གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོར་སྐད་ཤ་ཟའི་སྐད་ཡིན་མིན་བཤད་པ།

2012-04-07 00:41:00 ཚངས་དབང་དགེ་འདུན་བསྟན་པ། ཀློག་གྲངས། མཆན ཡོད།

  དོར་སྐད་བྱ་བ་ནི།རེབ་གོང་གཞུང་མཐིལ་དུ་ཆགས་པའི་དོར་སྡེའམ་ཁྲི་རྩེ་སྡེ་བཞི་ཞེས་གྲགས་པ་དེ་དག་གི་ཡུལ་སྐད་ལ་ཟེར་ཞིང་།སྐད་འདི་དོན་དངོས་མི་རིགས་སུ་ཞིག་གི་སྐད་ཡིན་མིན་དེ་སྔོན་བྱོན་མཁས་པ་ཚོས་རྩོད་པ་འདྲ་མིན་ཞིག་བགྱིས་མྱོང་ཡང་།ད་དུང་ཡང་ཕུ་ཐག་གཅོད་པའི་སྡོམ་ཚིག་ཅིག་བཀོད་མེད།   ངོ་མ་བཤད་ན་དགོད་ཐུབ་ཀྱང་མ་རེད་སེམས།ལ་ལ་ནི་ཕྱོགས་རེས་ཙམ་དང་།འགའ་ཞིག་ནི་ཨུ་ཚུགས་ཙམ།ཁ་ཅིག་ནི་འགན་ཁུར་ཙམ།ལ་ལ་ནི་ཁ་རྒྱལ་མགོ་རྒྱལ་སོགས་ཀྱིས་ཁ་སྐྱག་ལང་ལ་ཤོར་བ་ཙམ་ལས།རྒྱལ་སྤྱིའི་སྐད་བརྡ་རིག་པའི་ལྟ་སྟངས་བཞིན་ཞིབ་འཇུག་བྱས་ནས་བདེན་པ་བདེན་དོན་གྱིས་གནས་ལུགས་དྲང་བོར་བཤད་མེད།འདིར་དམིགས་བཀར་གྱིས་བཤད་འདོད་པ་ཞིག་ནི།རེབ་གོང་གི་ཤེས་ཡོན་པ་འགས།ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་༼ཆབ་ཤོག་ཕྱོགས་བསྒྲིགས༽་ལས།ངག་ཚིག་མི་གཅིག་ཤ་ཟའི་རང་སྐད་ཀྱིས།།ཅ་ཅོ་རྣ་བར་འཚེར་ཡང་ཟབ་ཆོས་ཀྱི།།དབྱངས་སྙན་རོལ་མོ་ལྟར་འཁྲོལ་ལེགས་བྱས་ཀྱི།།བྱིན་རྟེན་གཞལ་མེད་ཁང་སོགས་རྩིས་པས་བྲལ།།ཞེས་པ་ལ་བརྟེན་ནས་དོར་སྐད་ནི།ཤ་ཟའི་སྐད་ཡིན་ཞེས་དམའ་འབེབས་བྱེད་ཀྱི་འདུག་ཟེར། ཡོངས་འཛིན་རིན་པོ་ཆེའི་ཕོ་ཉ་གཞོན་ནུ་དོན་གྲུབ་ཏུ་དེ་ལྟར་དུ་གསུངས་ཡོད་ཀྱང་།དེའི་ནང་དོན་ཤ་ཟའི་སྐད་མི་ལེགས་པའི་རྒྱུ་མཚན་མིན་ལ།ཡིན་དུ་ཆུག་ཀྱང་སྙན་ངག་འུར་བསྟོད་ཀྱི་སྐབས་ཡིན་པ་ལས་བདེན་པའི་ལོ་རྒྱུས་སྨྲ་བའི་གཞུང་མིན་ཕྱིར།ཅི་གསུངས་ཀྱང་ཆོགའོན་ཏེ།འདི་ལྟར་བསམ་དགོས་ཏེ་ཡོངས་འཛིན་བློ་བཟང་དཔལ་ལྡན་ཚང་དོར་སྡེའམ་ཁྲི་ཙེ་སྡེ་བཞིར་ཡུན་རིང་བཞུགས་མྱོང་ལ།སྒོས་སུ་སེང་གེ་གཤོང་མ་མགོ་དགོན་པར་རྒྱུན་བཞུགས་བྱེད་མྱོང་བ་ཁོང་གི་རྣམ་ཐར་ལས་ཀྱང་གསལ་ཞིང་།དངོས་སློབ་རྣམས་ཀྱི་ཞལ་ལས་ཀྱང་ཡང་ཡང་ཐོས་སོ།།
    ལར་དོར་སྐད་བྱ་བའི་སྐད་འདིའི་གྲུབ་ཆའི་ཐད་ནས་བཤད་ན།བརྒྱ་ཆའི་ལྔ་བཅུ་བོད་སྐད་རྙིང་མ་དང་།བརྒྱ་ཆའི་བཞི་བཅུ་སོག་སྐད།བརྒྱ་ཆའི་བཅུ་རྒྱ་སྐད་ཡིན་པའི་སྐད་བརྡ་ལས་གྲུབ་པའི་སྐད་རིགས་ཤིག་རེད།འདི་ནི་ངས་དོར་སྡེ་སྤྱིའི་ཐོག་ནས་བཤད་པ་ཡིན།དེའི་ཕྱིར་ཡོངས་འཛིན་རིན་པོ་ཆེ་སོགས་ཀྱིས་ཐད་ཀར་ཉན་ན་མ་གོ་བའི་གནད་དོན་ཞིག་བྱུང་ཡོད་ན་ཐང་ཡང་།དེ་ནི་སྤྱིར་བཏང་གི་གནད་དོན་ཞིག་ལས་ཡན་གར་བ་ཅི་ཡང་མེད།གལ་ཏེ་དེ་ལྟར་མིན་ཚེ།ཡོངས་འཛིན་རིན་པོ་ཆེ་ཡང་སྐད་རིགས་ལ་རྨོངས་པ་ཞིག་ཡིན་དགོས་པའི་སྐྱོན་འབྱུང་ངོ་།།ལར་དོར་སྐད་འདི་ཤ་ཟའི་སྐད་ཡིན་ན་དེ་ནི་གཟི་བརྗིད་ཅིག་ལས་ངོ་གནོང་དགོས་པའི་དོན་ཞིག་གཏན་ནས་མིན་ཏེ།༼རྒྱ་ཆེན་རོལ་པའི་མདོ༽་ལས།ཡིག་རིགས་དྲུག་བཅུ་རེ་བཞི་བགྲང་སྐབས་ཤ་ཟའི་སྐད་ནི་དེའི་གྲས་སུ་ཡོད་པ་དང་།གཞན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་༼ཤམ་བྷ་ལའི་རྣམ་བཤད༽་དུ།སྒྲ་གཅན་འཛིན་གྱི་རྗེས་སུ་འབྲང་བ་རྣམས་མདོ་སང་ཀྲྀ་ཏའི་སྐད་དང་།སྣམ་སྦྱར་གྱི་སྣམ་ཕྲན་༢༥་ ནས་༩་བར།གྲྭ་རྟགས་སུ་ཨུཏྤལ།པདྨ།རིན་པོ་ཆེ།ཤིང་ལོ་སྟེ་བཞི་འཆང་བ།འོད་སྲུངས་ཀྱི་རྗེས་སུ་འབྲང་བ་རྣམས་མདོ་ཟུར་ཆག་གི་སྐད་དང་།སྣམ་ཕྲན་༢༣་ནས་༧་བར།གྲྭ་རྟགས་སུ་དུང་འཆང་བ།ཉེ་བར་འཁོར་གྱི་རྗེས་སུ་འབྲང་བ་རྣམས་མདོ་ཤ་ཟའི་སྐད་དང་།སྣམ་ཕྲན་༢༡་ནས་༥་བར།གྲྭ་རྟགས་སུ་མེ་ཏོག་སོ་རྩི་འཆང་བ།ཞེས་པ་དང་།འབྲུག་པ་པདྨ་དཀར་པོའི་༼ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད༽་དུའང་།སྔགས་ཐམས་ཅད་ལེགས་སྦྱར་གྱི་སྐད་མིན། ཤ་ཟ་དང་ཟུར་ཆག རང་བཞིན་སྐད་ཀྱང་ཡོད་།ཅེས་གོང་འཁོད་ཀྱི་ནང་དོན་དེ་དག་ལས་ཤ་ཟའི་སྐད་ནས་སངས་རྒྱས་ཀྱི་གསུང་མདོ་སྔགས་གཉིས་ཀ་བཀའ་བསྡུ་བྱས་པའི་གནས་ཚུལ་འཁོད་ཡོད་པས།དེས་ན་ཤ་ཟའི་སྐད་ཅེས་དམའ་འབེབས་བྱེད་པ་ནི་མུན་སྤྲུལ་ཁོ་ན་ཡིན་པ་ཤེས་པར་གྱིས།གཞན་ལོ་རྒྱུས་སྨྲ་བའི་མཁས་པ་འགའ་ཞིག་གིས་ཤ་ཟའི་སྐད་ནི་བོད་སྐད་ཡིན་ཡང་ཟེར་བས།བོད་ཤ་ཟན་གདོང་དམར་བ་སོགས་ལ་བརྟེན་ནས་དེ་ལྟར་ཐོགས་སོ་སྐད།གང་ལྟར་ཤ་ཟའི་སྐད་ནི་གཟི་བརྗིད་ཅན་གྱི་སྐད་རིགས་ཤིག་ཡིན་གསལ་ཆོས་འབྱུང་དང་ལོ་རྒྱུས་རྣམས་སུ་ཤིན་ཏུ་གསལ་བ་དེ་བཞིན་ནོ།ལ་ལ་ནི་དེ་ལྟར་ཡིན་པ་མ་ཤེས་ནས་ཤ་ཟའི་སྐད་ཟེར་ན་དངོས་གནས་འདྲེ་སྐད་ལྟ་བུ་ཞིག་རེད་བསམ་པ་ལོས་ཡིན།དེའི་དོན་ནི་སེང་གེ་གཤོང་གི་སྐད་ལ་བཤད་པ་ལས་སྒོ་དམར་སོགས་ཀྱི་སྐད་ལ་བཤད་པ་མིན་ཞེས་པ་ནི་རྣ་མཆོག་ཡ་གཅིག་བཀབ་སྟེ་དྲིལ་ཆུང་བརྐུས་པ་བཞིན་དང་།ཡང་ན་ཆུ་མིག་རང་བརྡོལ་ལ་སྤར་མོའི་བྱེ་མས་མི་ཁོག་པའི་དཔེ་ལྟར་དེ་འདྲའི་གུ་དོགས་པའི་བསམ་བློ་བཅང་མི་དགོས་སོ།།ཡོངས་འཛིན་ཚང་གི་ཕོ་ཉ་གཞོན་ནུ་དོན་འགྲུབ་ཀྱི་ཁྲིད་རྒྱུན་ད་ལྟའི་བར་ཁོང་གི་དངོས་སློབ་ནས་ཡང་སློབ་བར་བརྒྱུད་པ་མང་ཞིང་།དེ་དག་ལས་ཤ་ཟའི་རང་སྐད་ཀྱི་དོན་ནི་ཁྲི་ཙེ་བཞིའི་སྐད་ལ་བཤད་ཅེས་དུ་མར་འཁོད་ཡོད་པའི་ཕྱིར་རོ།།སེང་གེ་གཤོང་ཁྲི་ཙེ་སྡེ་བཞིའི་གྲས་མིན་ཟེར་བའང་གོང་དུ་ཤ་ཟའི་སྐད་ཟེར་བ་ནི།སེང་གེ་གཤོང་གི་སྐད་ལ་བཤད་པ་ཡིན་ཞེས་པ་དང་རིགས་ལམ་གྱི་གནད་དོན་གཅིག་གོ།།    
    དོན་གྱི་མདོར་རྩ་བཤད་ན།རང་ཉིད་དེ་ཉིད་ལ་གདེང་ཚོད་མེད་པ་དང་གཅིག ཅི་ཟེར་ལ་དཔྱད་པ་མི་གཏོང་བར་གཡམ་རྒྱུགས་ལ་དགའ་བ་དང་གཉིས། ལོ་རྒྱུས་ཀྱི་གཞུང་ལ་ཤིན་ཏུ་རྨོངས་ནའང་ད་དུང་མ་ཤེས་ཤེས་ཁུལ་བྱེད་པ་དང་གསུམ་བཅས་ཀྱི་འབྲས་བུ་ལས་བྱུང་བའི་གནས་ཚུལ་ཞིག་རེད།གཞན་ཁྲི་རྩེ་བཞི་ལ་རེབ་གོང་ས་ཁུལ་གྱི་བོད་སྡེ་གཞན་པ་ཚོས་རྒྱ་ཁྲི་རྩེ་བཞི་ཟེར་བས་སེང་གེ་གཤོང་གིས་དེར་འཇིགས་ནས་བློན་ཆོས་ཚེ་བློ་ལ་སྐྱབས་བཅོལ་བས།ཚེ་ལོས་རྒྱ་བཟའ་དགེ་བཤེས་ཀྱི་གསུང་ལ་བསྒྱུར་བཅོས་ཡང་བཅོས་བྱས་བྱས་པའི་མཐར་སེང་གེ་གཤོང་ཁྲི་ཙེ་བཞིའི་གྲས་མིན་ཞེས་པ་ནི་ཚེ་བློས་བསླད་བཅོས་བྱས་བྱས་པའི་ཚིག་རིས་དེ་ལ་གཏུགས་པ་རེད།དེ་ལྟ་བུ་ལས་ནི་ཇི་འདྲའི་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད་ཨང་།ད་ལྟ་སེང་གེ་གཤོང་གི་ལོ་རྒྱུས་རྣམས་སུ་སེང་གེ་གཤོང་ཁྲི་རྩེ་བཞིའི་གྲས་མིན་པར་བཤད་པའི་རྒྱུ་མཚན་དེ་ཙམ་ལ་ཁུངས་བཅོལ་བ་ཡིན།དེ་མིན་༼མདོ་སྨད་ཆོས་འབྱུང༽་དང་།༼དཔལ་ཆོས་མཁན་ཆེན་གྱི་རྣམ་ཐར༽།༼གཉན་ཐོག་གི་རྡོ་རིང་།༽༼ཡ་རྫིའི་ཡིག་ཚང་།༽རྫོང་དཀར་ཚང་གི་༼རོང་པོའི་གདན་རབས།༽མར་ནང་ཡབ་སྲས་ཀྱི་གསུང་རྩོམ། ཨ་ཁུ་བླའི་༼རེབ་གོང་གདན་རབས།༽ཨ་ཁུ་འཇིགས་མེད་ཐེག་མཆོག་གི་༼རོང་པོའི་གདན་རབས༽་སོགས་ལས་སེང་གེ་གཤོང་ཁྲི་ཙེ་བཞིའི་གྲས་སུ་བགྲང་ཡོད་དོ།།སྤྱིར་སེང་གཤོང་གི་གྱོན་ཆས་དང་ཆ་ལུགས་གང་ཐད་ནས་བཤད་ནའང་ཁྲི་ཙེ་བཞིའི་གྲས་ཡིན་པ་ཁོ་རང་གིས་ཁ་གྲག་པ་ལྟར་ཡིན་པས་རྩོད་པའི་ངལ་བ་ནི་ག་ལ་དགོས།ཡིན་ནའང་འདིའི་སྐོར་ངས་གཞན་དུ་ཞིབ་ཕྲའི་བཤད་རྩིས་ཡོད།དེ་ཙམ་གྱིས་འཐུས་པར་བྱ།དེ་ལྟར་གོང་དུ་བཤད་པ་ལྟར་དོར་སྐད་ནི་ཤ་ཟའི་སྐད་ཡིན་ན་འདྲ།མིན་ནའང་འདྲ།ཅི་ཟེར་ཡང་དེ་ལ་གནད་དོན་ཆེན་པོ་མེད་ཀྱང་།འོན་ཀྱང་།དེང་གི་དུས་འདིར་གཏམ་བདེན་པ་མི་ཁེ་རྫུན་པ་ཁེ་ཞེས་པའི་སྐབས་ཡིན་ཕྱིན།གསལ་བཤད་ཅིག་མ་བྱས་ན་ད་དུང་ཡང་བཤད་ཡམས་ངན་པ་དེའི་རིགས་ལ་མགོ་འཁོར་བ་ལས་དོན་གྱི་གནས་ལུགས་དངོས་ཤེས་མཁན་ཉུང་ངུ་ཞིག་ལས་མེད།གཙོ་བོ་དེ་ལྟར་བཤད་མཁན་ཚོས་ཤ་ཟའི་སྐད་ཟེར་བ་དོན་དངོས་ཅི་ཞིག་ལ་གོ་བ་དེ་ཤེས་བར་ཆུགས་ཟེར་ནས་རེ་སྐུལ་ཙམ་ཞུ་བ་ཡིན།ལར་ང་ལ་མཚོན་ན།དོར་སྐད་ནི་ཤ་ཟའི་སྐད་ཡིན་མིན་གང་ཟེར་ཡང་ཆོགསེང་གེ་གཤོང་ཁྲི་རྩེ་བཞིའི་གྲས་ཡིན་མིན་ཅི་བྱས་ཀྱང་ཆོག།ཡིན་ནའང་ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་སུས་ཀྱང་སུབ་ཐབས་མེད་དོ།།རེབ་གོང་བློ་གྲོས་སྣང་བས་མཁོ་འདོན་བྱས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།