གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་བསླངས་པའི་མཚོ་སྔོན་དུས་གཟིར་གྱི་སྐོར་ལ་དཔྱད་པ།

2012-03-28 13:30:00 བསེ་བདུད་འདུལ་རྡོ་རྗེ། ཀློག་གྲངས། མཆན ཡོད།


  ནང་དོན་གནད་བསྡུས། འདིར་མདོ་སྨད་ཀྱི་བླ་ཆེན་འགའི་རྣམ་ཐར་དང་ཆོས་འབྱུང་སྐོར་ཞིག་གཞིར་བྱས་ནས་དེ་དག་ལས་བྱུང་བའི་ལོ་རྒྱུས་ཡིག་ཆར་གུང་བསྒྲིགས་ཏེ།  ཆིང་རྒྱལ་རབས་ཀྱི་ཡུང་ཀྲིན་ཁྲི་ལོ་དང་པོར་མདོ་སྨད་མཚོ་སྔོན་དུ་ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་བསླངས་པའི་མཚོ་སྔོན་དུས་གཟིར་གྱི་རྒྱུ་རྐྱེན་མཇུག་འབྲས་དང་བཅས་པར་ཅུང་ཟད་དཔྱད་ཡོད།
 བརྡ་ཆད་གཙོ་བོ།  ཆིང་ཝང་བློ་བཟང་བསྟན་འཛིན།  མཚོ་སྔོན་དུས་གཟིར།  མདོ་སྨད་ལོ་རྒྱུས།
         སྤྱིར་བོད་ཀྱི་ལོ་རྒྱུས་དེབ་ཐེར་མང་ཆེ་བར་དབུས་གཙང་ཁུལ་གྱི་ལོ་རྒྱུས་བཀོད་པ་ཆེས་མང་ལ། མདོ་སྨད་ ཕྱོགས་ཀྱི་ལོ་རྒྱུས་བཀོད་པ་ཤིན་ཏུ་ནས་ཉུང་། མདོ་སྨད་ཆོས་འབྱུང་ལྟ་བུར་མཚོན་ནའང་གཙོ་བོ་ཆོས་ཕྱོགས་ཀྱི་ལོ་རྒྱུས་ལས་སྲིད་ལུགས་ལོ་རྒྱུས་ཀྱི་སྐོར་བཀོད་པ་ཧ་ཅང་རགས་རིམ་ཡིན། ཡིན་ནའང་། མདོ་སྨད་ཀྱི་བླ་ཆེན་ཁག་ཅིག་གི་རྣམ་ཐར་དུ་ཁོང་ཚོའི་སྐུ་ཚེའི་ནང་བྱུང་བའི་ལོ་རྒྱུས་དོན་ཆེན་གྱི་རིགས་ཟར་ཟུར་གྱིས་ཐོན་པ་མང་པོ་ཞིག་མཆིས། དཔེར་ན། ཆིང་ཝང་བློ་བཟང་བསྟན་འཛིན་གྱི་ཟིང་འཁྲུག་ལྟ་བུར་མཚོན་ན། མཚོ་སྔོན་དུས་གཟིར་ཞེས་ཀུན་ལ་གྲགས་ཤིང་ཆིང་རྒྱལ་རབས་བཙུགས་པ་ནས་མདོ་སྨད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་གཞི་རྒྱ་ཆེས་ཆེ་བའི་དུས་གཟིར་ཆེན་པོ་ཞིག་ཡིན་མོད། སྐབས་དེའི་ཆབ་སྲིད་ཀྱི་བཙན་དབང་གིས་ཆེད་དོན་དུས་གཟིར་འདིའི་ཞིབ་ཕྲའི་གནས་ཚུལ་བོད་ཀྱི་ལོ་རྒྱུས་ཡིག་ཆར་བཀོད་པ་དཀོན་པོ་རེད།  མདོ་སྨད་ཀྱི་བླ་ཆེན་སྐོར་ཞིག་གི་རྣམ་ཐར་ལས་ཐོན་པའི་འདི་རིགས་ཀྱི་ཡིག་ཆ་ཐམས་ཅད་ཕྱོགས་གཅིག་ཏུ་བཏུས་ན་ལོ་རྒྱུས་དོན་ཆེན་འདི་དུས་ནམ་ཞིག་ལ་ཚུལ་ཅི་ལྟར་བྱུང་བ་དང་། མཇུག་འབྲས་ཅི་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།  དེ་བས། འདིར་ཆོས་འབྱུང་དང་རྣམ་ཐར་སྐོར་ཞིག་ལ་གཞི་བྱས་ཏེ་ལོ་རྒྱུས་དོན་ཆེན་འདིར་ཅུང་ཞིབ་ཆ་དོད་པོས་དཔྱད་ཁུལ་བྱས་ཡོད།
  དང་པོ།  སྐབས་དེའི་བོད་ནང་གི་ཆབ་སྲིད་གནས་བབ།
དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་རི་བོ་དགེ་ལྡན་པའི་གཙོ་བོ་རྣམས་ཀྱིས་གུ་ཤྲྀ་ཧན་བསྟན་འཛིན་ཆོས་རྒྱལ་དང་ལྷན་དུ་གཙང་པ་རྒྱལ་བོ་ཕམ་པར་བཏང་རྗེས། གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ་དང་། གུ་ཤྲྀ་ཧན་བསྟན་འཛིན་ཆོས་རྒྱལ་བོད་ཀྱི་རྒྱལ་པོའི་ཚུལ་དུ་བཞུགས་ནས་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་རྒྱལ་དབང་ལྔ་བའི་ཕྱག་ཏུ་ཕུལ། གུ་ཤྲྀ་ཧན་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་སོ་སོར་ཁྱབ་པར་གྱུར་བ་དང་། བོད་ ནང་གི་སོག་པོའི་སྟོབས་ཤུགས་ལའང་སྔ་ན་མེད་པའི་རྒྱ་བསྐྱེད་ཆེན་པོ་བྱུང་། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་མཛད་པར་ཁག་དཀྲིས་ཏེ་ལྷ་བཟང་ཧན་དང་སྡེ་སྲིད་བར་སྲིད་དབང་འཕྲོག་རྩོད་ཀྱི་ཚ་རླབས་ཤིག་འཕྱུར་བ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལའང་བཤད་ཕྱོགས་མང་པོ་ཞིག་ཐོན། ལྷག་པར་ལྷ་བཟང་ཧན་གྱི་བཙུན་མོ་ཚེ་རིང་བཀྲ་ཤིས་ཀྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་གྲོངས་པ་དང་། སྡེ་སྲིད་ཀྱིས་ཁྲི་འདོན་མཛད་པའི་རྒྱལ་དབང་ལྔ་བའི་ཡང་སྲིད་རྒྱལ་བ་ཚངས་དབྱངས་རྒྱ་ མཚོའང་ཁྲི་ལས་ཕབས་ཏེ་རྒྱ་ནང་དུ་རྫངས་དགོས་པ་བྱུང་། མཐར་ལྷ་བཟང་ཧན་རང་ཉིད་ཀྱང་བོད་ཀྱི་སྲིད་དབང་འཐབ་རྩོད་ཀྱི་ཁྲོད་ཇུན་གར་གྱི་དམག་གིས་བཀྲོངས་པ་དང་། ཇུན་གར་བས་བོད་དབུས་གཙང་ཕྱོགས་སུ་ལོ་གསུམ་ གྱི་རིང་དབང་བསྒྱུར་བྱས་པ་རེད། སྐབས་དེར་ཆིང་སྲིད་གཞུང་ལ་མཚོན་ན་ཇུན་གར་བའི་སྟོབས་ཤུགས་བོད་ནས་རྩ་མེད་དུ་གཏོང་རྒྱུ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་གཤེགས་པར་གྲགས་རྗེས་ཡང་སྲིད་ཞིག་མྱུར་དུ་བཙལ་ནས་བོད་ཀྱི་སྲིད་དབང་འཕྲོག་རྩོད་ཀྱི་ལས་འགུལ་དག་ཞི་འཇམ་དུ་བཏང་སྟེ་ཆབ་སྲིད་གནས་བབས་སྲ་བརྟན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཤིག་ཏུ་གྱུར་ཡོད་ལ། དེ་ཡང་མཚོ་སྔོན་ཕྱོགས་སུ་གྱར་བའི་གུ་ཤྲྀ་ཧན་བསྟན་འཛིན་ཆོས་རྒྱལ་གྱི་བུ་རབས་ཚ་རྒྱུད་སོག་པོའི་ཚོ་ཆེན་ཁག་གིས་ཀྱང་དབུས་ཕྱོགས་ཀྱི་སྲིད་དབང་ཐོབ་པར་བྱེད་ན་གོང་ས་རྒྱལ་བའི་སྐུ་སྐྱེ་ཞིག་ལ་བརྟེན་དགོས་པའང་གསལ་བོར་རྟོགས་པས། སོ་སོས་རང་ས་ནས་ཆབ་སྲིད་ཀྱི་དམིགས་པ་ཡིད་དུ་སྒོམས་ནས་རྒྱལ་བའི་ཡང་སྲིད་འཚོལ་བར་འབད་མཁན་ཀྱང་ཇེ་མང་དུ་གྱུར་ཡོད། མདོར་ན། བོད་ཀྱི་སྲིད་དབང་དེ་ཕྱི་ནང་ཆེ་ཆུང་གཉིས་ཀས་རྩོད་པའི་དུས་ཞིག་ཐོན་ཡོད་པས་བོད་འབངས་ཡོངས་ལ་མི་འོས་པའི་འཚེ་བ་དང་གོད་ཆག་སྣ་ཚོགས་པ་ཞིག་བྱུང་བ་རེད།
  གཉིས་པ།  ཆིང་ཝང་བློ་བཟང་བསྟན་འཛིན་གྱི་ལོ་རྒྱུས།  
དེ་ཡང་མདོ་སྨད་ཆོས་འབྱུང་ལྟར་ན། རྒྱལ་དབང་ལྔ་བ་ཆེན་མོའི་བཀའ་ལུང་ལྟར་གུ་ཤྲྀ་བསྟན་འཛིན་ཆོས་རྒྱལ་གྱི་སྲས་བཅུ་བ་བཀྲ་ཤིས་པཱ་ཐུར་མཚོ་སྔོན་ཕྱོགས་ཀྱི་སོག་པའི་དཔོན་ཁག་ཀུན་གྱི་སྤྱི་དཔོན་དུ་བཞུགས་ཤིང་། མེ་གླང་སྟེེ་སྤྱི་ལོ༡༦༩༨ལོར་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་བརྒྱུད་ནས་གོང་མ་ཁང་ཤིས་ཀྱིས “ ཀུ་ཤྲིའི་སྲས་ གཞོན་པ་བཀྲ་ཤིས་པཱ་ཐུར་ལ་ཆིང་ཝང་གི་ཐོབ་དང་།གཞན་རྣམས་ལ་ཇུན་ཝང་སོགས་འོས་འཚམ་དང་གནང་སྦྱིན་རྒྱ་ཆེར་མཛད་པས་རྒྱ་སོག་ལ་རྒྱ་གཅིག་པའི་འབྲེལ་བ་ལུ་གུ་རྒྱུད་དུ་སྦྲེལ།” ཅེས་གསུངས་ནས་ཡབ་མེས་ཀྱི་ལོ་རྒྱུས་མདོར་ཙམ་བརྗོད་ཡོད་པ་དང།ཆིང་ཝང་བློ་བཟང་བསྟན་འཛིན་ནི་གུ་ཤྲྀ་ ཧན་བསྟན་འཛིན་ཆོས་རྒྱལ་གྱི་སྲས་བཅུ་བ་བཀྲ་ཤིས་པཱ་ཐུར་གྱི་རྒྱུད་དུ་སྐྱེས་པ་དང་།ཤིང་རྟ་ལོ་སྟེ་སྤྱི་ལོ༡༧༡༤ལོར་ཡབ་བཀྲ་ཤིས་པཱ་ཐུར་སྐུ་གཤེགས་རྗེས་སུ་མཚོ་སྔོན་གྱི་ཁྲི་པ་བྱས། སྐབས་དེའི་མཚོ་སྔོན་དཔོན་ཁག་ཀུན་ལས་སྟོབས་ཤུགས་ཆེས་ཆེ་བ་དང་ཆིང་ཝང་གི་གོ་གནས་ཡོད་པ་གཅིག་པུ་ཡིན་པས། མཚོ་སྔོན་ཕྱོགས་ཀྱི་དགེ་ལུགས་པའི་ཡོན་བདག་གཙོ་བོ་ལྟ་བུར་གྱུར་ནས་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་བཞེངས་པ་དང་། སྒོས་སུ་མཚོ་སྔོན་ཕྱོགས་ཀྱི་ལོ་གཅིག་གི་དཔྱ་ཁྲལ་ཡོད་ཚད་གསེར་དུ་བསྒྱུར་ནས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྟེན་གཙོ་བོ་རྗེ་ཙོང་ཁ་བའི་དངུལ་གདུང་མཆོད་རྟེན་གསེར་གདུང་དུ་བསྒྱུར་བ་སོགས་ཀྱི་མཛད་པས་ཆིང་གོང་མས་ཀྱང་བརྩི་མཐོང་ཤིན་ཏུ་ཆེ། ཚུལ་དེར་མི་དབང་རྟོགས་བརྗོད་དུ།“མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ཀྱི་རྒྱལ་རིགས་བློ་བཟང་བསྟན་འཛིན་ནི་གོང་མ་བདག་པོའི་བཀའ་དྲིན་གྱིས་མཆོག་ཏུ་བསྐྱངས་ཤིང་། ཆིང་ཝང་ཞེས་མིང་སྙན་པོས་ཀྱང་མངོན་པར་གཟེངས་བསྟོད།དངུལ་སྲང་ཆེན་ཁྲི་ཕྲག་དུ་མས་བང་མཛོད་བཀང་སྟེ་རང་གི་སྲས་ཀྱི་ཐུ་བོ་མཚུངས་པར་རྗེས་སུ་བརྩེའོ”ཞེས་བཀོད་ཡོད། དེ་ཡང་ཆིང་དམག་གིས་དབུས་གཙང་ཕྱོགས་ནས་ཇུན་གར་བའི་སྟོབས་ཤུགས་ཚར་བཅད་རྗེས་བོད་ཀྱི་རྒྱལ་པོའི་གོ་གནས་ཏེ་སྟོང་པའི་ཚུལ་དུ་ལུས་ཡོད་ལ། སྔར་སྲོལ་ལྟར་ན་ཆིང་ཝང་བློ་བཟང་བསྟན་འཛིན་ནི་གུ་ཤྲྀ་ཧན་གྱི་རྒྱུད་པ་ལས་ཆེས་འོས་པའི་མི་སྣར་གྱུར་ཡོད་པས། ཁོས་ཀྱང་ཚུལ་དེར་དམིགས་ནས་རྒྱལ་བའི་ཡང་སྲིད་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་ཕྱོགས་སུ་འདྲེན་པར་འབད་པ་ཆེན་པོ་བྱས། ཕྱིས་མཚོ་སྔོན་གྱི་ཟིང་འཁྲུག་ཕམ་རྗེས་ཆིང་ཝང་བློ་བཟང་བསྟན་འཛིན་ཇུན་གར་བའི་ཕྱོགས་སུ་བྲོས་པ་དང་། སྤྱི་ལོ༡༧༥༥ལོར་ཤིན་ཅང་གི་སའི་ཆར་ ཆིང་དམག་གིས་བཟུང་སྟེ་པེ་ཅིང་དུ་ཁྲིད་ནས་ཁྱིམ་མི་དང་ལྷན་དུ་བཟང་བཙོན་ལྟ་བུར་བཅུག་གོ །
  གསུམ་པ།  དུས་གཟིར་གྱི་འབྱུང་རྐྱེན།
  དེ་ཡང་ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་དུས་གཟིར་སློང་རྐྱེན་ཐད་ལ་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས“པོ་ཏ་ལ་རུ་དགྱེེས་སྟོན་ཆེེན་པོའི་དུས།  །རྒྱ་དཔོན་ཆེ་རྣམས་དབུས་གྲལ་བཞག་སྟོན་གཟབ།  །རང་རེ་མཚོ་སྔོན་པ་རྣམས་གཅིག་ཏུ་ན།  །རྒྱབ་གྲལ་བཞག་ལ་ཟས་འགྲེམ་ཙབ་ཙུབ་ཚུལ།  །གཅིག་ན་སྟག་རྩེ་སྡེ་བའི་སྲོག་བསླངས་ཀྱང་།  །མ་ཐོས་རྣམ་པས་ཞུས་དོན་སྟོངས་བར་ཡལ།  །གསུམ་ན་འུ་བུ་ཅག་གིས་ལི་ཐིང་ནས།  །བཟུང་སྟེ་ ད་ལྟར་རྒྱལ་དབང་རིན་པོ་ཆེ། །སེང་ཁྲིར་འཁོད་པར་འབད་པས་དོན་བསྒྲུབས་ཀྱང་། །དགོས་དུས་རེ་ཆེ་གཞན་དུས་བྱས་བཟོ་དམན།  །གཞན་ཡང་རང་ཅག་འོག་འགྱུའི་བསམ་ཚོད་ལ། །སྔར་ནས་གུ་ཤྲི་རྒྱལ་བརྒྱུད་རིམ་པ་བཞིན།  ། བོད་ཀྱི་རྒྱལ་བོར་འཁོད་ལྟར་ད་དུས་ཀྱང་།  །དེ་བཞིན་རེ་ཡང་གཙང་ཞང་ཁང་ཆེན་ནས།  །སྡེ་སྲིད་གོ་སར་བཞག་སོགས་རྐྱེན་དུ་མས།  །ངེད་ཅག་ངོ་ཚ་རྔུལ་ཆུས་གདོང་བཀྲུས་ཤིང་། །སྙིང་ལ་ཚེར་མས་རེག་མཚུངས་གྱུར་བ་ལ།  ། བཀོན་པས་གངས་ཅན་ལྗོངས་ཀྱི་མཆོད་སྡོང་དྲུང་། །རྒྱ་ལ་དུས་ཟིང་སློང་མཐུན་བྲོ་བོར་ཞེས།  །མཚོ་ཁར་འོངས་ ནས་ཀུན་ལ་མོལ་ཞེས་ཐོས། །”ཞེས་གསུངས་ཡོད་པ་དང་། མདོར་གྲིལ་ན། མཚོ་སྔོན་ཕྱོགས་ཀྱི་ཆིང་ཝང་བ་ཐུར་ཐའི་ཇི་གཙོས་སོག་པོའི་དཔོན་ཁག་དག་གིས་འབད་པ་དུ་མ་ལ་བརྟེན་ནས་མེ་སྤྲེལ་ཏེ་སྤྱི་ལོ༡༧༡༦ལོར་རྒྱལ་བའི་ཡང་སྲིད་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ཉིད་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས་པ་དང་། སེ་འབྲས་དགེ་གསུམ་དང་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་སྟག་རྩེ་སོགས་ནས་ཀྱང་རྒྱལ་བའི་སྐུ་སྐྱེ་ངོ་མར་གསང་སྟབས་ཀྱིས་ངོས་འཛིན་བྱས། ཡང“ བོད་དུ་ཕེབས་རྒྱུ་དང་། ལྔ་བ་ཆེན་པོའི་དུས་ལྟར་འཇའ་ས་གནང་རྒྱུ་སོགས་མཚོ་སྔོན་སྤྱི་ནས་གོང་མ་ཆེན་པོར་ཞུས ”པས། གོང་མས་ཀྱང་གསེར་ཡིག་པ་དང་སྐུ་ཚབ་མངགས་ནས་མཚོ་སྔོན་དཔོན་ཁག་གི་མི་སྣ་དང་ལྷན་དུ་རྒྱལ་དབང་མཆོག་ལ་སྐུ་འབུམ་བྱམས་པ་གླིང་དུ་ཁྲིར་བཞུགས་ཀྱི་མཛད་སྒོ་བསྡུས་པ་དང་། ལྕགས་བྱི་སྟེ་སྤྱི་ལོ༡༧༢༠ལོར་ཆིང་ཝང་བློ་བཟང་བསྟན་འཛིན་གཙོས་མཚོ་སྔོན་ཕྱོགས་ཀྱི་སོག་པའི་དཔོན་ཁག་གི་མི་སྣ་མང་པོས་གོང་མའི་སྐུ་ཚབ་དང་མཉམ་འབྲེལ་སྒོས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་གདན་འདྲེན་བྱས་ཏེ། ལོ་འདིའི་ཟླ༩ཚེས༡༥ཉིན་ཁྲི་སྟོན་མཛད་སྒོ་དངོས་སུ་ཚུགས། སྐབས་དེར་མཛད་སྒོ་ཁག་གི་སྐབས་སུ་གོང་མའི་སྐུ་ཚབ་དང་བོད་ཀྱི་དཔོན་རིགས་རྣམས་མདུན་གྲལ་དང་། སོག་པོའི་དཔོན་རིགས་རྣམས་རྒྱབ་གྲལ་ཏུ་བཞག་ནས་མཐོང་ཆེན་གང་ཡང་མ་བྱས་པ་དང་གཅིག གཉིས་ན། སྔར་སྟག་རྩེ་སྡེ་བས་ཇུན་གར་བར་རོགས་བྱས་ནས་ལྷ་བཟང་ཧན་གྱི་བུ་སུར་ཡ་བྱ་བ་དེ་ཇུན་གུར་ལ་སྤྲད་པའི་ཉེས་མིང་བྱུང་ནས་བཙོན་དུ་བཅུག་ཡོད་ལ། མཚོ་སྔོན་པ་རྣམས་ཀྱིས་སྟག་རྩེ་སྡེ་བ་ལྷ་རྒྱལ་རབ་བརྟན་གྱིས་རྒྱལ་དབང་ལྔ་བའི་གསེར་གདུང་ལ་སྲུང་སྐྱོབ་དང་རྒྱལ་བའི་སྐུ་བཙལ་རོགས་བྱས་པར་གཟས་ནས་སྟག་རྩེ་སྡེ་བའི་སྲོག་བསླངས་བར་ངོ་ཆེན་མ་བྱུང་བའི་ཁར། སྟག་རྩེ་སྡེ་བར་གོང་མའི་ཁྲིམས་ཆད་ཕོག་སྟེ་སྲོག་ཐོག་ཏུ་བཏང་། གསུམ་ན། སྔར་སྲོལ་བཞིན་གུ་ཤྲྀའི་རྒྱལ་བརྒྱུད་དེ་ཆིང་ཝང་བློ་བཟང་བསྟན་འཛིན་རང་ཉིད་བོད་ཀྱི་རྒྱལ་བོར་བསྐོ་བའི་རེ་བ་ཤིན་ཏུ་ཆེ་མོད། དེ་ཡང་དོན་ཐོག་ཏུ་མ་སོང་བར་ཆིང་སྲིད་གཞུང་གིས་ཁང་ཆེན་ནས་སོགས་བཀའ་བློན་དུ་བསྐོས་པས་སོག་པོ་རྣམས་ཀྱིས་ངོ་ཚ་ཉོས་པ་དང་། བཞི་ན། སྔོན་མཚོ་སྔོན་དཔོན་ཁག་གི་ཁྲོད་ན་ཆིང་ཝང་གི་གོ་གནས་ཡོད་པ་ཆིང་ཝང་བློ་བཟང་བསྟན་འཛིན་གཅིག་པུ་ཡིན་མོད། ད་ཐེངས་ཚ་ཧན་བསྟན་འཛིན་ལའང་ཆིང་ཝང་གི་གོ་གནས་དང་གཞན་རྣམས་ལ་གནང་སྦྱིན་གྱ་ནོམ་པ་རེ་གནངས། བློ་བཟང་བསྟན་འཛིན་རང་ཉིད་ལ་དངུལ་སྲང་ཉིས་བརྒྱ་ཙམ་ལས་ཐོབ་ཐམ་ཅི་ཡང་མ་བསྩལ་པས་ཆིང་ཝང་བློ་བཟང་བསྟན་འཛིན་ལ་སྙིང་ནས་མི་དགའ་བ་ཆེན་པོ་བྱུང་། དེ་བས།  ཆིང་ཝང་བློ་བཟང་བསྟན་འཛིན་གཙོས་པའི་མཚོ་སྔོན་ཕྱོགས་ཀྱི་སོག་པོ་རྣམས་ཁྲོས་ཏེ་ལྷ་སའི་ཇོ་བོའི་མདུན་སར་ཆིང་སྲིད་གཞུང་ལ་རྒོལ་བའི་དམ་བཅས་ཞེས་ཡོངས་སུ་གྲགས།
  བཞི་བ། དུས་གཟིར་བསླངས་པ།
  སྤྱི་ལོ༡༧༢༢ལོའི་ལོ་མཇུག་ཏུ་གོང་མ་ཁང་ཤིས(康熙皇帝)སྐུ་གཤེགས་པ་དང་ཡུང་ཀྲིན(雍正皇帝)གོང་མའི་ཁྲིར་འཁོད། ཡུང་ཀྲིན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ༡༧༢༣ལོར་ལྷ་སར་སྡོད་པའི་ཨ་ས་ཨམ་བན་དང་ཆིང་དམག་རྣམས་བོད་ནས་ཕྱིར་འཐེན་བྱས་པ་དང་། ཟི་ལིང་དུ་ཡོད་པའི་གོང་མའི་སྲས་བཅུ་བཞི་བ་ཡང་ཕྱིར་པེ་ཅིང་དུ་ལོག སྐབས་དེ་དང་བསྟུན་ཏེ་ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་དང་པོར་ཆིང་ཝང་གི་གོ་གནས་ཡོད་པ་ཚ་ཧན་བསྟན་འཛིན་དང་དགའ་ལྡན་ཨེར་ཏི་ནི་སོགས་བཅོམ་ནས་མཚོ་སྔོན་གྱི་དཔོན་ཁག་ཀུན་གཅིག་གྱུར་ལྟ་བུ་བྱས། དེ་ནས་ཆིང་གོང་མས་གནངས་པའི་སྔོན་གྱི་ཐོབ་དང་གོ་ས་སོགས་མེད་པར་བཟོས་ཏེ་སོག་པོ་རང་གི་སྔར་སྲོལ་བཞིན་བཅོས་པ་དང་། ཆིང་གོང་མར་ངོ་རྒོལ་བྱེད་པའི་བོད་སོག་གི་དམག་དཔུང་བསྡུས་ཏེ་ཟི་ལིང་གི་རྒྱ་གྲོང་དག་ལ་ཕར་རྒོལ་བྱས། ཚུལ་དེར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས“ཆུ་ཡོས་རྒྱ་རྒྱལ་ཡོང་ཊིང་ཁྲིར་འཁོད་ལོར། །ནང་འཁྲུགས་ཕྱི་འཁྲུགས་ཆེད་དུ་དམག་ཚོགས་པ། །ཁོ་བོ་བོད་དབུས་འགྲོ་ལམ་ནས་མཐོང་ངོ་། །”⑤གསུངས་ཡོད་པ་དང་། མདོ་སྨད་ཆོས་འབྱུང་དུ། “ལོ་འདིར་ཐོག་མར་བསྟན་འཛིན་ཝང་གིས་མགོ་བསྡུས་ཟི་ལིང་གི་རྒྱ་གྲོང་མང་པོ་བཅོམ།སན་ཡང་ཇང་གི་མཁར(三洋井城)གཏོར། དགོན་པ་འགའ་རེས་ཀྱང་སོག་པོའི་ཤེད་བཟུང་ནས་རྒྱ་ལ་རྩིས་མེད་མང་པོ་བྱས། ཕན་ཚུན་དམག་རྒྱག་རེས། རྒྱ་ཁྲོད་ཀྱི་རྐུན་མ་བཟུང་ནས་སྔར་མ་གྲགས་པའི་ཁྲིམས་གཅོད་སོགས་སྣང་བ་གང་དྲན་བྱས”ཅེས་བཀོད་ཡོད་པ་དང་། སྐུ་འབུམ་གདན་རབས་སུ་། “ལོ་དེར་མཚོ་སྔོན་བསྟན་འཛིན་ཧུང་ཐའི་ཇི་ཞེས་པས་མེ་དང་སྨ་རའི་དཔེ་ལ་ཐུགས་མཉམ་མ་བཞག་པར་གོང་མར་ལོག་འདོད་ཀྱི་བསམ་པས་འཁྲུག་པ་བསླངས། ཏའི་ཆིང་རྒྱལ་རབས་གསུམ་པ་གོང་མ་ཡུན་ཀྲིན་རྒྱལ་པོའི་གནམ་ལོ་དང་པོ་མཛེས་བྱེད་ཆུ་ཡོས་ལོར། སོག་དམག་ཟི་ལིང་སོགས་རྒྱ་གྲོང་ནང་ལོག་ཏུ་འོངས་ནས་གསོད་འཕྲོག་བཅོམ་གསུམ་བྱས” ཟེན་ཡང་ཆིང་གི་མཁར་གཏོར་སྐབས།     “བཙན་པོ་དགོན་གྱི་སོག་པོའི་གྲྭ་བ་སེ་ཆེན་རབ་འབྱམས་པས་ཁོ་རང་གི་རིགས་གཏོགས་ཀྱི་གྲྭ་བ་མང་པོ་ཁྲིད་ནས་དམག་ཏུ་སོང་བ་དང་། གྲྭ་བ་རྐམ་ཆགས་ཅན་མང་པོ་ནོར་རྫས་ལེན་པར་སོང་བ་རྣམས་རྒྱ་དམག་གིས་བཟུང་བ་སོགས་མི་ངན་རེ་གཉིས་ཀྱི་བྱ་སྤྱོད་ངན་པ་ཉེས་པ་ཡོད་མེད་ཀྱི་དགོན་སྒྲུབ་སྡེ་མང་པོ་ཞིག་གི་འཇིགས་རྐྱེན་དུ་གྱུར།” “དེར་མ་ཟད་ཀྱི་ཡུལ་ཤུལ་གྱི་སྡེ་ནས་གོང་མའི་གསེར་ཡིག་པ་ཏཱ་བླ་མ་ཞང་ཁཱ་སོགས་ལ་རྒོལ་བར་བྱས་ཏེ་ཤུལ་ལམ་དུ་ཅི་བདེར་རྒྱུར་མི་བདེ་བའི་མཐོ་མཚམས་པར་བྱས་སོ། །” ཐེངས་འདིའི་དཔུང་ཚོགས་ཀྱི་ཆ་ནས་ཀྱང་ཆིང་ཝང་བློ་བཟང་བསྟན་འཛིན་གྱི་དམག་དཔུང་གི་ཁྲོད་དུ་བོད་སོག་ཧོར་གསུམ་གྱི་དམག་མི་མང་པོ་ཡོད་ལ།དཔུང་རོགས་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲོད་དུ་དགོན་སྡེ་འགའ་རེའི་བླ་བཙུན་སོགས་མཐོ་རིམ་མི་སྣའང་སྐོར་ཞིག་འདུས་ཡོད་པས། མདོ་སྨད་ཀྱི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་དུས་གཟིར་ཆེན་པོ་ཞིག་རེད།
  ལྔ་བ། དུས་གཟིར་ལ་དྲག་གནོན་བྱས་ཚུལ།
ཆུ་ཡོས་ཏེ་སྤྱི་ལོ༡༧༢༣ལོར་ཆིང་གོང་མས་བཀའ་བབས་ཏེ་ཉན་གུང་ཡེ(年羹尧)དང་ཡོའི་ཇང་ཇུན(岳钟琪)གཉིས་ཀྱིས་རྒྱ་དམག་ཁྲི་ཕྲག་གཉིས་ལྷག་ཁྲིད་དེ་སྔ་དཔུང་ཕྱི་དཔུང་གཉིས་སུ་བགོས་ནས་མཚོ་སྔོན་དུ་ཐོན་པ་དང་། ཚུལ་དེར་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དུ། “ལོ་འདིར་ཇང་ཅུན་ཉེན་ག་ཡོའུ་དང་གུང་ཡོའུ་གྲུང་ཆི་གཉིས་ཀྱིས་དཔུང་ཆེན་བཏེག་ནས་མཚོ་སྔོན་ཆམ་ལ་ཕབས། དེ་དུས་གསེར་ཁོག་དགོན་གྱི་སེ་ཆེན་རབ་འབྱམས་པ་ སོགས་འཕུང་འདྲེས་བརླམས་པ་འགའ་ཞིག་སོག་པོའི་དམག་རོགས་ལ་སོང་བ་སོགས་རྐྱེན་ངན་མང་པོ་ཞིག་ འཛོམས་པས། གཙོ་བོར་གསེར་ཁོག་དགོན་དང་ཞར་ལ་དགོན་ལུང་སོགས་ཉེས་པ་ཡོད་མེད་ཀྱི་དགོན་སྡེ་ཆེ་ཆུང་ མང་པོ་ཞིག་ལ་གོང་མའི་བཀའ་ཆད་ཕོག་སྟེ། ལོ་འདིར་གསེར་ཁོག་དགོན་དང་། ཤིང་འབྲུག་ལོ་དགོན་ལུང་དུ་ དམག་དཔུང་ཆེན་པོ་འོངས་ནས་དགོན་གཉིས་ཀ་ཤུལ་མེད་དུ་བཏང་།”ཡང་།   “འདི་དུས་སྤྲུལ་སྐུ་རིན་པོ་ཆེ་དགོན་ལུང་ནས་ཉིན་ལམ་ཙམ་གྱི་ས་ཆ་ན་རི་བྲག་རང་རོང་ལ་ནགས་ཚལ་ཤིན་ཏུ་མཐུག་པོ་་་་་་མི་རྒྱུས་ཅན་མ་གཏོགས་རྙེད་དཀའ་བ་ཞིག་ཏུ་གསང་སྟབས་ཀྱིས་གདན་དྲངས” པ་དང་། ཕྱིས་སུ་ཆིང་དམག་གི་ཅང་ཇུན་ཡོ་ཀྲུང་ཆིས་ལ་ཕྲད་དུས་གཤེད་མའི་དཔུང་གི་མདུན་སར་ལྕང་སྐྱ་རིན་པོ་ཆེ་ཞབས་པུས་བཙུགས་ནས་བཞུགས་སུ་བཅུག་པ་སོགས་དཀའ་ལས་གང་མང་མྱངས། “ཧོར་ཟླ་བཅུ་གཉིས་པའི་ཉེར་ལྔ་ལ་སྐུ་འབུམ་འདིར་འོངས་ནས་གྲྭ་རྒན་སུམ་བརྒྱ་མ་གཏོགས་གཞན་ཐམས་ཅད་རང་རང་གི་ཡུལ་དུ་བསྐྲད། མཁན་པོ་ཉིད་ཐུགས་དཔའ་ཞན་པས་དམག་ཆེན་ཐོན་ཕྲལ་བྲོས་པས་ལན་ཏེ་སྐུ་ཚེ་བར་ཆད་དུ་སོང་།” ཚུལ་དེར་དགོན་ལུང་བྱམས་པ་གླིང་གི་དཀར་ཆག་ཏུ། “ཡོས་ཀྱི་ལོར་རྒྱ་དམག་གིས་གསེར་ཁོག་དགོན་གཏོར།       ཆུ་བཟང་རིན་པོ་ཆེའི་མཛད་སྤྱོད་ཉེས་པ་ཅུང་ཟད་ཀྱང་མེད་ནའང་། དེ་དུས་གསེར་ཁོག་གི་བླ་མ་ལས་ཐོག་པ་ཡིན་པའི་ཉེས་པ་དེ་ཁོ་ནས། ཁོང་གཙོ་བོས་གྲྭ་རྒན་བཅུ་བདུན་ཙམ་གཡོ་སྒྱུས་ཡ་མིན་གྲོང་ཙེར་གདན་དྲངས་ནས་མེ་ཞུགས་ཕུལ།” གཞན་ཡང་མི་དབང་རྟོགས་བརྗོད་དུ། དབུས་གཙང་ཕྱོགས་ནས་ཀྱང་ཕོ་ལྷ་ཐེ་ཇི་དམག་འཁོར་ལྔ་བརྒྱ་དང་བཅས་པ་ལྷགས་ནས་ཆིང་ཝང་བློ་བཟང་བསྟན་འཛིན་གྱི་ཆབ་འབངས་སུ་གྱུར་བ“ནགས་ཤོད། ཡུལ་ཤུལ། ཧོར་ཁ་བཞི། འབྲོང་པ་སྟོད་སྨད། རྡོ་ཤུལ། ཁྱུང་པོ་དཀར་ནག་སེར་གསུམ་མི་ཁྱིམ་ཁྲི་ཕྲག་གཉིས་བརྒལ་བ་གོང་མ་མཆོད་ཡོན་གྱི་ཆབ་འོག་ཏུ་བཅུག” པ་དང་། ཆིང་ཝང་བློ་བཟང་བསྟན་འཛིན་དབུས་གཙང་ཕྱོགས་སུ་འབྲོ་བའི་ལམ་བཅད། མདོར་ན། སྐབས་དེའི་དབང་བསྒྱུར་གྲལ་རིམ་གྱིས་ཕྱི་ནང་གཉིས་ཀའི་སྟོབས་ཤུགས་ལ་བརྟེན་ཏེ། མཚོ་སྔོན་དུས་གཟིར་གྱི་སྐབས་སུ་བོད་སོག་འབངས་མི་ཁྲི་ཕྲག་མང་པོའི་སྲོག་བཅད་པ་དང་། མདོ་སྨད་བྱང་རྒྱུད་དེ་ཙོང་ཁའི་ཡུལ་གྱི་དགོན་ལུང་གཙོས་གསེར་ཁོག་དང་། རྒྱལ་ལྡོག་དགོན། སེམས་ཉིད་དགོན། པྲསྟི་དགོན། ཞ་བོ་ཁོག་གི་དགོན་རྣམས་སྟེ་དགོན་སྡེ་མང་པོ་མེར་བསྲེགས།  བླ་བཙུན་སྟོང་ཕྲག་མང་པོའི་སྲོག་བཅད། དགོན་ལུང་ནས་སྐྱ་སེར་བདུན་སྟོང་ལྷག་གི་མགོ་བཅད་པ་དང་ཆིག་སྟོང་ལྷག་གསོན་པོར་མེར་བསྲེགས། སྐབས་དེའི་དགོན་ལུང་གི་ཁྲི་བ་འདན་མ་ངག་དབང་འཕྲིན་ལས་ཀྱང་ཆིང་དམག་གིས་ཟི་ལིང་དུ་སྲོག་ཐོག་ཏུ་བཏང་བ་དང་། རྗེས་སུ་ཆིང་གོང་མའི་དབུ་བླར་བཞུགས་པ་ལྕང་སྐྱ་རོལ་བའི་རྡོ་རྗེའང་དགོན་ལུང་ནས་བཞུགས་མ་ཐུབ་པར་དགོང་ལོ་ཆུང་དུས་བྲོས་ཞོལ་དུ་ཕེབས་དགོས་བྱུང། གཞན་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་སྐུ་འབུམ་དགོན་པའི་ཁྲི་ཆེན་བཅོ་བརྒྱད་པ་ཆུ་བཟང་བ་བློ་བཟང་བསྟན་པའི་རྒྱལ་མཚན་ཀྱང་གྲྭ་རྒན་བཅུ་བདུན་དང་ལྷན་དུ་ཡ་མོན་ནས་གསོན་པོར་མེར་བསྲེགས་པ་སོགས་བྱས་ནས། བོད་སོག་སྐྱ་སེར་ཀུན་ལ་ཉམས་ངའི་དྲག་གནོན་ཡ་ང་བ་བྱས། ཟིང་འཁྲུག་འདིར་དྲག་གནོན་ཚུལ་ཇི་ལྟར་བྱས་ཚུལ་གྱི་སྐོར་རྒྱའི་ཡིག་ཚང《清世宗实录》ཞེས་པ་ནའང་གསལ་བོར་བཀོད་འདུག ཡིན་ནའང་། སྐབས་དེའི་བླ་ཆེན་ཁག་གི་རྣམ་ཐར་དང་ཆོས་འབྱུང་ཀུན་ན་ཟིང་འཁྲུག་འདིའི་ཟར་ཟུར་ཙམ་དང་།གསོན་པོར་མེར་བསྲེགས་པ་ལ་མེ་ཞལ་ཏུ་ཕུལ་ལྟ་བུ་བྲིས་ནས་ནག་ཉེས་ཆེན་པོ་ཡང་ཚིག་ཡག་གི་ལོ་མས་བསྒྲུབས་ཏེ་སྟོན་པའང་འགའ་རེ་མཆིས་མོད། ལོ་རྒྱུས་དངོས་ལ་དཔྱད་ཞིབ་བྱེད་པར་རིན་ཐང་ཤིན་ཏུ་ཆེ། ཡང་ཕྱོགས་གཞན་ཞིག་ནས། ཏག་ཏག་མཚོ་སྔོན་གྱི་དུས་གཟིར་གྱི་སྐབས་འདིར། མདོ་སྨད་ཕྱོགས་སུ་དགོན་ལུང་གཙོས་གདན་ས་ཆེན་པོ་རྣམས་ལ་གོང་མའི་དམག་གིས་གཙེས་ཏེ་ཆག་ཆེ་ཉམ་ང་ཆེན་པོ་འབྱུང་བཞིན་ཡོད་ལ། དབུས་གཙང་ཕྱོགས་སུ་གོང་མའི་སྐུ་ཚབ་ཀྱིས་བསྟན་པའི་སྦྱིན་བདག་གི་ཁུར་ཆེན་བཞེས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོར་གསེར་གྱི་བཀའ་ལུང་བཟང་པོ་དང་། ཐམས་ཅད་མཁྱེན་པ་བཛྲ་ངྷ་ར་ཏཱ་ལའི་བླ་མ་ཞེས་པའི་གསེར་ཐམ་གནང་བཞིན་པ་འདི་འང་སྐབས་དེའི་ཆབ་སྲིད་ཀྱི་གཡོ་འཕྲུལ་ཞིག་ཡིན་པ་མངོན་སུམ་རེད།
  དྲུག་པ། དུས་གཟིར་གྱི་མཇུག་འབྲས།
མཐར་སོག་པོའི་དཔོན་ཁག་དག་དང་སྐུ་འབུམ་གྱི་སོག་པོའི་མཁན་པོ་ནོ་མིན་ཧན་སོགས་ཀྱིས་སྔ་རྗེས་སུ་གོང་མའི་དམག་ལ་མགོ་བཏེགས་པ་དང་། ཆིང་ཝང་བློ་བཟང་བསྟན་འཛིན་གྱི་མ་དང་སྲིང་མོ་བཅས་པའང་ཚྭ་ འདམ་ནས་ཆིང་དམག་གི་ལག་ཏུ་ཚུད།  ཆིང་ཝང་རང་ཉིད་ཀྱང་འཁོར་ཉུང་ཤས་དང་བཅས་ཏེ་དབུས་གཙང་ ཕྱོགས་སུ་འབྲོ་ཁུལ་བྱས་ནས་ཇུན་གར་བའི་སར་བྲོས་ཏེ་ཟིང་འཁྲུག་ཡོངས་སུ་མཇུག་རྫོགས།  ཟིང་འཁྲུག་གི་རྗེས་སུ་ཆིང་སྲིད་གཞུང་གིས་ཉེན་གུང་ཡེས་བཏོན་པའི་གྲོས་གཞི་ལྟར། ཟི་ལིང་ཨམ་བན་ལས་ཁུངས་བཙུགས་པ་དང་།  དེང་གི་མཚོ་སྔོན་གྱི་ཤར་གྱི་ཆ་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བཅུག་སྟེ། ས་ཁུལ་སོ་སོར་ཐུའུ་སིའི་ལམ་ལུགས་ལག་བསྟར་བྱས་ནས་མདོ་སྨད་ས་ཁུལ་སོ་སོར་ཐད་ཀའི་དབང་བསྒྱུར་བྱེད་པའི་མགོ་དངོས་སུ་ཚུགས།

ལུང་ཁུངས།
①    ⑥⑨མདོ་སྨད་ཆོས་འབྱུང་། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་།  P 41- P 42
②    མཚོ་སྔོན་གྱི་ལོ་རྒྱུས་སོགས་བཀོད་པའི་ཚངས་གླུ་གསར་སྙན་ཞེས་བྱ་བ་བཞུགས་སོ། །སུམ་པ་ཡེ་ཤེས་དཔལ་
འབྱོར་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982 ལོ།  P 24
⑩ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར། ཐུའུ་བཀན་ཆོས་ཀྱི་ཉི་མས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992 ལོ། P77  P 78  P 86
སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982 ལོ།
②⑦དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ་འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ཞེས་བྱ་བ་བཞུགས་སོ། །
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1981 ལོ། P 458
⑧ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་དཀར་ཆག ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་མཛད། མཚོ་
སྔོན་མི་རིགས་དཔེ་སྐྲུན་ཁང་།  1988 ལོ།   P. 98   


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།