ལས་སོགས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་དང་དར་རྒྱས་སུ་བཏང་སྟེ་གཞན་དག་ཚར་གཅོད་པའི་མིའི་རིགས་ཐུན་མོང་གི་འདུ་ཤེས་ཏེ་འཆང་ཡོད་ངེས། དེ་བས་སྟོན་པ་གཤེན་རབ་ཕྱོགས་དང་ཕྱོགས་སུ་ཕེབས་ནས་སྐབས་དེའི་ཚོ་བ་ཁག་ལ་གཉེན་བཙུགས་ཏེ་མཛའ་མཐུན་བགྱིས་པའི་ལོ་རྒྱུས་ཀྱི་ངག་རྒྱུན་དག་བྱུང་བ་རེད།
  ད་སྐབས་སུ་བབས་པ་སྤུར་རྒྱལ་བཙན་པོའི་གནས་སྟངས་ཐད་མདོ་ཙམ་གླེང་བ་ལ། གཙོ་གལ་ཆེ་བ་འགའ་བདམས་ཤིང་གསེས་ནས་བརྗོད་རྒྱུ་ཡིན། འགའ་ཞིག་གིས་གཉའ་ཁྲི་བཙན་པོ་གནམ་ནས་བབས་པར་བཞེད། འདི་ནི་གཅིག་ན་བོན་པོ་གནམ་དགའ་འགའ་ཞིག་གི་སྒྲོ་བཏགས་ལས་བྱུང་བར་འདོད། བོན་པོ་ནི་བརྡོལ་བོན་དང་གཡུང་དྲུང་བོན་གང་ལགས་ཀྱང་བོད་རང་ས་ནས་དར་ཞིང་། བོན་ཆོས་སུ་དུས་ཚིགས་དབྱེར་མེད་དུ་སྲོག་ཆགས་ཀྱི་ཤ་ཁྲག་དང་རྩི་ཤིང་སོགས་ཀྱིས་རང་བྱུང་གི་ལྷ་དང་གནམ་ལ་མཆོད་པའི་སྲོལ་ཞིག་གནའ་ནས་ཡོད་ཅིང་། ཁོ་ཚོ་དེ་འདྲའི་གོམས་སྲོལ་ཞིག་གི་གཞན་དབང་དུ་གྱུར་འདུག  དེ་མིན་གཉའ་ཁྲི་ལྷ་རི་གྱང་ཐོ་ནས་མར་བྱོན་དུས་བསུ་མཁན་གྱི་མི་དག་ནི་བོན་པོ་ཡིན་པ་དང་གླེང་མོལ་གནང་དུས་ཕན་ཚུན་དབར་གོ་བརྡ་མ་འཕྲོད་པས་གནམ་ནས་འོངས་པར་ཚོད་དཔག་དང་གོ་འཛོལ་བྱུང་བ། ཡང་རྗེས་ཀྱི་གཉའ་ཁྲིས་བོན་ཆོས་དར་རྒྱས་སུ་བཏང་བ་སོགས་ལས་ཤེས་ཐུབ།
  གཉིས་ན་རྒྱ་ནག་གི་གནམ་སྲས་དང་འཇར་པན་གྱི་གནམ་བསྐོས་གོང་མ་སོགས་བཙན་པོ་དག་གིས་རང་ཉིད་ཀྱི་དབང་བསྒྱུར་སྲ་བརྟན་ཡོང་བའི་དགོས་མཁོར་དམིགས་ནས་རང་ཉིད་གནམ་ནས་གཤེགས་པར་བསྙད་འདོགས་པའི་གོམས་སྲོལ་ཞིག་ཡོང་ཁྱབ་དུ་བྱུང་མྱོང་ཡོད་པས་གཉའ་ཁྲི་ཡང་གཅིག་བྱས་ན་དེ་འདྲ་ཡིན་སྲིད། གོང་གསལ་གཉིས་ལས་གང་ཡིན་ཀྱང་གཉའ་ཁྲི་གནམ་ནས་མ་འོངས་པ་ཤེས་ཐུབ། ཡང་འགའ་ཞིག་གིས་གཉའ་ཁྲི་རྒྱ་གར་ནས་ཁ་བ་ཅན་དུ་ཡོང་བས་རང་ཅག་རྣམས་རྒྱ་གར་གྱི་རྒྱུད་པ་ཡིན་པར་བཤད། དེ་ལ་དང་པོ་ཡུལ་གྱི་སྟེང་ནས་ངོས་འཛིན་པ་ལ། ལོ་བརྒྱའི་སྔོན་གྱི་རྒྱ་གར་དང་དེང་སང་གི་རྒྱ་གར་གཉིས་ས་ཁོངས་ཆེ་ཆུང་གི་ཐད་ནས་མི་འདྲ་ན། གནའི་གཉའ་ཁྲིའི་སྐབས་ཀྱི་རྒྱ་གར་དང་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་བོ་ཁྱེད་ཀྱིས་བརྗོད་པའི་རྒྱ་གར་གཉིས་ས་ཁུལ་གྱི་ངོས་འཛིན་ཡུལ་མི་འདྲ་བར་ངེས། འོན་ཀྱང་ཁྱེད་ལྟར་ན་དེ་གཉིས་གཅིག་ཡིན་དགོས་པ། གལ་ཏེ་གཅིག་ཡིན་ཟེར་ན་ཁྱེད་ཀྱིས་གཉའ་ཁྲིའི་དུས་ཀྱི་རྒྱ་གར་དང་ཁྱེད་དུས་ཀྱི་རྒྱ་གར་གཉིས་ལ་གཤིབ་བསྡུར་གསལ་བོ་ཞིག་སོང་མྱོང་ཡོད་པ། དེ་མིན་ཁྱེད་ཀྱིས་གཉའ་ཁྲིའི་དུས་ཀྱི་རྒྱ་གར་དེ་ཁྱེད་དུས་ཀྱི་རྒྱ་གར་དང་གཅིག་ཡིན་པ་ཇི་ལྟར་ཤེས་པ། མ་ཤེས་ན་ཁྱེད་ལ་རྒྱ་གར་ཞེས་པའི་གཞི་འཛིན་སའི་ཡུལ་མེད་པ། གལ་ཏེ་གཅིག་མིན་ཟེར་ན་གཉའ་ཁྲིའི་དུས་ཀྱི་རྒྱ་གར་དེ་དོན་དངོས་སུ་ས་གནས་གང་ཞིག་ལ་ངོས་འཛིན་དགོས་པ། དེ་ལྟ་ན་ཁྱེད་ཀྱི་ལོ་རྒྱུས་ལས་འབྱུང་བའི་གཉའ་ཁྲི་ཞེས་པའི་ཚིག་སྐམ་འདིར་གཉའ་ཁྲིའི་དུས་ཀྱི་རྒྱ་གར་དང་་ཁྱེད་དུས་ཀྱི་རྒྱ་གར་གཉིས་ལོགས་སུ་བཀར་ནས་སྟོན་པའི་ནུས་པ་ཤོར་ཏེ་གཞི་གཅིག་ཏུ་གྱུར་ནས་རྙོག་དྲ་བཟོ་བའི་སྐྱོན་ཆེ་བ།
      གཉིས་པ། རྒྱ་གར་ནས་བོད་དུ་ཡོང་བའི་སྒྲུབ་བྱེད་ངོས་འཛིན་པ་ལ། གང་གཱ་ལྷ་མོས་རྐང་གདུབ་དང་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ་གྱོན་པ་བཞིན་གཉའ་ཁྲི་རྒྱ་གར་ནས་ཡིན་ན་རྒྱ་གར་ནས་ཡིན་པའི་ཁྱད་རྟགས་ཅི་ཡོད། ཀོ་ས་ལའི་རྒྱལ་བོ་གསལ་རྒྱལ་དང་སྐྱབས་སེང་གི་བུ་བོད་དུ་བྲོས་པའི་དབང་དུ་བཏང་ན་ཡང་བོད་ནས་རྒྱལ་བོར་བསྡད་པ་དང་རྒྱལ་བོ་དེ་གཉའ་ཁྲི་བཙན་པོ་ཡིན་པ་ཇི་ལྟར་ཤེས། བོན་གྱི་ཤེས་པ་ཅན་བཅུ་གཉིས་དང་བརྡ་མ་འཕྲོད་པས་རྒྱ་གར་གྱི་སྐད་ཡིན་པ་ཤེས་སམ། ཡང་ན་རྗེས་ནས་གཉའ་ཁྲིས་ང་རྒྱ་གར་ནས་ཡིན་ཞེས་བཤད་མྱོང་། དེ་མིན་སྒྲུང་ལྡེའུ་བོན་གསུམ་དང་ལྷ་མོ་རྩིས་གསུམ་གྱིས་ཤེས། གཉའ་ཁྲི་རྒྱ་གར་ནས་ཡིན་པའི་ཁུངས་ཐུབ་ཚད་ལྡན་གྱི་གཞི་འཛིན་ས་ཅི་ཡོད། ཡོད་ན་ཡོད་པ་གང་། མེད་ན་ལོ་རྒྱུས་རིག་པ་བ་ཁྱེད་ཀྱིས་ཅི་ལྟར་ཤེས། རྒྱལ་བོ་ཀྲི་ཀྲི་ལྟར་རྨི་ལམ་ནས་ལུང་བསྟན་པ་ཡིན་ནམ། གལ་ཏེ་གཉའ་ཁྲི་རྒྱ་གར་ནས་ཡིན་ལ་རྒྱ་གར་ནས་བོད་དུ་ཡོང་བའི་དབང་དུ་བཏང་ཡང་དེ་ནི་གཉའ་ཁྲི་དང་གཉའ་ཁྲིའི་སྲས་སྲོས་དག་རྒྱ་གར་གྱི་རྒྱུད་པ་ཡིན་པ་ལས། རང་ཅག་ཕལ་བ་རྣམས་ནི་སྔར་ལྟར་ཕ་སྤྲེའུ་དང་མ་བྲག་སྲིན་གཉིས་ཀྱི་རྒྱུད་པ་ལས་མ་འདས་ཏེ་གཉའ་ཁྲི་ཡིན་ན་བོད་སྤྱི་ཡིན་པའི་མ་ཁྱབ་པའི་ཕྱིར། དེ་ནི་ནང་བའི་དད་ལྡན་པ་གང་གི་རྟོག་བཟོའི་སྒྱུ་འཕྲུལ་ལས་བྱུང་བ་ཤ་སྟག་སྟེ། རང་རེའི་བོད་རིགས་ཀྱི་མགོ་ཁུངས་སྟོན་པ་ལ་གཏད་དེ་མཛོ་ཁྱུང་དཀར་དྲིན་ལ་རྟ་རྟོལ་ཡིན་རུང་དབུས་སུ་ཆས་འདོད་པའོ། དེས་ང་ཚོའི་ལོ་རྒྱུས་ལ་འཁྱོག་བསྒྱུར་དང་རང་དམན་མངོན་གསལ་དུ་བྱས་ཡོད། འདིའི་སྐབས་ནས་བོད་ཀ་གཡག་དྲུག་གི་རྨང་གཞིའི་སྟེང་དུ་ཚོ་བ་ཁག་ཅུང་ཟད་གཅིག་གྱུར་བྱུང་ཡོད་སྙམ། གང་ལྟར་གཙོ་བོ་དང་ཡན་ལག་ལྟ་བུར་ཆགས་ཟིན་ལ་ཡོངས་སུ་གཅིག་གྱུར་ཕྱིན་པའི་ཚད་དུ་ད་རུང་ཐོན་མེད། དེའི་རྗེས་ཀྱི་རྒྱལ་རབས་དྲུག་གི་རིང་ལ་ཕལ་ཆེར་དོན་ཆེན་མ་བྱུང་བ་འདྲ། གདུང་རབས་བརྒྱད་པ་གྲི་གུམ་བཙན་པོའི་དུས་སུ་བོད་དུ་ཁྲབ་ཀྱི་ཐོག་མ་བྱུང་ཞེས་པ་དེས་བོད་ཀྱི་བཟོ་ལས་དེ་ཕ་རྒྱུད་རུས་རྒྱུད་དང་རྡོ་ཆས་གསར་རྙིང་སྐབས་ཀྱི་ལག་རྩལ་ལས་རབ་ཏུ་འགོངས་ནས་བཟོ་ལས་ཐོན་སྐྱེད་དེ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ། གྲི་གུམ་བཙན་པོའི་མིང་བཏགས་ཚུལ་ཀྱང་བདེན་བཞེད་ཆུང་ལ་དགོད་བྲོ་བའི་ཁ་མཚར་ལྟ་བུའི་གནས་སུ་བསྐྱལ་ཡོད་དེ། ཕྲག་པ་གཡས་ལ་ཝ་རོ་བཀལ། ཁྱི་རོ་གཡོན་ལ་བཀལ་ཞེས་ལོ་ངམ་གྱིས་གྲི་གུམ་བཀྲོང་ཚུལ་ལ་ཡང་ཆོས་ལུགས་ཀྱིས་ཡོངས་སུ་བརླམས་བསྒྱུར་བྱས་ཡོད། དེ་ལས་བཀྲོང་རྐྱེན་ཨ་ཕྱིས་མིང་བཏགས་པ་མ་འགྲིག་པ་དང་བཀྲོང་དུས་ལོ་ངམ་གྱི་སྒྱུ་ལས་དགྲ་ལྷ་ཝེར་མ་དག་གི་སྲུང་བ་ཤོར་ཏེ་བཀྲོང་བ་རེད་ཟེར། ཡང《བཀའ་ཆེམས་ཀ་ཁོལ་མ》ལྟར་ན“ཁ་ཆེའི་རྒྱལ་བོ་དང་གཡུལ་སྤྲད་ནས་བོད་རྒྱལ་ནས་ལོག་པའི་ལམ་དུ། ཁ་ཆེའི་མི་ལུས་པ་གཅིག་ན་རེ……ཕྲ་བཅུག་པས་རྒྱལ་བོས་རྩལ་འགྲན་ཟེར་བ་ལ”ཞེས་འབྱུང་བ་ལྟར་ན། སྐབས་དེའི་བོད་ཀྱི་དམག་ཤུགས་ནི་ཕྱི་གླིང་གི་ཁ་ཆེ་ལྟ་བུའི་རྒྱལ་ཁབ་ལས་སྟོབས་དང་ལྡན་ལ་བོད་དང་ཕྱིའི་རྒྱལ་ཁབ་དབར་གྱི་འབྲེལ་བ་ཡང་མཛའ་མཐུན་ཞིག་མིན་པ་ཤེས་ཐུབ། དེ་ཡང་ཁག་ཅི་ཡོད་དེ་རྒྱལ་ཁབ་གཉིས་ལ་མཚོན་ན་ནམ་ཡང་མཛའ་གྲོགས་ཡིན་མི་སྲིད་ལ་དགྲ་བོ་ཡང་ཡིན་མི་སྲིད། ཡོད་ཚད་རྒྱལ་ཁབ་གང་དེའི་ཁེ་ཕན་དང་འབྲེལ་ནས་ཡོད་ཅེས་པ་ལྟར་འཛམ་གླིང་ལ་བལྟས་ནའང་གནའ་དུས་ཀྱི་ཀེ་རི་སི་དང་རོ་མོ་ལྟ་བུའི་བཙན་རྒྱལ་དག་དེ་འདྲའི་མཛའ་འབྲེལ་ཞིག་མིན་པར་ཕན་ཚུན་ལ་བཙན་འཛུལ་དང་དཔུང་འཇུག་བྱས་པ་རྒྱུན་མ་ཆད་པ་ནང་བཞིན་ནོ། གྲི་གུམ་བཙན་པོས་ཁ་ཆེ་རྒྱལ་ཁབ་ཕམ་པར་བཏང་རྗེས་ཁ་ཆེ་བས་བོད་ལ་སྙིང་ནད་དང་ཞེ་སྡང་བཅངས་ཡོད་ངེས་ལ། ཉན་རྣ་དང་མྱུལ་མི་གཏོང་བ། བོད་ཀྱི་དམག་དཔོན་དང་བློན་ཆེན་ལ་འདབ་ནོར་ཕུལ་ཏེ་བསླུ་བ་སོགས་བྱ་ཐབས་གང་ཡང་བཀོལ་སྲིད། 《བཀའ་ཆེམས་ཀ་ཁོལ་མ》ལས་ཀྱང་གྲི་གུམ་བཙན་པོ་གྲོངས་རྐྱེན་དེ་ཁ་ཆེ་བ་ཞིག་གི་ཕྲ་མ་ལས་རྒྱུ་བྱས་ཤིང་གྲོངས་མཁན་དེ་ཡང་ཏག་ཏག་ལོ་ངམ་རྟ་རྫི་རེད། འདིའི་ནང་ནས་ལོ་ངམ་དང་ཁ་ཆེའི་རྒྱལ་ཁབ་གཉིས་དབར་གྱི་རྒྱུན་ལྡན་མ་ཡིན་པའི་འབྲེལ་བ་ཞིག་ཀྱང་རབ་རིབ་དུ་མཐོང་སྟེ་འཆར་ཡན་དུ་འོངས་སྲིད། གཞན་དུ་ན《སྲིད་པ་རྒྱུད་ཀྱི་ཁ་བྱང》དུ“དུན་ཙེ་པུར་བུའི་མགོ་ཅན་གྱིས།། རྒྱ་གར་བུདྷ་དྷའི་སྐད་རྣམས་བསྒྱུར།། རྒྱལ་བློན་སེམས་བསྒྱུར་སྣང་བ་དབང་དུ་བསྡུས།། རྒྱལ་བོ་གླེན་པ་གྲི་གུམ་དང་།། བོན་གཤེན་རྣམས་ཀྱི་དབར་དུ་ནི།། ཆེ་གཉིས་དྲེགས་པའི་མེ་ཡང་འབར།། ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས”ཞེས་འབྱུང་བ་ལ་གཞིགས་ན་སྐབས་དེར་དུན་ཙེ་པུར་བུའི་མགོ་ཅན་བྱ་བ་ཞིག་གིས་རྒྱ་གར་གྱི་ཆོས་བསྒྱུར་བས་རྒྱལ་བོ་ཆོས་དེ་ལ་ཕྱོགས་ནས་བོན་བསྣུབས་ཤིང་མཐར་བོན་གྱི་འཐུས་ཚབ་ལྟ་བུའི་ལོ་ངམ་གྱིས་བཀུམ་པ་བརྗོད་ཡོད། གང་ལྟར་རྒྱལ་བོ་འདིའི་དུས་སུ་ཕྱི་འབྲེལ་གྱི་གནས་ཚུལ་མི་བཟང་ཞིང་རྒྱལ་བློན་དབར་གྱི་འབྲེལ་བ་ཡང་མནའ་བཅད་ལྟ་བུའི་མཛའ་གཅུགས་ཤིག་མིན་པར་རླུང་གར་གཡུགས་ཕྱོགས་སུ་དེ་འགྱེལ་དུ་འགྲོ་བའི་རྩྭ་སྐྱ་ལྟ་བུ་ཞིག་རེད།
  རྗེས་སུ་གྲི་གུམ་གྱི་བུ་ལ་བློན་པོ་བློ་དཀར་གཞུང་དྲང་སྐོར་ཅིག་གིས་རོགས་སྐྱོར་བྱས་པ་ལ་བརྟེན་ནས་མཐར་ལོ་ངམ་གྲོངས་ཏེ་བྱ་ཁྲི་རང་ཉིད་རྒྱལ་བོར་བསྡད། འདི་ནི་རྒྱའི་ལོ་རྒྱུས་ལས་ཧྲུའུ་རྒྱལ་ཁབ་ཀྱི་ལིའུ་པི་ཡིས་ཧན་རྒྱལ་རབས་ཀྱི་གདུང་རྒྱུད་ཡང་བསྐྱར་རོ་ལངས་རྒྱག་པར་འབད་པ་དང་དུས་ཀྱི་ཆ་དང་ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཆ་གང་ནས་བལྟས་ཀྱང་མཚུངས་བར་སྣང་ལ། མི་མཚུངས་ས་ཉག་གཅིག་ཡོད་པ་ནི་ལིའུ་པི་ཕམ་ཞིང་བྱ་ཁྲི་རྒྱལ་བ་དེ་རེད། རྒྱལ་བོ་ཕ་སྤད་འདི་གཉིས་ཀྱི་རིང་ལ་འཐབ་རྩོད་འཁྲུག་སློང་རྐྱང་བས་དུས་འདའ་བས་མི་དམངས་ཀྱི་སེམས་པ་ཟང་ཟིང་མི་བདེ་བ་དང་འཚོ་བ་ཉམས་ཆག་ཏུ་གྱུར་ཡོད་ལས་ཆེ། ད་ལྟ་མཁོ་བ་ནི་རྒྱལ་ཁབ་བདེ་ལ་འགོད་པ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་སྟེ་ངལ་གསོ་སྟོབས་སྦྱོང་བྱེད་པ་དེ་རེད། དེ་བས་འཕྲུལ་བློན་མཛངས་པའི་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱིས་སོལ་བས་གསེར་དངུལ་ཟངས་ལྕགས་བཏོན་པ་དང་གཤོལ་དང་གཉའ་ཤིང་གསར་དུ་བཟོས་ནས་དོར་གྱིས་རྨོན་ལས་བྱེད་པ། བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས་ཏེ་བོད་ཀྱི་བཟོ་ལས་དང་ཞིང་ལས་འགྲིམ་འགྲུལ་སོགས་ཡར་རྒྱས་ཆེན་པོ་བཏང་། ཁོའི་བུ་ལྷ་བུ་མགོ་དཀར་གྱིས་ཞིང་ལ་དོར་རྩིས་འབྲོག་ལ་ཐུལ་བརྩི་བ། ཆུ་མོ་ཡུར་དུ་དྲངས་ནས་ལུང་མདོའི་སྙིགས་བསགས་བདེ་ཐང་དང་ས་གཤིས་གཤིན་ས་རུ་ཆུ་མ་དར་བར་བྱས། དེ་ལས་ཞིང་འབྲོག་ཡར་ངོའི་ཟླ་བཞིན་འཕེལ་བར་བྱས་ཡོད་ལ་ལྷག་པར་ཡོང་འབབ་བརྩི་བ་འདིས་མི་རྣམས་ཀྱི་ལས་འཇུག་གི་འདུན་པ་ཇེ་དྲག་ཏུ་བཏང་སྟེ་ཐོན་སྐྱེད་འགན་དབང་ལམ་ལུགས་ལྟ་བུ་ཆགས་པར་རྟིང་སྐུལ་བྱས་ཡོད། འདི་ནི་དུས་རབས་ཀྱི་དགོངས་པ་ཟབ་མོའི་འོག་ནས་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་བྱུང་བ་ཞིག་ཏུའང་འདོད།
     དེ་ནས་རྒྱལ་རབས་བཅུ་དགུའི་རིང་ལ་ཆོས་སྲིད་གང་གི་ཆ་ནས་ཀྱང་མཚོ་མོ་ལ་རླབས་ཀྱི་འཕྱོ་འཇགས་མེད་པའི་མ་ག་ལན་གྱི་ཞི་བདེ་རྒྱ་མཚོ་བཞིན་ལྟོས་བཅས་ཀྱིས་ཞོད་འཇགས་དང་དྲེལ་གྱི་སྒལ་སྟེང་གི་ལྕི་ཡང་སྙོམས་པའི་ཁུར་བོ་ལྟར་ཚོ་བ་ཆེ་ཆུང་ཕན་ཚུན་དབར་དོ་མཉམ་ཟུང་འཇུག་གིས་འཕེལ་རྒྱས་འགྲོ་གྱིན་ཡོད་པས་ཆེད་དུ་ལོ་རྒྱུས་ཡིག་ཚང་ལ་འཁོད་པར་འགྱུར་བའི་དོན་ཆེན་མ་བྱུང་བ་འདྲ།
       ལྷ་ཐོ་དོ་རི་གཉན་བཙན་གྱི་རིང་ལ་བོད་དུ་གསོ་བ་རིག་པ་དར། བོད་ཀྱི་གསོ་བ་རིག་པ་འདི་བསྐལ་བ་ཡ་ཐོག་ནས་བཟུང་མི་རྣམས་ཀྱི་འཚོ་བའི་ལག་ལེན་དང་ཉམས་མྱོང་གི་སྟེང་ནས་འཆམ་ནད་འདྲ་བྱུང་ན་རི་དྭགས་ཀྱི་པགས་པ་དྲོན་པོར་གྱོན་པ་དང་ཆུ་ཁོལ་ཚ་འདས་ཀྱིས་འཐུང་བ་སོགས་རང་བཞིན་གྱིས་བྱུང་ཡོད་པ་གོར་མ་ཆག་ལ། སྟོན་པ་གཤེན་རབ་ཀྱི་བུ་དཔྱད་བུ་ཁྲི་ཤེས་ཀྱིས《གསོ་རིག་འབུམ་བཞི》ཕྱོགས་བསྒྲིགས་བྱས་ཏེ་བོད་ཀྱི་དེ་སྔའི་འཚོ་བའི་ལག་ལེན་ཙམ་གྱི་གསོ་བ་རིག་པ་དེ་གཞུང་ལུགས་རང་བཞིན་ཅན་དུ་འཕོ་བར་བྱས་ཤིང་། གཞུང་ལུགས་ཀྱིས་ཕྱིར་འཚོ་བ་དངོས་ཀྱི་ལག་ལེན་ལ་ཁྲིད་སྟོན་བྱས་པས་གཏར་བསྲེག་བྱུགས་གསུམ་དང་ཟས་ཀྱི་ཚོད་བསྟེན་པ། མར་བཞུས་ནས་རྩ་ཁ་བསྡམས་ཤེས་པ་སོགས་ཡར་རྒྱས་ཆེན་པོ་བཏང་། རྗེས་ཀྱི་ལྷ་ཐོ་དོ་རི་གཉན་བཙན་གྱི་དུས་སུ་བལ་བོའི་ཡུལ་ནས་ལྷ་རྗེ་མཁས་པ་བི་ལ་དགའ་བྱེད་དང་བི་ལ་བླ་མ་གཉིས་སྤྱན་དྲངས་ཏེ་འཚོ་བ་ཟས་ཀྱི་མདོ་སོགས་བཟོ་ལྔ་གནང་ཞིང་གསོ་རིག་ཐད་ཀྱི་འགྲོ་དོན་རྒྱ་ཆེར་མཛད། ཡང་སྟག་རི་གཉན་གཟིགས་ཀྱི་དམུས་ལོང་ནད་དེ་མཚོ་སྔོན་དང་ཀན་སུའུ་རྒྱུད་ཀྱི་འ་ཞའི་ཡུལ་ནས་ཨེམ་ཆི་མཁས་པ་གདན་དྲངས་ཏེ་བཅོས་པར་བརྟག་ན། འ་ཞ་ནི་ལོ་རྒྱུས་ཡིག་ཚང་ཕལ་ཆེ་བ་རུ་རྒྱལ་བོ་འདིའི་དུས་ཙམ་ཆབས་འོག་ཏུ་འདུས་ཤིང་ཡིན་པ་བོད་རིགས་ཡིན་ཞེས་འབྱུང་ལ། ཡང་ལོ་རྒྱུས་ཡིག་ཚང་མང་བོ་ཞིག་གཞིར་བཟུང་ན་ལྷ་ཐོ་དོ་རི་གཉན་བཙན་ནས་སྟག་རི་གཉན་གཟིགས་བར་མང་མཐའ་ཡང་ལོ་བརྒྱ་ལས་སོང་མེད་དེ་ཁྲི་གཉན་གཟུང་བཙན་493ལོར་བོད་ཀྱི་རྒྱལ་བོར་གྱུར་བ་དང་སྟག་རི་གཉན་གཟིགས་556ལོར་རྒྱལ་བོར་བསྡད་ཅེས་པ་ལས་ཤེས་ཐུབ། ལྷག་པར་འབྲོང་གཉན་ལྡེའུ་སྔ་ས་ནས་མཛེ་ནད་བྱུང་སྟེ་དུར་དུ་ཞུགས་པས་སོ། དེས་ན་ལོ་ཚད་དང་གསོ་རིག་ལག་རྩལ་གྱི་ཆུ་ཚད་གང་གི་ཆ་ནས་ཀྱང་ལོ་བརྒྱའི་ནང་གི་འཕེལ་རྒྱས་ལས་དབྱུང་དུ་བཏུབ་པའི་ཚད་ཙམ་མ་ཡིན་པས་བལ་ཡུལ་ནས་ཚུར་འདེབས་འཛུགས་མ་བྱས་ཀྱང་བོད་རང་ས་ན་སྐབས་དེར་གསོ་རིག་གི་ཆུ་ཚད་དང་རྨང་གཞི་ངེས་ཅན་ཞིག་ཡོད་པ་རྟོགས་ཐུབ།  གཞན་ཡིག་ཚང་ཁག་ཏུ་ལྷ་ཐོ་དོ་རིའི་དུས་སུ་བསྟན་པ་དབུ་བརྙེས་ཞེས་གཅིག་ཏུ་བཞེད། ལ་ལས་ལོ་པཎ་གཉིས་ཞི་བ་འཚོས་བོད་དུ་མངགས་པར་བཤད། ལ་ལས་ཆོས་ཀྱི་གླེགས་བམ་གནམ་ནས་བབས་པར་བཤད། གང་ལྟར་བཙན་པོ་འདིའི་དུས་སུ་སུས་ཀྱང་དོན་མ་རྟོགས་པའི་ཆོས་ཀྱི་གླེགས་བམ་དུ་མ་བཙན་པོའི་ཕྱག་ཏུ་སོན་ཞིང་ཁོང་ཡང་དེ་ལ་སྤྲོ་མོས་ཆེན་པོ་བྱུང་བ་ཤེས་ཐུབ། ཁོང་གིས་སྐབས་དེར་བོན་ཆོས་ཀྱི་དབང་ཤུགས་དེ་འདྲ་བཙན་པོའི་འོག་ནས་བོན་སུ་མ་འདུས་པའི་རིག་གནས་གཞན་གྱི་གླེགས་བམ་གསང་བའི་ཚུལ་དུ་ཉར་ཚགས་བྱེད་ཐུབ་པའི་རིག་གནས་དཀྱེལ་ཡངས་ཀྱི་སྤོབས་པ་དང་དགོངས་པར་ང་ཚོས་རྗེས་སུ་ཡི་རང་བྱེད་དགོས་པ་ཞིག་རེད། ཡང་ན་སྐབས་དེར་བོན་ཆོས་ལ་རྒྱལ་བོའི་བློ་འགུགས་པའི་ནུས་པ་ཤོར་ཏེ་རྒྱལ་བོར་ཆོས་ལུགས་གཞན་ཞིག་གཉེར་འདོད་ཀྱི་འདུན་པ་ཆེ་ཡང་དགོས་ངེས་ཀྱི་རྒྱུ་རྐྱེན་མ་ཚང་བས་གཉན་པོར་མི་འཇོག་མཐུ་མེད་བྱུང་བ་ཡིན་ཀྱང་སྲིད།
        དེ་ནས་རྒྱལ་སྟག་བུ་གཉན་གཟིགས་ཀྱི་རིང་ལ་བོད་ཀྱི་ཚོ་བའི་མངའ་ཁོངས་རྒྱ་བསྐྱེད་པའི་མགོ་ཚུགས་ཤིང་དྲང་གར་རྗེ་སོགས་བཏུལ་ནས་ཕྱིའི་རྒྱལ་ཕྲན་ཚོ་བ་ཁག་གི་སུམ་གཉིས་འབངས་སུ་བཅུག  འདིའི་དུས་སུ་མོང་ཁྲི་ངོར་སྣང་བཙན་གྱིས་བྲེ་ཕུལ་སྲང་སོགས་བཅོས་ནས་འབྲུ་མར་ཚད་ཀྱིས་བཅལ་བ་སྟེ་རྒྱ་མ་བཟོས། རྒྱའི་ལོ་རྒྱུས་སུ་ཆིན་གོང་མས་འཇལ་གཤོར་འདེགས་གསུམ་གཅིག་གྱུར་བྱས་ཞེས་འབྱུང་བར་དཔག་ན་རྒྱ་ལ་ཆིན་གོང་མས་གཅིག་གྱུར་མ་བྱས་པའི་ཡར་སྔོན་ནས་གཅིག་གྱུར་མ་ཕྱིན་པའི་འཇལ་གཤོར་འདེགས་གསུམ་ཡོད་པ་ཤེས་ཐུབ། གལ་ཏེ་ཆིན་གོང་མའི་སྐབས་སུ་ཐོག་མར་འཇལ་གཤོར་འདེགས་གསུམ་བྱུང་བའི་དབང་དུ་བྱས་ཀྱང་ཆིན་གོང་མ་ནི་སྤྱི་ལོ་སྔོན་གྱི་དུས་རབས་3པ་དང་སྟག་རི་གཉན་གཟིགས་ནི་དུས་རབས་དྲུག་བདུན་ཡས་མས་ཡིན་པས་དུས་ཀྱི་ཆ་ནས་ཧེ་བག་ཆེན་པོ་བྱུང་ཡོད། ཡང“དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས”ཞེས་པས་ཚོང་ལས་དར་བ་དང“དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད”ཅེས་པས་རྒྱལ་བོ་འདིའི་དུས་སུ་ཐོག་མར་ཚོང་ལས་དར་བ་བསྟན།
       སྟག་རི་གཉན་གཟིགས་ཀྱི་བར་དུ་རྒྱའི་ལོ་རྒྱུས་ཀྱི་རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུ་ལྟར་གོར་དུ་མ་ཆུད་པར་ཡན་གར་དུ་ལུས་ཡོད། གནམ་རི་སྲོང་བཙན་གྱིས་ད་གཟོད་ཞི་དྲག་གཉིས་འཛོམས་ཀྱི་ཐབས་ཇུས་བཀོལ་ནས་མཐའ་བཞིའི་རྒྱལ་ཕྲན་ཚོ་བ་ཁག་ཅིག་གཅིག་གྱུར་བྱས་ཡོད་དེ། ཞི་བའི་སྒོ་ནས་སད་མ་ཀར་ཞང་ཞུང་རྒྱལ་བོར་བག་མར་གནང་ནས་གཉེན་འབྲེལ་གྱི་འབྲེལ་བ་བཙུགས་པ་དང་དྲག་པོའི་སྒོ་ནས་དྭགས་པོ་སོགས་དབང་དུ་བྱས་ཏེ་བོད་ཀྱི་དབང་རིས་ཡར་ལུང་ཙམ་དུ་མ་ཟད་གཙང་དང་དབུས་སུའང་ཁྱབ་པར་མཛད་ཀྱང་རྗེ་བློན་དང་བློན་པོ་གསར་རྙིང་དབར་དུ་འགལ་བ་བྱུང་ནས་རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས་སུ་མ་བཅུག་པར་མཐར་སློན་བཙན་རང་ཉིད་ལ་དུག་དྲངས་ཏེ་བཀྲོང་ཞིང་གཅིག་གྱུར་ཙམ་འབྱུང་གིན་པའི་བོད་བཙན་པོའི་རྒྱལ་ཁབ་ཡང་སིལ་བར་འཐོར། ‘ཏུན་ཧོང་གཏེར་ཡིག’ལས་བྱུང་བའི་ཁྱུང་བོ་སྤུང་སད་ཟུ་ཙེ་དང་ཞང་སྣང་གཉིས་ཀྱིས་བླངས་པའི་མགུར་ལས་ཟུ་ཙེས་བླངས་བ་སྟེ“མོན་ཀ་འི་ནི་སྟག་ཆིག་པ། སྟག་བཀུམ་ནི་ཟུ་རྩེས་བཀུམ།……ཐ་མ་ནི་གཡག་གིས་བསྐོརད། ཟུ་ཙེ་ནི་སྩལ་ལགས་ཀྲང”ཞེས་པའི་གླུ་ལས་གནམ་རི་དང་ཟུ་ཙེའི་དབར་དུ་འགལ་བ་བྱུང་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། ཡང“རྒྱལ་བོ་འདིའི་རིང་ལ་རྒྱ་ནག་ནས་སྨན་དང་རྩིས་སོགས་བོད་དུ་དར་བ”དང《ཆོས་འབྱུང་མཁས་པའི་དགའ་སྟོན》དུ“ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ་……རྒྱ་མེད་པར་བཏང”ཞེས་པ་གང་ལགས་ཀྱང་རྒྱ་དང་བཟང་ངན་གྱི་འབྲེལ་བ་བྱུང་ཡོད་པ་ཤིན་ཏུ་གསལ། བཙན་པོ་འདིའི་དུས་སུ་བོད་ཡུལ་གྱི་སྟོད་སྨད་བར་གསུམ་ན་ཉ་ཆེན་པོས་ཆུང་བ་ཟ་བའི་འཇིག་རྟེན་གྱི་བདེན་པའི་ཟློས་གར་འཁྲབ་བསྒྱུར་དང་རྒྱལ་བློན་དང་བློན་བློན་དབར། ཕ་ཚན་དང་མ་ཚན་དབར་སོགས་སྤྱི་ཚོགས་ཀྱི་འབྲེལ་བའི་སྣ་སྒོར་མོ་ན་སོས་དལ་མེད་པའི་རླུང་རླབས་ཤིག་འཕྱོ་འཇགས་བྱེད་ཀྱིན་གདའ།
        སྲོང་བཙན་ནི་དགུང་ལོ་གཞོན་ཡང་བློ་དང་དཔའ་སྤོབས་ཉིས་འཛོམས་ཡིན་པས་མཚན་ལའང་མ་བཅོས་དོན་གྱིས་སྒམ་པོ་རུ་གསོལ་ཞིང་ཁོང་གི་དབང་བསྒྱུར་བའི་དུས་སུ་ཡབ་ཀྱི་རིང་ལ་ངོ་ལོག་པའི་ཡབ་ཕྱོགས་ཀྱི་གཉེན་དང་ཡུམ་འབངས་ཀྱི་གཉེན་ཚན་ཀུན་ཀྱང་གློ་བ་ཉེ་བར་གྱུར་ལ། ཁོང་གིས་ཐབས་མཁས་ནུས་གསུམ་གྱིས་བློན་པོ་རྒན་པ་དབས་དབྱི་ཚབ་སོགས་ལ་རྒྱབ་རྟེན་བཀལ་ཞིང་གསར་བ་མགར་སྟོང་བཙན་སོགས་ལ་དབུ་བསྙུང་བཞེས་ཏེ་བློན་ཀུན་གྱི་སེམས་རྩ་གཅིག་ཏུ་དྲིལ་ནས་མཐུན་སྒྲིལ་ལ་ཆེས་ཆེར་ཤུགས་སྣོན་བརྒྱབ་པས་བཙན་བརྗིད་བཀའ་ཡིས་བོད་ཁམས་གཅིག་ཏུ་དྲིལ་ཐུབ་པ་བྱུང་ཡང་། 《ཏུན་ཧོང་གཏེར་ཡིག》ལས“བཙན་པོ་ཞ་སྔར་ཁྱུང་པོ་སྤུང་སད་ཀྱིས་གསོལ་པའ།……བདགི་སྡུམ་པ་ཁྲི་བོམ་སུ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇི་གནང་།……གསོལ་བ་བཞིན་གནང་སྟེ།……དཀུ་གང་པུབ་པར་ཡུལ་བཟུང་གིས་ཚོར་ནས”ཞེས་བཀོད་པ་ལས་ང་ཚོས་ཤེས་ཐུབ་པ་ནི་ད་དུང་བློན་པོ་ཁ་ཅིག་གིས་བཙན་པོ་དགྲོང་འདོད་ཀྱི་ངན་སེམས་འཆང་ཡོད་པ་དང་བཙན་པོས་ཀྱང་བློན་ཅེ་སྟོང་བཙན་མྱུལ་ཞིབ་མཛད་པར་སྔོན་དུ་མངགས་པ་ལས་བློན་སྐོར་ཅིག་ལ་བློ་ཡོངས་སུ་མ་གཏད་པར་ཁ་དྲོ་སེམས་འཁྱག་དང་ཕྱི་ཡག་ནང་སྟོང་གིས་བློ་གྲོས་ཀྱི་གཟོང་འབིག་བསྐོར་ནས་ངེས་ཅན་གྱི་དོགས་ཟོན་གནང་འདུག  དེ་དབའ་དབྱི་ཚབ་ཀྱིས་མཁྱེན་ནས་ནམ་ཞིག་རང་ཉིད་གྱི་མགོ་ལའང་དེ་འདྲའི་ངན་འབྲས་ཤིག་འབྱུང་དོགས་ཀྱིས་བཙན་པོ་ཆེད་དུ་མནས་བསྒགས་ནས་སླན་ཆད་མི་འབྱུང་བར་འགན་ལེན་ཁག་ཐེག་བྱས་པ་རེད། ཟུ་ཙེས་ཞང་སྣང་ལ་གཡོ་བྱས་པ་དང་ཞང་སྣང་བཙན་པོ་ལ་གློ་བ་མ་ཉེ་བ་སོགས་ལས་ཀྱང་ཁོ་ཚོའི་བར་གྱི་གཏིང་ཟབ་ཀྱི་འགལ་ཟླ་དེ་དག་ཤུན་ལྤགས་བཤུས་ནས་དམར་རྗེན་དུ་མཐོང་ཐུབ། དེ་ཕྱིར་བཙན་པོ་རྗེ་འབངས་ཀྱི་དབར་ནའང་གྲུ་གུ་རིལ་མོ་གཅིག་ཏུ་འདྲིལ་བ་ལྟ་བུའི་མཛའ་གཅུགས་སེམས་ཀྱི་ཁ་བཏགས་ཏེ་ད་དུང་འཐེན་མེད་པར་རེས་ཆད་རེས་མཐུད་དང་རེས་ཕྲ་རེས་སྦོམ་གྱིས་རྫས་འགྱུར་དང་དངོས་ལུགས་ཅི་རིགས་ཀྱི་འགྱུར་འབྱུང་འབྱུང་གིན་ཡོད།
   བསམ་བློའི་དཔུང་གི་མཐུ་བརྩན་ཞིང་འཇིག་རྟེན་གྱི་དོན་མཛད་པ་ལ་མངའ་བསྙེས་པའི་སྲོང་བཙན་སྐུ་ན་ཕྲ་ཡང་མཛད་རྗེས་ནི་ཁུར་དུ་དུད་པ་ཞིག་རེད། དེ་ལས་ཡི་གེ་གསར་དུ་བཟོས་ཚུལ་ལ་སྔར་ནས་ཀྱང་བོན་ཕྱོགས་སུ་སྤྱོད་པའི་ཁྱབ་ཆུང་བའི་ཡུལ་རང་མཚན་པའི་ཡིག་རིགས་ཤིག་ཡོད་པར་ངེས་ཏེ《བོད་ཀྱི་ལོ་རྒྱུས་སྤྱི་དོན་པ་མ་ར་གའི་ལྡེ་མིག》ཏུ“དེ་ལྟར་གཤེན་རབ་ཀྱིས་གསུངས་པའི་བཀའི་གླེགས་བམ་དང་། གདུང་སྲས་རྣམས་ཀྱིས་བཀའ་བསྡུ་བྱས་ཏེ་ཡི་གེར་བཀོད་པ་དང་། དེའི་རྗེས་སུ་བྱུང་བའི་མཁས་པ་ཁག་ཅིག་གིས་བརྩམས་པའི་གཤེན་རབ་ཀྱི་བཀའི་དགོངས་པ་འགྲེལ་བའི་གཞུང་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པ་ལ་བོན་གྱི་བཀའ་བསྟན་ཟེར”ཞེས་འབྱུང་བས་ཤེས་ལ། རིག་པས་ཟུར་ཙམ་བརྟག་ན་ཡང་དེ་ལྟར་སྔར་དུས་ཀྱི་གསོ་རིག་འབུམ་བཞི་ལྟ་བུའི་ཕོན་ཆེ་བའི་གསུང་རབ་གླེགས་བམ་དག་དུས་ཀྱི་བསྐལ་བ་རིང་མོའི་ནང་དུ་མ་ཉམས་པར་གསོན་ཤུགས་རྒྱས་ཏེ་རྟག་བཟོད་ཐུབ་པ་ནི་སུ་ཞིག་གི་བློ་ནས་བློ་རུ་བརྒྱུད་པ་མ་ཡིན་པར་བརྡ་རྟགས་ཀྱི་ལམ་ནས་བརྟན་པོར་གཞི་གང་ཞིག་ལ་ཐོ་འགོད་བྱས་ནས་བྱུང་བ་ཡིན་པ་རྟོགས་ཐུབ། དེ་ཡང་ཁ་དཔེ་ལ་ལུང་བ་རེ་ན་གཏེར་སྟོན་རེ། གཏེར་སྟོན་རེ་ལ་ཡི་གེ་རེ་ཞེས་པ་ལྟར་བོད་ཀྱི་དེ་སྔའི་ལོ་རྒྱུས་རིང་མོའི་ནང་དུ་ཡུལ་བྱེ་བྲག་པ་དང་གང་ཟག་ཡན་གར་བའི་ཁྲོད་དུ་བརྡ་སྤྲོད་ཀྱི་ནུས་པ་འཛིན་པའི་རི་མོ་རེ་བྱུང་བར་ཁྱད་མཚར་དགོས་དོན་ཆེར་མེད་སྙམ། དེས་ན་སྐབས་ཐོག་འདིར་གཅིག་གྱུར་བྱུང་བའི་བོད་བཙན་པོའི་རྒྱལ་ཁབ་ལ་བཀས་བཅད་པའི་ཁྱབ་གཟུགས་སུ་སོང་བའི་ཡི་གེ་མེད་ཅིང་ངེས་པར་དུ་མཁོ་ལ་བོན་ཆོས་ཀྱང་རྒྱུ་རྐྱེན་སྣ་མང་གི་རྐྱེན་བྱས་ཏེ་བོད་བཙན་པའི་ཆབ་དཔལ་གྱི་དགོས་མཁོ་དང་མ་འཚམས་པས ། ཐོན་མི་རྒྱ་གར་དུ་མངགས་ནས་དབང་བསྒྱུར་གྲལ་རིམ་གྱི་དབང་བསྒྱུར་དགོས་མཁོ་ལ་དམིགས་བཙུགས་པའི་ཡི་གེ་དང་རིག་གནས་གསར་དུ་བཟོས་ཤིང་སྤེལ་བ་རེད། དམག་དོན་དང་སྲིད་འཛིན་སྒྲིག་གཞིའི་ཐད་ནས་སུམ་པ་དང་ཞང་ཞུང་ཆབ་འབངས་སུ་བཀུག་རྗེས་སུམ་པའི་རུ་དང་ཞང་ཞུང་རུ་བཙུགས་ནས་རུ་དྲུག་དང་བློན་ཁམས་བཅུ་དྲུག ཡུལ་གྱི་དབང་རིས་བཅོ་བརྒྱད། རྒོད་ཀྱི་སྟོང་སྡེ་རེ་གཅིག་ཏུ་ཕྱེས་ཏེ་བཙན་པོའི་ཆབ་སྲིད་ཀྱི་གཅིག་སྡུད་དབང་ཆར་ཤུགས་སྣོན་དང་དམག་སྡེ་རྒྱ་བསྐྱེད་ནས་དམག་དོན་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་བར་རྟིང་སྐུལ་བྱས་ཡོད། འདིས་ཁྲི་སྲོང་གི་རྟ་སྐད་ལན་གསུམ་བསྒྲགས་ཏེ་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བར་ཐོག་མའི་ས་བོན་བཏབ་པ་རེད། རྒྱལ་ཁྲིམས་བཅོ་ལྔ་སོགས་གཏན་འབེབས་མཛད་པས་མི་དག་གི་བག་མེད་ཀྱི་མཐོངས་ཡངས་པའི་སྒོ་འཕར་ཇེ་དམ་དུ་བཏང་ནས་རྙོག་དྲ་དང་འཁྲུག་ཟིང་བསྐྱུང་ཞིང་འཚོ་བར་ཞོད་འཇགས་དང་ཐོན་སྐྱེད་ནུས་ཤུགས་ཡར་རྒྱས་སུ་བཏང་ཡོད། རྒྱ་དཀར་ནག་དང་འཇང་གྲུ་གུ་སོགས་ལ་ཕྱི་དོན་གྱི་འབྲེལ་བ་བཙུགས་ནས་གསར་བྱུང་གི་བོད་ཆེན་པོའི་རིག་གནས་མཐོངས་ཡངས་པའི་རྫོགས་ལྡན་གྱི་ཞིང་དུ་བསྐྱལ། ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་བོར་སྲོང་བཙན་གྱི་འདས་ལོའི་ཐད་ལ་ལོ་ཚིགས་སྔ་ཕྱི་གུང་བསྒྲིགས་པ་ཙམ་ལས་འདས་རྐྱེན་ཐད་ལ་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་། སྲོང་བཙན་དངོས་གནས་དགུང་གྲངས་སོ་བཞི་ལས་མ་བཞུགས་པ་བདེན་ན་འདིའི་སྐབས་སུ་ནང་བསྟན་གསར་དུ་སྤེལ་བ་དང་འུ་ལག་ལྕི་མོ་རྒྱུག་ཡོད་དེ་པོ་ཏ་ལ་དང་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་གྲངས་མང་བ་བཞེངས་པས་བསམ་རྒྱུ་ཆེན་པོ་འདུག་སྙམ། སྤྱིར་ན་འུ་ལག་ལྕི་བའི་རྒྱལ་བོ་ནི་ཆབ་སྲིད་ཡུན་རིང་དུ་མཛད་པའི་རྒྱལ་བོ་ཞིག་མ་རེད།
     བཙན་པོ་འདི་ཞིང་དུ་ཕེབས་རྗེས་མགར་སྟོང་བཙན་ཡུལ་བཟུང་གིས་སྲིད་བསྐྱངས་ཤིང་མགར་རང་གི་ཁེ་གྲགས་འཇོན་གསུམ་གྱི་ཆ་ནས་བཤད་ན་འགྲན་པའི་ཟླ་དང་བྲལ་ཡང་བགྲང་བྱ་བཅུ་བདུན་འདིའི་རིང་ལ་ནམ་ཡང་སྲིད་བློན་ཞིག་གི་ས་ནས་འགྲེང་སའི་སྟེགས་འཕང་ཉམས་དམའ་བར་བྱས་ཏེ་སྲིད་སྐྱོང་རོགས་དང་གྲུ་གུ་སོགས་ལ་ནར་མར་དམག་རྒྱབ་པ་ནི་ཀྲོའུ་ཀོ་ལིའང་དང་ཡང་དག་མཚུངས་ལ། འདི་ལས་ང་ཚོས་གཟུ་བློན་ཞེས་པའི་འཇིག་རྟེན་གྱི་མཛེས་པའི་མཐར་ཐུག  མཐོང་བ་ཙམ་གྱིས་དད་པའི་སྤུ་རླུང་ལྡང་བར་བྱེད་པའི་མིང་ཚིག་འདི་ཉིད་མིག་དབང་གསར་བ་ཞིག་གིས་སླར་ཡང་མཇལ་ཐུབ།
     གུང་རི་གུང་བཙན་སྐོར་གྱི་གནས་ཚུལ་དག་ལོ་རྒྱུས་ཡིག་ཚང་ཀུན་ན་ཤོག་ངོས་མ་སྟོངས་པ་ཙམ་དུ་ཡོད་པས་ཆོས་སྲིད་གང་ལའང་འབྲེལ་མེད་དོན་གཞན་དུ་གྱུར་ཏེ་ཕྱག་ཟུང་རྐྱོང་མ་ནུས་པ་འདྲ། ཡང《པད་མ་རཱ་གའི་ལྡེ་མིག》ནང་དུ“634ལོར་གཅེན་སྲོང་བཙན་དམག་ལ་ཕེབས་པའི་ཚབ་དུ་སྲིད་བསྐྱངས”ཞེས་ཀྱང་འཁོད་འདུག
       མང་སྲོང་མང་བཙན་ནི་མགར་གྱི་ལྷ་སྐུ་ཆེན་པོའི་ཟིལ་ཤུགས་ཀྱིས་བཏུམས་ཏེ་བག་ལ་ཞ་བར་གྱུར་འདུག་པས་མང་སྲོང་གླེང་དུས་མགར་ཐག་ཞོར་འབྲེང་འདྲུད་ཀྱིས་མི་གླེང་ས་མི་འགྲོ་བ་ཞིག་ཏུ་འདུག ‘ཏུན་ཧོང་གཏེར་ཡིག’ལས “སྦྲུལ་གྱི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང་བློན་ཅེ་སྟོང་རྩན……ཞེས་དང་རྟའི་ལོ་ལ། བཙན་པོ་མེར་ཀེ་ན་བཞུགས་ཤིང་བློན་ཆེ་སྟོང་རྩན ……སྤྲེའུ་ལོ་ལ། བཙན་པོ་མལ་གྲོ་སྐེ་བྱེ་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆིས་ཕར་ལོ་གཆིག”སོགས་ལོ་དེར་བཙན་པོ་ཕོ་བྲང་གང་ན་བཞུགས་ཀྱིན་པའི་གནས་ཚུལ་ཙམ་ལས། བཙན་པོས་མཛད་པ་ཅི་བསྐྱང་གི་ལོ་རྒྱུས་རགས་ཙམ་ཡང་བཀོད་མེད་ལ། ཡང་གཅིག་བཤད་ན། བཙན་པོ་ཡང་དཔའ་མཛངས་མཁས་གསུམ་གྱིས་ཕྱུག་པའི་མི་འཇོན་ཅན་ཞིག་མིན་ཚེ་རང་གཞན་གྱི་མི་སུ་ཡིན་ཀྱང་མཛད་རྗེས་རླབས་ཆེན་རེ་འཇོག་རྒྱུ་དངོས་གནས་ཁེགས་པོ་རེད།
        དེའི་སྲས་འདུས་སྲོང་མང་རྗེ་སྐུ་ན་ཕྲ་དུས་སུ་ཆབ་སྲིད་ཀྱི་མངའ་དབང་ཡོངས་སུ་མགར་ཚང་གིས་བཟུང་ཞིང་ཕྱིས་སུ་རྗེ་བློན་དབར་གྱི་ཆབ་སྲིད་ཀྱི་དབང་ཐང་ལ་དོ་སྙོམས་ཤོར་ནས་བཙན་པོའི་སྐུ་དབང་ལ་འཇིགས་ཉེན་བྱུང་བས། བཙན་པོས་གཡོ་འཁྱོག་སྤྱང་གསུམ་གྱིས་མགར་ཚང་གི་རྒྱུད་པ་ཚར་བཅད་དེ་རང་ལ་ཐོབ་འོས་ཀྱི་དབང་ཆ་བསྡུ་རུབ་བྱས་ནས་དབང་བསྒྱུར་སྲ་བརྟན་དུ་བཏང་། འགའ་ཞིག་གི་ཀུན་རྟོག་སེམས་ཀྱི་འཆར་སྒོ་རུ་མགར་གྱི་བུ་རྣམས་ལ་སྔར་ནས་་སྲིད་དབང་འཕྲོག་འདོད་ཀྱི་རླམ་སེམས་ཡོད་པའི་གཟུགས་བརྙན་ལམ་ལམ་དུ་འཆར་སྲིད་ཀྱང་། གལ་ཏེ་མགར་ཚང་གི་བུ་རྣམས་ལ་སྔ་ས་ནས་ངོ་ལོག་སྲིད་འཕྲོག་གི་འདུ་ཤེས་ཡོད་པ་ཡིན་ན་ཕྱིས་སུ་ཁྲི་འབྲིང་གི་དཔུང་འཐོར་ཏེ་རང་ཤི་རྒྱག་པའི་ཚད་དུ་མི་འགྱུར་གྲང་། འདི་ནི་བཙན་པོ་གང་གི་སྲིད་ཀྱི་དགོས་དབང་དུ་ཟད་ཀྱང་དཔའ་ཆེ་ཞིང་ཡིད་གཞུངས་པའི་མགར་ཚང་གི་བུ་སྟག་འདྲ་གཟིག་འདྲ་ལྟ་བུ་དག་གིས་རང་རེའི་དོན་དུ་སྡུག་ཤུ་དང་འབད་འཐབ་བྱས་བྱས་པའི་མཐའ་མར་འཐོབ་པ་ནི་འདི་ལྟ་བུའི་གནས་མ་ཡིན་གྱི་གོ་ལོག་གི་མཇུག་འབྲས་ཤིག་ཡིན་པ་ནི་ཡི་རེ་མུག་ཨང་། གངལྟར་མགར་ཚང་གི་བུ་རབས་ཚ་རྒྱུད་དག་གིས་དཀའ་བརྒྱ་གདོང་གིས་བསུས་ཏེ་བོད་བཙན་པོའི་སྲིད་དབང་གཅིག་གྱུར་དང་མངའ་ཁོངས་རྒྱ་བསྐྱེད་ཐད་དུ་ཐོ་རངས་སྐར་ཆེན་འཛུམ་པ་ལྟ་བུའི་བསུབ་མེད་ཀྱི་ཕྱག་རྗེས་ཤིག་བཞག་ཡོད།
       དེ་ནས་ཁྲི་ལྡེ་གཙུག་བརྟན་སྐོར་བརྗོད་པ་ལ་འདིའི་ཆོས་ཕྱོགས་ཀྱི་ཕྱག་རྗེས་དག་ཞིབ་གསལ་ཞིག་བཀོད་ཡོད་ཀྱང་སྲིད་ཕྱོགས་དང་དེ་ལས་གཞན་གྱི་གཞུང་རྟ་དང་རྩ་བར་གྱུར་བའི་གཙོ་གལ་ཆེ་བ་རྣམས་ལྕི་ཡང་མེད་པའི་གྲུ་ཟུར་དུ་དེད་དེ་ཕལ་བའི་ཚུལ་དུ་སྣོན་འཕྲི་དང་འདོར་བསྐྱུང་བྱས་པས། མཐར་ཉོག་ཅིང་སྐྱ་མི་འཁོར་བའི་མོག་པའི་ཚུལ་དུ་སོང་ནས་ཐ་ན་ཕ་སྤད་དབེན་ཞེང་དང་འཁྲུངས་འདས་ཙམ་ཡང་ངེས་ཀྱིན་མེད། དཔེར་ན《མཁས་དགའ》རུ་བཙན་པོ་འདི་680ལོར་འཁྲུངས་བར་བཞེད་ཅིང་། དེ་ལྟར་ན་གྱིམ་ཤིང་ཀོང་ཇོ་བོད་དུ་གཤེགས་དུས་ཁོང་དགུང་ལོ་སོ་གཅིག་ལ་སོན་ཟིན་པས། ཁོང་གི་ལྷ་སྲས་ལ་གྱིམ་ཤིང་བསུས་པ་ཡིན་ཀྱང་སྲིད། 《དེབ་ཐེར་ཀུན་གསལ་མེ་ལོང་》དུ་692ལོར་མེས་ཨག་ཚོམ་འཁྲུངས་པར་བཞེད། དེ་ལྟར་ན་གྱིམ་ཤིང་བོད་དུ་བསུ་དུས་ཁོང་དགུང་ལོ་བཅུ་དགུ་ཡིན་པས་ལྗང་ཚ་ལྷ་དབོན་ཁོའི་སྲས་སུ་བལྟམས་ཟིན་ཀྱང་བག་མ་ཁབ་དུ་བསུས་ཆོག་པའི་ཚད་དུ་ཐོན་མེད། 《པད་མ་རྰ་གའི་ལྡེ་མིག》ལྟར་ན་698ལོར་འཁྲུངས་ཤིང་ལྗང་ཚ་ལྷ་དབོན་འདུས་སྲོང་གི་སྲས་དང་མེས་ཨག་ཚོམ་གྱི་གཅེན་པོ་ཡིན་ལ། གྱིམ་ཤིང་ལྗང་ཚའི་ཁབ་ཏུ་བསུས་ཀྱང་མ་འབྱོར་གོང་བཀྲོངས་པས་མེས་ཨག་ཚོམ་དང་འདུས་པར་བཤད། 《ཐང་ཡིག་གསར་རྙིང》གཉིས་ཀྱི་ནང་དུ“སྲས་རྣམས་ཀྱིས་རྒྱལ་ས་བརྩད་ཀྱང་འབངས་མིས་ཁྲི་ལྡེ་གཙུག་བཙན་བཙན་པོར་བསྐོས”ཞེས་བཀོད་པར་གཞིག་ན་ཁྲི་ལྡེ་གཙུག་བརྟན་ལ་སྤུན་གཅིག་ལས་མང་ཙམ་ཡོད་པ་ཤེས་སླ་པར་མ་ཟད།  དཔལ་དོན་གྲུབ་རྒྱལ་གྱི་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམ་བཤད་ཐོར་བུ》རུ་ཁྲི་འདུས་སྲོང་ལ་མ་མཐར་ཡང་བཙུན་མོ་གསུམ་ཡོད་ཅེས་གསུངས་འདུག  དེ་བས་འདི་ཡང་ཁ་མི་མཐུན་ཞིང་ཉོག་འཁྲུག་ཆེ་ས་ཞིག་རེད། དེ་མིན་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་སུ་ཡིན་ངེས་འཛིན་དཀའ་བ། ཁྲི་ལྡེ་སྲོང་བཙན་དང་མུ་ཏིག་བཙན་པོ་མི་གཅིག་ཡིན་མིན་སོགས་རིགས་རུས་དང་ཆབ་སྲིད་ཐད་དུ་རྙོག་དྲ་ཆེན་པོ་བྱུང་སྟེ་དངོས་ཡོད་ལྐོག་ཏུ་གྱུར་ཡོད། ཇི་ལྟར་ཀྱང་བཙན་པོ་མེས་ཨག་ཚོམ་ཅན་འདི་བའི་སྐུ་རིང་ལ་ཆོས་ཀྱི་དཔེ་ཆ་དུ་མ་དང་གཙུག་ལག་ཁང་འགའ་རེ་གདན་འདྲེན་དང་གསར་བཞེངས་བགྱིས་ནས་ཤ་དར་ཁྲག་དར་སུ་མ་སོང་བའི་ཆོས་ལུགས་ཅུང་ཟད་ཁྱབ་པར་སྤེལ། རྒྱ་དང་འཇང་སོགས་ལ་དམག་འཁྲུག་བརྒྱབ་ནས་མངའ་ཁོངས་རྒྱ་བསྐྱེད་དང་སྲིད་ལ་སྣོན་པ་བཏབ་ཡོད་དེ། ‘ཏུན་ཧོང་གཏེར་ཡིག’ཏུ“རྒྱའི་ནོར་མང་པོ་སྟོད་པྱོགས་སུ་འདོན་པ་རྣམས།  །ཀྭ་ཅུ་ན་ཚོགས་བྱས་པ་ལས།  །ཐམས་ཅད་བོད་ཀྱིས་ཕབ་སྟེ་བཞེས”ཞེས་དང་ཡང་“མྱ་འི་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ།  །འབངས་སུ་པྱག་འཚལ་ནས། ……འཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས”ཞེས་པ་སོགས་ལས་ཤེས་ཐུབ། བཙན་པོ་སྐུ་ན་ཕྲ་དུས་ཆབ་སྲིད་ཡོངས་སུ་ཨ་ཕྱི་ཁྲི་མ་ལོད་ཀྱིས་དབང་དུ་བྱས་ཤིང་བཙན་པོའི་སྐུ་སྲུང་ཡང་མཛད་དེ་བློན་ཆེན་དུ་མའི་སྲོག་བཅད་པ་དང་711ལོར་ཅོག་རོ་ཁོང་གེ་བཙན་པོ་ལ་གློ་བ་རིང་བས་ཚོགས་ཐོག་ཏུ་སྲོག་ཁྲིམས་བཅད་པ་སོགས་ལས་མགར་ཚང་གི་རྗེས་ནས་ཀྱང་བློན་པོ་མི་ཉུང་བ་ཞིག་བཙན་པོ་ལ་གློ་བ་རིང་གིན་པ་དང་ལྗང་ཚ་འཁོན་དང་བཙན་པོ་ལང་འབལ་གཉིས་ཀྱིས་གྲོངས་པ་དེས་འགལ་བ་དེ་ཡང་ཚད་བབ་དམའ་བའི་རང་ག་བ་ཞིག་མིན་པར་ཤ་གསེང་རུས་གསེང་དུ་ཟུག་པའི་རྣོ་ངར་ཅན་ཞིག་ཡིན་པ་ཤེས་ཐུབ།
       ཁྲི་སྲོང་ལྡེ་བཙན་གྱི་སྐོར་བཤད་པ་ལ་ལོ་རྒྱུས་ཡིག་ཚང་སོགས་སུ་རྒྱས་ཤིང་ཁ་ཅུང་གསལ་བོར་འདུག  བོད་དུ་རྒྱལ་བོ་འདིའི་དུས་སུ་ཆོས་སྲིད་གཉིས་ཀྱི་ཆ་ནས་རྫོགས་ལྡན་དུ་ཕྱིན་ཡོད་དེ། བོད་ཀྱི་སློབ་གྲྭའི་ཐོག་མ་བསམ་ཡས་འདེབས་བཞེངས་དང་ངུར་སྨུག་རབ་བྱུང་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་བཙུགས་ཏེ་མདོ་སྔགས་ཟུང་འཇུག་གིས་ཡར་རྒྱས་སུ་བཏང་། གཞན་དུ་བོད་དམག་གིས་རྒྱའི་རྒྱལ་ས་ཁྲང་ཨན་དང་ཏུན་ཧོང་སོགས་སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས་ཞེས་ཁ་ཕོ་དང་སྒྲོ་འདོགས་ཆེན་པོས་ཟུར་བརྒྱན་ཡང་འདི་ལས་ང་ཚོས་སྐབས་དེའི་བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱགས་ལ་དྲེགས་པོའི་རྒྱལ་སྟོབས་དང་འཕྱོ་ཞིང་འབར་བའི་དམག་ཤུགས། དཔའ་ཞིང་འཛངས་པའི་བློ་གྲོས་སོགས་བཅོས་མིན་དོན་གྱིས་རྡོག་རྡོག་ཏུ་མཐོང་ཐུབ། རྒྱལ་བོ་འདིའི་སྐུ་རིང་ལ་ཞང་བློན་ཆེན་པོ་གྲོམ་པ་སྐྱེས་དང་མཉམ་དུ་བོན་ཆོས་ཀྱང་གསོན་ཤིག་ཤིག་གིས་དུར་དུ་སྦས། ནང་ཆོས་ཁོ་ན་དབུ་རུ་བཀུར། འདིར་ཅུང་ཟད་དཔྱད་ན་རྒྱལ་ཁབ་དང་མི་རིགས་གང་ཡིན་ཀྱང་གཅིག་མཐུན་གྱི་ཆོས་ལུགས་དད་མོས་ནི་སྣ་མང་འཁྲུག་ཟིང་གི་ལས་སྒོ་བསྐྱུང་བའི་ཤེད་མོང་ཅན་ཞིག་དང་མཐུན་སྒྲིལ་གྱི་གསེར་སྐུད་གཅིག་ཏུ་བསྒྲིལ་བའི་དམ་པའི་ཕྱག་ཟུང་ཞིག་རེད། འདི་ནི་ཆོས་ཉིད་ཅིག་རེད། ལྡོག་ན་ཆོས་ལུགས་མི་འདྲ་བ་གཉིས་ཀྱིས་འདུ་ཤེས་མི་འདྲ་བ་གཉིས་བསྐྱེད་པར་བྱེད་ཅིང་། འདུ་ཤེས་འཛིན་སྟངས་མ་འདྲ་ན་འདུ་ཤེས་གཅིག་གི་མཛའ་གཅུགས་ག་ལ་འབྱུང་།  ཡང་མཛའ་གཅུགས་མེད་པས་འགལ་འདུ་བསྐྱེད་ཅིང་། འགལ་འདུ་ཡོད་པས་རྒྱལ་ཁབ་གང་གི་ཕྱོགས་བསྡུས་སྟོབས་ནུས་དང་བཙན་པོ་གང་གི་དབང་བསྒྱུར་སྲ་བརྟན་ལ་བཀག་རྐྱེན་བཟོས་པ་རེད། དེ་བས་སྲོང་བཙན་རིང་ནས་ཆོས་ལུགས་གཅིག་གྱུར་བྱེད་པ་ནི་ཁ་ཚ་དགོས་དགོས་གཏུགས་རེད། ཡིན་ཡང་གོང་གི་བཙན་པོ་ལྔ་བོའི་རིང་ལ་ཕྱི་ནང་གི་རྐྱེན་མ་ཚང་བས་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། བརྒྱ་ལ་སྤྱི་ལོ་755ལོར་མེས་ཨག་ཚོམ་མ་བཀྲོངས་ཚེ་ཆོས་ལུགས་གཅིག་གྱུར་གྱི་རླབས་ཆེའི་མཛད་པ་སྐྱོང་ཡང་སྲིད། འདི་ནི་བཙན་པོའི་དབང་བསྒྱུར་ལ་ཤིན་ཏུ་གལ་ཆེ་བས། རྒྱའི་ལོ་རྒྱུས་སུ་ཆིན་གོང་མས་གྲུབ་མཐའ་གཞན་དག་རྩྭ་བཞིན་འདོར།། རུའུ་ལུགས་ཁོ་ན་གཙུག་ཏུ་བཀུར་དང་ཧན་གོང་མའི་དཔེ་བསྲེག་རུའུ་སྦེད་ཀྱི་དཔྱོད་ཤེས་མ་ཡིན་པའི་དཔྱོད་ཤེས་ཅན་གྱི་དོན་དག་བྱུང་བ་རེད། བཙན་པོ་འདི་བ་ཚང་གིས་བོན་གྱི་བསྟན་པ་བསྣུབས་པས་བོན་ཕྱོགས་ལ་དགའ་བའི་བློན་པོ་རབ་འབྲིང་ཐ་གསུམ་གྱི་ཡིད་ལ་བརྣགས་དཀའ་བའི་ཟུག་ངུ་དང་གྲི་གཏར་སྟ་གསེ་ཡིས་སྙིང་གསོན་པོ་མེ་རུ་བསྲེགས་གཅོད་བརྡར་གསུམ་བྱས་ཡོད་པ་གདོན་མི་ཟ་བས། འདི་ལྟའི་ཁོར་ཡུག་ནང་དུ་ཕོན་ཆེ་བའི་འགལ་བའི་མདེལ་རྫས་མང་བོ་མངོན་ལྐོག་གིས་འཛིངས་ཡོང་སྟེ་བཙན་པོ་རང་ཉིད་ཀྱང་ཐལ་རྡུལ་དུ་འགས་གཏོར་བྱ་ངེས་ཨང་། དེ་བས་ཞི་བ་འཚོ་ཐོག་མར་བོད་ནས་མ་ཚུགས་པར་ཕྱིར་གཤེགས་པ་རེད། ཁྲི་སྲོང་སྐུ་ཚེ་སྨད་ལ་རྟས་བསྐྱུར་ཏེ་བཀྲོངས་ཞེས་པར་ཡང་དོགས་གཞི་ཆེན་པོ་འདུག་སྟེ། སྔར་གྲི་གུམ་གྱིས་བོན་བསྣུབས། བློན་པོས་བཀྲོངས། ལྷ་ཐོ་དོ་རིས་ཆོས་བསྐུངས། གཉན་པོར་གསང་བས་ཅི་ཡང་མ་བྱུང་། སྲོང་བཙན། ནང་ཆོས་གསར་དུ་སྤེལ་ཞིང་སྐུ་ཚེ་ཐུང་། ཁྲི་ལྡེ་གཙུག་བརྟན། ནང་ཆོས་ཅུང་ཟད་དར་རྒྱས་སུ་བཏང་། བློན་པོས་བཀྲོངས། ཁྲི་སྲོང་ལྡེ་བཙན། བོན་བསྣུབས། ཕྱི་རྐྱེན་གྱིས་གཤེགས། འུ་དུམ་བཙན། འདུལ་བ་བསྣུབས། འབངས་ཀྱིས་བཀྲོངས། འདི་དག་ལ་གོང་གསལ་གྱི་དོན་སྙིང་དེ་ལྟ་བུའི་ལྐོག་གྱུར་མི་གསལ་བའི་ཁོག་མཐུན་གྱི་འབྲེལ་བ་ཞིག་འདུག་སྙམ། ཡང་ལྗང་ཚ་ལྷ་དབོན་རྟས་བསྐྱུར། ཁྲི་སྲོང་ལྡེ་བཙན་རྟས་བསྐྱུར་ཞེས་པར་བརྟག་ན་བོད་ཀྱི་བཙན་པོ་འདི་དག་རྟ་ཐོག་ན་ལྒང་བུ་ལྟར་ཡར་ལ་ཁད་བྱེད་ཀྱིན་པ་དང་གཉིས་སུ་མེད། གལ་ཏེ་་གསོར་མདས་གྲོངས་པ་ཡིན་ཟེར་ན་གསོར་མདའ་འཕེན་མཁན་དེ་སུ་ཡིན་ནམ། གསོར་མདའ་འཕངས་པའི་རྒྱུ་མཚན་ཅི། འཕངས་ན་ཁོ་ལ་ཁེ་ཕན་ཅི་ཐོབ།
       མུ་ནེ་བཙན་པོས་དབང་བསྒྱུར་བའི་དུས་ཡུན་ཤིན་ཏུ་ཐུང་ཡང་སྔར་མེད་སྲོལ་བཏོད་ཀྱི་དབུལ་ཕྱུག་ལན་གསུམ་བསྙམས་པའི་མཛད་པ་དེས་ལོ་རྒྱུས་ཀྱི་ཡིག་ཚང་དང་རྡོ་རིང་སོགས་ཀྱི་གས་སྲུབ་ན་མ་ཉམས་པར་མགྲིན་པ་གཟེངས་སུ་བཏེགས་ནས་ཡོད། བཙན་པོ་འདི་བཀྲོངས་ཚུལ་ལ《མཁས་དགའ》དང་《རྒྱལ་རབས་གསལ་མེ》སོགས་ནས་ཡུམ་གྱིས་གསོལ་དུག་དྲངས་ཏེ་བཀྲོངས་ཞེས་ཁ་བཤད་གཅིག་ཏུ་མཐུན་ཡང་བཀྲོངས་རྐྱེན་ཕན་ཚུན་མི་མཐུན་ཏེ། 《རྒྱལ་རབས་གསལ་མེ》ལས་ཡུམ་ལོག་ལྟ་སྐྱེས་ཏེ་གྲོངས་ཞེས་འཁོད་ཡོད་ལ། 《མཁས་དགའ》རུ་མུ་ནེ་བཙན་པོ་ཕོ་ཡོངས་བཟའ་ལ་བྱམས་པས་ཡུམ་ཕྲག་དོག་སྐྱེས་ཏེ་བཀྲོངས་ཞེས་འཁོད། གོང་མ་ལྟར་ན་འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་བསྙམས་པས་འབངས་ཁེང་དང་ཡང་ཁེང་སོགས་རྒྱ་ཆེའི་མི་དམངས་ལ་ཤིན་ཏུ་ཕན་ཡང་། དེ་ནི་ཀླུའི་གཏེར་མཛོད་ནས་གང་བསམ་གྱིས་ལེན་རྐྱང་བྱེད་པ་ཞིག་མིན་པར་མི་ཆེན་དཔོན་ཆེན་དག་གི་གཏེར་མཛོད་ནས་བཙན་གྱིས་འདྲུ་དགོས་པས་ཁོ་ཚོའི་ཁེ་ཕན་ལ་བསམ་ཡུལ་ལས་འདས་པའི་ཕོག་ཐུག་བཏང་ཞིང་མ་ཡིས་འབྱོར་ལྡན་ཤོག་ཁག་དེ་དག་གི་ལག་ཚབ་དུ་གྲོངས་པ་འདྲ། ཡང་དུས་སྐབས་དེ་འདྲའི་ནང་དུ་དབུལ་ཕྱུག་སྙོམས་པ་ནི་བྱམས་བརྩེའི་གཞན་དབང་དུ་གྱུར་ཀྱང་དཔྱོད་ཤེས་ཀྱི་བྱ་བཞག་ཅིག་ཏུ་མི་འཁུམས་ཏེ། གཅིག་ན་སྐབས་དེ་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལས་བྲན་གཡོག་སྤྱི་ཚོགས་ཀྱི་ལྷག་འཕྲོའི་ཆག་གྲུམ་སྔར་བཞིན་ལུས་པ་ཞིག་ཡིན་པས། གྲལ་རིམ་གྱི་དབྱེ་བ་ཤུགས་ཆེར་ལྡན་པའི་སྤྱི་ཚོགས་འདི་ལྟ་བུའི་ནང་དུ་ངེས་དོན་གྱི་མི་དང་མིའི་དབར་གྱི་མི་ལུས་རང་དབང་དང་སྒྱུ་ནོར་རང་དབང་སོགས་ཡོང་དཀའ། 《རྒྱལ་རབས་གསལ་མེ》རུ་“ལྟོགས་ཕྱུགས་ལན་གསུམ་སྙོམས་པས། ལོ་རེ་ཙམ་མ་གཏོགས་ཕྱུག་པོ་རྣམས་ནི་སྔར་ལྟར་ཕྱུག  དབུལ་བོ་རྣམས་ནི་སྔར་ལྟར་ལྟོགས་པས”ཞེས་བཀོད་ཡོད་ལ། ལོ་འདི་འདྲ་ཐུང་བའི་ནང་དུ་དབུལ་ཕྱུག་གི་ཁྱད་པར་མངོན་གསལ་དོད་པོ་བྱུང་བ་ནི་ཕྱུག་པོ་དག་གིས་རང་ཉིད་ལ་ལྡན་པའི་ཁེ་དབང་གྲགས་གསུམ་སྤྱད་ནས་ཞིང་བ་དབུལ་བོ་དག་གི་ལག་ནས་གཡོ་བཙན་འཕྲུལ་གསུམ་གྱིས་རྒྱུ་ནོར་དང་ཐོན་སྐྱེད་རྒྱུ་ཆ་གར་བགོས་ས་རུ་དེ་ལེན་བྱས་ཡོད་པ་གདོན་མ་ཟ། དེ་ལྟ་མིན་ན་དབུལ་ཕྱུག་ལ་སྔར་མུས་ལྟར་ལོ་གཅིག་གི་དུས་ཡུན་ཐུང་ངུའི་ནང་དུ་དབྱེ་བ་དེ་འདྲའི་མངོན་གསལ་བྱུང་དོན་ཅི། སྤྱིར་ཞིང་བ་དབུལ་བོ་དག་ངལ་རྩོལ་ལ་བྱང་ཞིང་གོམས་འདྲིས་ཆེ་ལ་ཧུར་བརྩོན་ལྡན་པས་ཕྱུག་པོ་དག་དཔག་ཚད་ཀྱིས་རྗེས་སུ་བསྐྱུར་མི་འགྱུར་གྲང་། གཉིས་ན་རང་རང་ལ་མངའ་བའི་མི་ལུས་དང་རྒྱུ་ནོར་གྱི་ཁེ་དབང་ལ་རྡོག་བརྫིས་བཏང་འདུག འདི་ནི་དེང་དུས་ཀྱི་མིག་གིས་ཕར་བལྟས་ཏེ་གནས་ལུགས་ཆེན་པོའི་སྒོ་ནས་བརྗོད་པ་ཡིན། འོག་མ་དེས་ཚེ་སྤོང་བཟའ་མེ་ཏོག་སྒྲོན་དེ་མིག་རྒྱང་ཐུང་ཞིང་བློ་རྒྱ་ཆུང་ལ། སེམས་པ་གནག་ཅིང་ལག་པ་རྩུབ་པའི་བུད་མེད་ཅིག་རེད་ཟེར་བ་ལས་གཞན་མེད། མུ་ནེ་བཙན་པོ་འདིས་སྲིད་བཟུང་ཡུན་ལ་མཁས་པ་སོ་སོས་བློ་གྲོས་ཀྱི་མིག་ཤེལ་མནབས་ནས་དོགས་དཔྱོད་བྱེད་ཀྱིན་གདའ།
     དེའི་རྗེས་ཀྱི་མུ་ཏིག་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་གཉིས་མི་གཅིག་ཡིན་མིན་ཐད་ལ་མཁས་པ་དག་གི་བཞེད་དགོངས་མི་འདྲ་ཞིང་། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས“མུ་ཏིག་བཙན་པོ་དང་སད་ན་ལེགས་འཇིང་ཡོན། ཁྲི་ལྡེ་སྲོང་བཙན་ནམ་ལྡེ་སྲོང་བཙན་དང་ཡང་ན་ལྡེང་ཁྲི་བྱ་བ་བཅས་ནི་དོན་ལ་བཙན་པོ་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་སུ་ངེས”ཞེས་བཤད་འདུག་པ་མ་ཟད‘ཏུན་ཧོང་གཏེར་ཡིག’ལས་ཀྱང་ཁྲི་ལྡེ་སྲོང་བཙན་སྐོར་གྱི་གནས་ཚུལ་རྐྱང་བ་ལས་མུ་ཏིག་བཙན་པོའི་སྐོར་མིང་ཙམ་ཡང་མ་མཐོང་བས། ངས་མུ་ཏིག་བཙན་པོ་དང་ཁྲི་ལྡེ་སྲོང་བཙན་གཉིས་གང་ཟག་གཅིག་ཅིང་ནམ་རྒྱུན་མཚན་ལ་ཁྲི་ལྡེ་སྲོང་བཙན་དུ་འབོད་པའི་དབང་དུ་བྱས་ནས་བཤད་པ་ལ།  བཙན་པོ་འདི་ཚང་ཤེས་རྒྱ་ཆེ་ལ་སྤྱང་གྲུང་འཛོམས་པ་ཞིག་ཡིན་པ་མ་ཟད་མཛད་རྗེས་ཀྱང་རླབས་ཆེན་བཞག་ཡོད་སྙམ། རྒྱལ་མོ་འབྲུག་པ་ལྟར་ན་བཙན་པོ་འདིའི་དུས་སུ་བཀས་བཅད་ཐེངས་གཉིས་པ་བྱུང་བར་འདོད། བཙན་པོ་འདི་བསྟན་པ་ཡར་རྒྱས་ཀྱི་ལམ་ཁར་འཚོ་བས་ཁྲི་རལ་བའི་དུས་ཀྱི་ཆོས་ལུགས་ཀྱི་ཤེད་མོངས་ཆེན་པོར་འདི་དུས་ནས་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་བསྩལ་ཏེ་རྟིང་སྐུལ་བྱས་ཡོད་པ་སྨོས་མེད་རེད། ཕྱིས་སུ་སྐར་ཅུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་དུས་ཀྱང་ལྷ་ཁང་ཉི་མ་ལྟ་བུ་ཞིག་རྩིག་གོ་གསུངས་བ་དེས་ཁོང་གིས་ཆོས་ལུགས་ལ་བཅངས་པའི་ནང་སེམས་ཀྱི་སྤྲོ་མོས་དང་དད་འདུན་ཅི་འདྲ་ཆེ་བ་རྗེས་སུ་དཔག་ཐུབ།  ཡང་《སྒྲ་སྦྱོར་བམ་གཉིས》གཏན་འབེབས་མཛད་དེ་བོད་ཀྱི་མུན་ཁྲོད་ན་འཁྱམས་པའི་གཏན་ཚིགས་ཉག་ཕྲ་བའི་སྒྲ་བསྒྱུར་ལ་བཅས་ཁྲིམས་རང་བཞིན་ཅན་གྱི་འོད་སྣང་སྒྲོན་ཏེ་སྔ་མ་དག་ལ་དག་ཐེར་ཡོང་བ་དང་ཕྱི་མ་དག་གཅིག་གྱུར་འབྱིན་པའི་ལམ་དུ་སྐུལ་མ་བྱས་ཡོད། སྲིད་ཕྱོགས་ནས་སྐུ་ན་གཞོན་དུས་འགལ་བ་མང་ལ་ཆབ་སྲིད་ཀྱང་གཞན་དབང་དུ་ཤོར་ཡོད། རྗེས་སུ་མྱང་ཏིང་ངེ་འཛིན་སོགས་སྲིད་ལ་འཇོན་པའི་ཆོས་བ་སྐོར་ཞིག་གི་ཟད་མི་ཤེས་པའི་གྲོགས་དན་འོག་ནས་ད་གཟོད་སྲིད་དབང་ལག་ཏུ་སོན་རྒྱུ་བྱུང་ལ། འདིའི་དུས་ནས་ཆོས་པ་དངོས་སུ་སྲིད་ཕྱོགས་སུ་ཞུགས་མགོ་བརྩམས། འདི་ནི་ཏུན་ཧོང་ཡིག་རྙིང་ན་གསལ། འདིར་ཡང་ཁག་མི་འདུག་སྟེ། ཆོས་བ་ནི་ཀླད་ཤུགས་ངལ་རྩོལ་རྐྱང་བྱེད་པའི་མི་ཡིན་པས་ཆོས་བ་སྲིད་ལ་འཇོན་པ་བྱུང་ཡང་དོན་དུ་གྲུབ་ཅིང་དངོས་ཡོད་དང་མཐུན། སྲིད་ལ་མཁས་ཤིང་རང་ལ་བློ་དཀར་ན་སྲིད་ལ་སྤྱོད་པའི་ཆབ་སྲིད་ཀྱི་དགོས་བ་དང་ཕན་པ་གྲུབ་ཚར་ཞིང་། ཁྱད་པར་དུས་འདི་ནི་ཁྲི་ལྡེ་སྲོང་བཙན་ལོ་ན་གཞོན་པས་ཆབ་སྲིད་ལ་གོམས་འདྲིས་ཉུང་བ། འགལ་བ་ཆེ་བས་འཐབ་རྩོད་ཀྱི་ལས་སྒོ་མང་བ་སོགས་དུས་ཀྱི་དགོངས་པ་ཡང་འཐུས་སྒོ་ཚང་ནས་ཡོད་པས། ཆོས་པ་མ་ཟད་མུ་ཏོ་བ་ཡིན་ཀྱང་སྤྱོད་པར་འགྱུར་ཨང་། ཕྱིས་སུ་མྱང་ཏིང་ངེ་འཛིན་གྱིས་ཡང་དག་དོན་འབྲས་སྨིན་པར་བྱས་ཏེ་བཀའ་གཙིགས་ཀྱི་རྡོ་རིང་བཞེངས་པ་ཏུན་ཧོང་གཏེར་ཡིག་ན་གསལ་བོར་བཀོད་འདུག  བཙན་པོ་འདིས་ཆོས་པ་སྲིད་བློན་ཆེན་པོར་བསྐོས་ཤིང་དབུ་སྙུང་ཐེངས་མང་བཞེས་ཏེ་རྒྱལ་སྟོབས་གོང་འཕེལ་བཏང་།
        འདིའི་སྲས་ཁྲི་རལ་བ་ཅན་ནི་ཕྱི་ཁྱིམ་པ་དང་ནང་གྲྭ་བ་ཅན་ཞིག་རེད་ལ་གླང་དར་ནི་ཕྱི་གླང་དང་ནང་བདུད་དུ་ཀུན་གྱིས་འཁྱེར། རྒྱལ་བོ་དད་པ་ཅན་འདི་ཆོས་ཕྱོགས་ལ་གཟུར་བ་མང་དྲགས་པས་མཐར་མགྲིན་པ་ཡང་གཟུར་ནས་ཤི་དགོས་བྱུང་། ཁོང་གི་སྐུ་རིང་ལ་ཆོས་སྡེ་ཆེན་པོ་36སོགས་བཙུགས་ཏེ་བན་དེའི་ཁ་གྲངས་ལྡབ་འགྱུར་གྱིས་གོང་དུ་འཕར་ཞིང་མི་ཁྱིམ་བདུན་བདུན་དང་དུད་ཁྱིམ་སུམ་བརྒྱ་རེ་གནང་ནས་བྲན་གཡོག་བདག་པོར་བརྐོས།  ཁོ་པ་ཚོ་དེང་གི་ལས་ཁུངས་མཐོན་པོའི་ལས་སྒྲུབ་མི་སྣ་ལྟར་རྐུབ་སྟེགས་མཐོན་པོར་བཞུགས་ནས་མངར་ཟས་ཟ་རྐྱང་བྱེད། རང་ཁྱིམ་ནས་ཨ་མཆོད་ཅིག་ཟླ་གཅིག་ལ་འང་སྐྱོང་བ་དཀའ་ན་ལོའི་ཁོར་མོ་ཡུག་ཏུ་ལྟ་ཅི།  དེ་མིན་རྒྱལ་བོ་འདིས་འུ་ཤིང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུགས་ལག་ཁང་བཞེངས་པར་ཡང《དེབ་ཐེར་ཀུན་གསལ་མེ་ལོང་》དུ་“ཐོག་བརྩེགས་དགུ་ལྡན་འཕྲུལ་སྣང་གི་ཚད་ཙམ་བཞེངས། འོག་ཐོག་གསུམ་རྡོ་ཡིས……བར་ཐོག་གསུམ་སོ་ཕག……  ལྷ་ཁང་དེ་ནི་རྒྱ་ཕུབས་དགུ་བརྩེགས་ཡོད་པ། སྟེང་གི་རྒྱ་ཕུབས་གསེར་འབྲུག་གཡུ་འབྲུག་དང་བཅས་པ། རླུང་གིས་བསྐྱོད་དུས་གདུགས་ལྟར་འཁོར་བ……”“བློན་པོ་འགའ་ཞིག་གིས་ལྷ་སའི་ཤར་དུ་ཀ་རུ་དང་རྨེ་རུ……བྲང་ཐམ་ཐ་མ་སོགས་པའི་ལྷ་ཁང་བཞེངས”ཞེས་འཁོད་འདུག འདྲི་རྒྱུ་ཞིག་ལ་ལྷ་ཁང་དེ་དག་དངོས་གནས་འཕྲུལ་སྣང་དང་སྒྱུ་མས་བཞེངས་བ་ཡིན་ནམ། འཕྲུལ་སྣང་མིན་ན་བརྗིད་ཆེ་བའི་ལྷ་ཁང་དེ་དག་ཅི་ལྟར་བྱུང་། མིས་བསྐྲུན་ན་མི་སུ་སུས་བསྐྲུན། འབངས་ཀྱིས་བསྐྲུན་ན་དཀའ་སྡུག་ཅི་འདྲ་མྱངས། འུ་ལག་ཅི་འདྲ་རྒྱུག་གམ།  སྔོན་མ་ནི་ལྟོས་བཅས་ཀྱིས་ཁྲལ་འཇལ་བ་དང་མཚུངས་ལ་ཁྲལ་དེའི་ལྕི་ཡང་དེ་ཡང་སྤྱིར་བཏང་གི་ཁྲལ་ཁྲལ་ཙམ་མ་ཡིན་པ《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》རུ་གྲངས་དང་བཅས་དེ་བཀོད་ཡོད་པས་ཤིན་ཏུ་གསལ། འུ་ལག་གི་ཡང་ལྕི་ནི་འཕྲུལ་སྣང་ལྟ་བུའི་ལྷ་ཁང་འདི་དག་བཞེངས་བས་ཀྱང་ཤེས་ཐུབ།
         སྤྱིར་ཁྲལ་དང་འུ་ལག་དང་བཙན་ཁྲིམས་གསུམ་ནི་རྒྱལ་བོ་གང་གི་དབང་སྲིད་ཀྱི་གཡོར་གྲུ་འབངས་ཀྱི་མཚོ་མོས་བསྣུབས་པའི་རྩ་བའི་སྒུལ་ཤུགས་རེད། རྒྱའི་ལོ་རྒྱུས་སུ་ཡང་སྔར་འུ་ལག་ལྕི་བའི་ཆིན་གོང་མས་ལྕགས་རི་བསྐོར་བས་སྲིད་དབང་རྩ་འཐོར་དུ་སོང་བ་རེད་ལ། ཕྱིས་དཔྱོད་ཤེས་འཛིན་པའི་ཐང་གོང་མས་ཀྱང་རྩ་གནད་དེ་རྟོགས་ནས་རྗེ་ནི་གྲུ་དང་དམངས་ནི་ཆུ་ཞེས་པའི་གདམས་པ་དེ་ལེགས་བཤད་དུ་གནང་བ་མ་ཡིན་ནམ། དམངས་ཀྱི་ཁུར་བོ་ཇེ་ལྕི་དང་འཚོ་གནས་ཇེ་སྡུག་ཏུ་གྱུར་བས་ཕྱིས་ཀྱི་འབངས་མི་གྱེན་ལོག་འབྱུང་བར་ས་བོན་བཏབ་ལ། བློན་གྱི་ཁེ་དབང་ལ་འཇིག་ཉེན་དང་ཁེ་ཕན་ལ་ཟད་སྐྱོན་བཏང་བས་རྗེས་ཀྱི་བཙན་པོ་རང་ཉིད་གཤེགས་པར་མྱུ་གུ་བཙུགས་པ་རེད། ཁྲི་རལ་བ་ཅན་འདིའི་དུས་སུ་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་དཔལ་མར་ངོ་ཟླ་བཞིན་འགྲིབ་ལ་མི་དམངས་ཀྱི་འཚོ་བ་ཡང་དཀའ་སྡུག་མུན་པའི་དོང་དུ་ལྷུང་བས་གནམ་ལ་ཉི་ཟླ་ཟུང་གཅིག་ཅེས་པའང་མེ་ཡི་འཚིག་རོ་ཙམ། ཕྱོགས་ཡོངས་ནས་འགལ་བ་སིབ་སིབ་དུ་ལངས་ཏེ་སྤྱི་ཚོགས་འཕེལ་འགྲིབ་ལ་ལུགས་ལྡོག་གི་འགྱུར་འབྱུང་བྱུང་། ཁྲི་གཙུག་ལྡེ་བཙན་འདི་ཆོས་ཕྱོགས་ལ་ཕྱག་རྗེས་ཆེ་བའི་བྱང་སེམས་དཔའ་བོ་ཞིག་ཡིན་པས་ལས་སྲིད་ཕྱོགས་ལ་འཇོན་ཕྱུག་ལྡན་པའི་སོ་ཁི་ར་ཐེ་ཞིག་མ་རེད།
   གླང་དར་མ་ནི་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་སུ་བ་གླང་གི་ཤ་ཚུགས་འདྲ་ཞིང་མཁྱེན་པ་ཆུང་ལ་རྒྱུད་གྱོང་ཞེས་བྲིས་པར་གཞིག་ན། བ་གླང་གི་ཤ་ཚུགས་ཞེས་པ་ནི་མགོ་ན་རྭ་ཡོད་པ་སྟོན་བྱེད་ཅིག་ལས་འོས་མེད། འདི་ནི་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་ཁྲོད་ཀྱི་སེ་ཝན་ཐི་སི་དང་ཡང་འདྲ་ཞིང་མི་རིགས་གཞན་དག་གིས་དངོས་ཡོད་ལས་འདས་པའི་ཤ་ཚུགས་འདི་དག་ལྷ་སྒྲུང་དུ་འཁྱེར་ཡང་རང་ཅག་གིས་སྔར་བཞིན་མངོན་སུམ་དུ་འཛིན་པ་ནི་ཡ་མཚར། ཆོས་བསླབས་ན་བླུན་རྟུག་ལྡོབས་མི་རྐྱེན་པ་ཞིག་ཡིན་དུ་ཆུག་ཀྱང་གླང་དར་མ་དང་བ་ལང་གི་ཤ་ཚུགས་ཅན་མིང་ལ་སྦྱོར་ཞིང་འགྲེལ་བ་ནི་ཆོས་བ་རྣམས་ཀྱི་སྙིང་ནད་མ་སངས་པའི་ཞྭ་མོ་ཆེན་པོ་ཞིག་རེད་ཨང་།  ལོ་རྒྱུས་ཡིག་ཚང་ཕལ་ཆེ་བར་ཁྲི་དར་མ་དང་རལ་བ་ཅན་གཉིས་ལས་དར་མ་གཅེན་དང་རལ་བ་ཅན་གཅུང་དུ་བཤད་ཀྱང་། ཉང་རལ་ཉི་མའི་འོད་ཟེར་གྱི《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》དང་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》། 《པད་རྰག》སོགས་སུ་ཁྲི་རལ་བ་ཅན་གཅེན་དང་དར་མ་གཅུང་ཡིན་ཞེས་བཞེད་པ་ཁ་མི་མཐུན་པར་འདུག   དར་མ་གཅེན་ཡིན་པའི་དབང་དུ་བྱས་ན་རལ་བ་ཅན་གྱི་བཀྲོངས་རྐྱེན་དེ་ཐད་ཀར་ཁོ་བོའི་སྟེང་དུ་འཁོར་ནས་གསེར་ཁྲིར་རང་ཉིད་མ་སྡོད་པའི་སྙིང་ནད་དང་ཕྲག་དོག་གིས་གྲོངས་པ་ཡིན་པར་བཤད། འདི་ནི་དངོས་ཡོད་ཀྱི་ལོ་རྒྱུས་སྟེང་ནས་བསམ་ན་བདེན་ཡང་བདེན་ལ་རྫུན་ཡང་རྫུན། བདེན་རྐྱེན་ནི་རྒྱའི་ལོ་རྒྱུས་རྣམས་སུའང་ཕ་མ་སྤུན་མཆེད་ཡིན་ཀྱང་སྲིད་ཀྱི་དོན་དུ་ཁ་མྱིག་མེད་པ་མིག་མཐོང་ལག་ཟིན་རེད། རྫུན་རྐྱེན་ནི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དཀོན་ལ་གཅེན་གཅུང་གི་ཐད་དུའང་བཞེད་དགོངས་མི་མཐུན་པ་གཉིས་བྱུང་ཡོད་པས། ཕྱི་མའི་མིག་གིས་བལྟས་ན་སྔ་མའི་ཟེར་སྒྲོས་འདི་ནི་གསོག་གསོབ་ཀྱི་ཀུན་རྫོབ་ཙམ་མོ། བཙན་པོ་འདིའི་སྐབས་སུ་བན་བོན་དང་རྗེ་འབངས། རྗེ་བློན་དང་བློན་བློན་གྱི་སྤྱི་ཚོགས་འགལ་བ་ཛ་དྲག་ཡིན་པའི་ཁར་ནད་མུག་སེར་ཡམས་ཀྱི་རང་བྱུང་གནོད་འཚེས་གངས་ཐོག་སད་ཀྱིས་མནན་ནས་ལྷན་པ་བརྒྱབ་བྱུང་བས། གྲྭ་བའི་མགོ་འཕང་མཐོ་བའི་སྤྱི་ཚོགས་འདི་སྐྱ་ཟད་སྔོ་སྡུག་ཏུ་གྱུར་ནས་ཡོམ་འཁྱོམ་ཆེན་པོ་བྱུང་།
  སྤྱིར་མི་དམངས་ཀྱི་འཚོ་བའི་བདེ་སྡུག་ནི་རྒྱལ་ཁབ་གང་བདེ་འཇགས་ཡོང་མིན་དང་སྲིད་དབང་གང་སྲ་བརྟན་འགྲོ་མིན་གྱི་འགག་རྩ་རེད་ལ། ཡང་ཆོས་ལུགས་འདུ་ཤེས་ཀྱི་ཤན་ཤུགས་འོག་ནས་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་ལ་འཇུག་པའི་སྤྲོ་སྣང་ཐན་ཐུན་དུ་གྱུར་ཞིང་བརྩོན་བཅས་ཉམས་ཆག་ཏུ་སོང་བ། སྐྱེས་བ་བྱིངས་དག་རབ་ཏུ་བྱུང་བས་ཐོན་བསྐྱེད་ནུས་ཤུགས་རི་གཟར་གྱི་རྦབ་རྡོ་བཞིན་ཐུར་ཏུ་འགྲིལ་ཡོང་བས། བཙན་པོས་འདི་དག་ལ་དགོངས་ནས་བསྟན་པ་བསྣུབས་པ་དང་གྲྭ་བ་དག་སྐྱ་སར་བཏོན་པ་རེད། འདི་ལ་ཆབ་སྲིད་ཀྱི་དགོངས་པ་ཆེན་པོ་ལྡན་པར་སྙམ་སྟེ།《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ལས“དེའང་ཐོག་མར་བཙན་པོ་འདི་བ་ཆུང་དུས་ནས་སྡིག་ལ་དགའ་བས་རྗེ་བོར་མ་འོངས་པ་ཞིག་མིན་ཏེ་དོན་དུ་ཁོང་གིས་རྒྱལ་སྲིད་མཛད་ནས་ཀྱང་ནང་བའི་ཆོས་ལ་བཀུར་བསྟི་དང་མོས་གུས་བྱས་པར་མ་ཟད།  བསྔོ་སྨོན་དང་ལྟུང་བཤགས་ཀྱང་རྒྱས་པར་མཛད”ཅེས་བརྗོད་པ་ལས་བཙན་པོ་ཁོང་ཆུང་དུས་ནས་ཆོས་ལ་རང་བཞིན་དད་པ་ཆེ་བ་ཞིག་ཡིན་པ་བསྟན་ཡོད་ལ། བསྟན་པ་བསྣུབས་དུས་ཀྱང་འདུལ་བ་གཅིག་པུ་ལས་རིག་གནས་གཞན་དག་མ་བསྣུབས་པ་དེས་ཁོ་རང་ཉིད་མ་གཞི་ནས་རིག་གནས་ལ་མི་དགའ་བ་ཞིག་མིན་པ་དང་བསྟན་པ་བསྣུབས་པ་དེ་ཡང་དཔེ་བསྲེག་རུའུ་སྦེད་ལྟ་བུའི་རིག་གནས་མཐའ་དག་ཡོངས་སུ་བསྣུབས་ཏེ་མུན་ནག་ཅན་གྱི་གཅིག་སྡུད་དབང་ཆ་ཞིག་འཛུགས་འདོད་པ་མིན་པ་ཤེས་ཐུབ། ཁོང་སྐབས་དེའི་ཡུལ་དུས་ཀྱི་རླུང་རླབས་དྲག་པོའི་དབང་ཤུགས་ཀྱིས་དེད་པས་ཆུ་མོའི་རྒྱུགས་ཕྱོགས་ལྟར་གྲུ་གཟིངས་མི་གཏོང་ཀ་མེད་བྱུང་བ་རེད།
   དེ་ཡང་སྤྱི་ལོ་846ལོར་བྲག་ཡེར་བའི་བཙུན་པ་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་ཁྲི་དར་མར་ལྐོག་མདའ་འཕངས་ནས་གྲོངས་ཤིང་དེ་དང་ཆབས་ཅིག་བོད་བཙན་པོའི་རྒྱལ་རབས་ལའང་བསྡོམས་ཚིག་བཀོད་ཅིང་བཞི་ཤད་བྲིས་པ་རེད། འདི་ལྟར་གང་ཟག་རང་སྒེར་བའི་འདས་རྐྱེན་ཞིག་དང་ལྷན་དུ་དྲོད་ཁོལ་འཛོམས་ཤིང་འོད་སྟོང་འབར་བའི་བོད་བཙན་པོའི་རྒྱལ་རབས་ཀྱི་སྣང་བྱེད་ཉི་མ་འོད་པོ་ཆེ་དེ་མི་འདོད་དུས་ཀྱི་གཞན་དབང་དུ་བསྐྱལ་ནས་སྤྲིན་རིམ་དགུ་བརྩེགས་སུ་ཟུག་ཅིང་འཐིམས་པར་བྱས་པ་ནི་ཅི་འདྲའི་གྲང་ཤུར་ཤུར་གྱི་ཕྱིར་དྲན་ཞིག་རེད་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོས་ལུགས་ཀྱི་ཕྱི་གོས་ཕུད་དེ་བོད་བཙན་པོའི་རྒྱལ་རབས་ཐད་མདོ་ཙམ་གླེང་བ།

2012-04-26 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།