གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲི་གུམ་བཙན་པོར་དཔྱད་པ་ཚངས་པའི་སྲང་ཐིག

2012-02-20 11:07:00 གཙང་ཁ་ཚེ་ཐར་རམ་མེ་སྟག ཀློག་གྲངས། མཆན ཡོད།

རྨོངས་པའི་མུན་པས་བློ་གྲོས་བཏུམ་པའི་རིགས་དྲུག་རྣམས། །
རྨོངས་པའི་ལྕགས་ཐག་གཅོད་པའི་རལ་གྲི་གྱན་དུ་འཕྱར། །
བློ་གྲོས་དཔྱིད་ཀྱི་སྦྲང་ཆར་བཞིན་དུ་འཇོ་བའི་ལྷར། །
སྒོ་གསུམ་སྤོབས་པའི་ལུགས་ཀུན་སྤང་ནས་སྤྱི་བོར་མཆོད། །
         ༡ བྱོན་དུས་ལ་དཔྱད་པ།
  རྗེ་སྲོང་བཙན་གྱི་ཡར་སྔོན་དུ་བྱོན་པའི་བཙན་པོ་དག་གི་ཁྲི་ལོ་དང་བྱོན་དུས་སོགས་ཁ་གསལ་གྱི་དཔྱད་གཞིའི་ཡིག་ཆ་དཀོན་པས་སྔར་དེང་གི་རྒྱལ་རབས་སྨྲ་བ་དག་གིས་གྲི་གུམ་བཙན་པོའི་བྱོན་དུས་ལ་ཚིག་ཐག་ཆོད་ཅིང་ཁ་གསལ་གྱི་འདི་རེད་ཅེས་སྨྲ་བའི་སྤོབས་པ་དང་བྲལ་ཡང་རྒྱལ་མོ་འབྲུག་པས་བརྩམས་པའི<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ>ཞེས་པ་ལས་ཡོངས་གྲགས་ལྟར་རྗེ་གཉའ་ཁྲི་ནས་རྒྱལ་རབས་ཐུང་ཐུང་དྲུག་སོང་བའི་དབང་དུ་བཏང་ནས་རགས་རྩིས་ཤིག་བྱས་ན་སྤྱི་ལོ་ཚུགས་ཁ་མ་དྲུག་བཅུ་སྐོར་ཙམ་ལ་ཨེ་ཁེལ་བསམ།”(༡) (༡ མཆན། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་གྱི་ཤོག་གྲངས་༤༡ སུ་གསལ།)ཞེས་པ་ལྟར་གྲི་གུམ་གྱི་བྱོན་ལོར་རགས་རྩིས་བྱས་ན་སྤྱི་ལོ་མ་ཚུགས་སྔོན་གྱི་དྲུག་བཅུ་སྐོར་ཙམ་གྱི་གཡས་གཡོན་ལ་ཁེལ་ཤས་ཆེ་བར་སྙམ།
          ༢ ཡབ་ཡུམ་ལ་དཔྱད་པ།
  གྲི་གུམ་བཙན་པོའི་ཡབ་ཡུམ་གྱི་སྐོར་སྔར་དེང་རྒྱལ་རབས་སྨྲ་བ་ཕལ་ཆེར་གྱིས་ཡབ་ནི་སྤུར་རྒྱལ་ཁྲི་ཐོག་བདུན་པ་སྲིབས་ཁྲི་བཙན་པོ་(སེང་ཁྲི་(༢)མཆན་། གདོང་ཐོག་སྤུལ་སྐུས་མཛད་པའི་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་གྱི་ཤོག་གྲངས་༧༡སུ་གསལ།) དང་སྲིབ་ཁྲི་ཞེས་པ་ཡང་སྣང་།)དང་།ཡུམ་ས་བཙུན་ཀླུ་(རླུང་ཡང་སྣང་)རྗེ་མ་ཡིན་པར་རྩོད་མེད་དུ་སྣང་ངོ་།།འོན་ཏེ་འགའ་ཞིག་གིས་ཡབ་ཁྲི་སྤེ་བཙན་པོ་དང་།ཡུམ་སྨན་ཁྱི་ཕྱུག་མོ་ཞེས་བཤད་ཀྱང་ཁྲི་སྤེ་བཙན་པོ་ནི་སྲིབས་ཁྲི་བཙན་པོའི་མཚན་གཞན་ཞིག་ཡིན་པར་དོགས་གཞི་མེད་པས་འདི་ཙམ་གྱིས་འཐུས་པར་བྱའོ།།
          ༣  གྲུ་གུམ་བཙན་པོ་ཞེས་པའི་མིང་འདོགས་ཚུལ་ལ་དཔྱད་པ།
  དེ་ཡང་ར་བ་གངས་རི་ཡིས་བསྐོར་ཞིང་མཛེས་སྡུག་ལྡན་པའི་ཀེ་ལ་ཤའི་ཡུལ་འདིར་བྱོན་པའི་ལོ་རྒྱུས་སྨྲ་བ་དག་གིས་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་རྟ་རྫིས་དཀྲོངས་པའི་རྒྱུ་རྐྱེན་གཅིག་ནི་ཆུང་དུས་ནས་མ་མས་མིང་འདོགས་ཉེས་ཤོར་བ་སོགས་བཤད་ཚུལ་མི་འདྲ་ཤིན་ཏུ་མང་།དེ་ཡང་<ཆོས་འབྱུང་མཁས་པའི་དགའ་སྟོན>ལས་ཇི་སྐད་དུ;
འདི་འཁྲུངས་ཚེ་ཨ་ཕྱི་གདངས་ལྷ་དཀར་མོ་ལ་མཚན་ཅི་གསོལ་དྲིས་པས་བླ་སྤང་དང་མ་དིང་མེས་མ་ཚིག་གམ།བླ་མཚོ་སྔོན་མོ་མ་སྐམས་སམ། བླ་བྲག་དཀར་པོ་མ་ཉིལ་ལམ།ཟེར་བ་དེ་རྣམས་ལ་མ་ཉམས་སྨྲས་ཀྱང་རྒན་མོ་རྒས་ཆེས་དབང་པོ་ཉམས་པས་ལོག་པར་གོ་སྟེ་འོ་ན་རྒྱལ་སྲས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས།”(༣)
༣མཆན། མཁས་པའི་དགའ་སྟོན་ཤོག་གྲངས་༡༦༠ ནང་གསལ།)ཞེས་གྲི་གུམ་བཙན་པོ་མཚན་གསོལ་ཞེས་གསལ་བ་དང་།དེ་དང་འདྲ་བ་ཏུང་ཧོང་ཡིག་ཆ་རུ་གསལ།
དེ་ལྟ་བུའི་བཤད་ཚུལ་དག་ལ་བློ་གཟུར་བོར་གནས་པའི་ཐོག་ནས་དཔྱད་ན།སྔར་ནས་ད་བར་བོད་མི་རིགས་ཀྱི་སྲོལ་རྒྱུན་ལ་བྱིས་པ་བཙས་རྗེས་བླ་མ་སོགས་སྐྱེས་ཆེན་དམ་པ་གང་ཞིག་གི་ཞབས་ལ་བཏུད་ནས་མིང་ཞུ་བ་ལས་རྒན་མོ་དབང་པོ་མ་ཚང་བ་ཞིག་ལ་མིང་ཞུ་བའི་ལུགས་སྲོལ་མེད་པར་ལྷ་མི་ཀུན་ཤེས་རེད།མ་ཟད་རང་གི་རིགས་རྒྱུད་འདྲེ་ཡིན་ཡིན་ཡང་ལྷ་མོ་སོགས་ཀྱི་མིང་འདོགས་པ་ལས་མིང་ངན་འདོགས་སྲོལ་མེད་པ་དེའང་ཤེས་དགོས་པ་ཞིག་རེད།
   འོ་ན་རྒྱལ་རབས་ལོ་རྒྱུས་སུ་དེ་ལྟར་བཀོད་པ་གང་ཡིན་ཞེ་ན།བོན་སྐྱོང་བ་ཚོས་བཙན་པོར་དམའ་འབོད་ཀྱིས་གྲི་བཀུམ་བཙན་པོ་ཞེས་མཚན་སྨད་ཞུས་རྗེས།
ནག་ཉེས་གང་ཡོད་རྒྱལ་པོ་དང་།  མེས་མོའི་ཐོག་ཏུ་ཡར་སློག་པ་རེད།དེ་ཡང་རང་རེའི་མི་རིགས་འདིའི་འདས་ཟིན་པའི་ལོ་རྒྱུས་ཐོག་མཁས་མཛངས་ལྡན་ཞིང་མ་འོས་ལུགས་སྲོལ་རྙིང་པ་དག་ལ་དག་ཐེར་དང་།ཡར་ཐོན། མདུན་བསྐྱོད་ཀྱི་བསམ་བློ་འཆང་མཁན་གྱི་མི་བུ་དག་ལ་བདུད་རྒྱལ་ཞེས་འབོད་ཅིང་ཁུངས་མེད་ཀྱི་དཀྲོག་གཏམ་རེ་བཟོས་ནས།མི་རིགས་ཀྱི་དཔའ་བོར་འགྱུར་བ་དེ་དག་ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་བཟོས་པ་དེ་ནི་ང་ཚོའི་མི་རིགས་འདིར་སྔར་ནས་ཡོད་པའི་རང་གཤིས་རེད།དཔེར་ན། ལོ་ངོ་སྟོང་གི་ཡར་སྔོན་ན་བྱོན་པའི་ལྷ་སྲས་འུ་དུམ་བཙན་པོས་ཆོས་ལུགས་ལ་དག་ཐེར་དང་།ཁྲི་རལ་གྱི་སྐབས་ཉམས་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་སླར་གསོ་མཛད་ཀྱང་།
མགོ་ལ་ར་སྐྱེས་ཡོད་པ་རེད་ཅེས་དཀྲོག་གཏམ་བགྲོས་ནས་གླང་དར་བདུད་རྒྱལ་ལྟ་བུའི་མིང་ངན་བཏགས་ནས་ལོ་རྒྱུས་ཀྱི་ཉེས་ཅན་བཟོས་པ་རེད།མདོར་ན་ལྷ་སྲས་འུ་དུམ་བཙན་པོ་ལ་རྭ་ཡོད་པའི་སྐོར་དཀྲོགས་གཏམ་བཟོས་ནས་གླང་དར་འབོད་པ་དང་།གྲི་གུམ་བཙན་པོས་སྔར་གྱི་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་དང་དབང་ཤེད་ཆེ་ཞིང་བོན་ཆོས་ཁ་ལ་འཁྱེར་ནས་སྲིད་དབང་ཧམ་འཕྲོག་བྱེད་རྒྱུའི་རེ་སེམས་འཆང་མཁན་གྱི་བློན་པོ་འགའ་གནས་དབྱུགས་བཏང་བས་དེ་དག་གིས་དམངས་ཁྲོད་དུ་མིང་འདོགས་ཉེས་ཤོར་ཞེས་སྦིརགཏམ་བཟོས་པ་ལས་དོན་དངོས་ཐོག་དེ་ལྟ་བུ་ཡིན་མི་སྲིད་པ་ནིཤིན་ཏུ་གསལ། གཞན་ཡང་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་<གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན།>ལས་མའི་རུམ་ནས་གྲི་རྟགས་སྣ་དགུ་ཚང་བ་ཞིག་བྱུང་བས་མིང་གྲི་རུམ་བཙན་པོ་བཏགས་ཞེས་གསལ་བ་དེ་ལ་རྒྱུ་མཚན་མེད་པར་མ་ཡིན་ཡང་།བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་གྲི་གུམ་དང་དྲི་གུམ་ཞེས་པ་ལས་གྲི་རུམ་ཞེས་འཁོད་པའི་ཡིག་ཆ་ཕལ་ཆེར་མེད་པ་ལྟར་སྣང་བས་ཆ་འཇོག་དཀའ་བར་འགྱུར་འདུག དེ་ལྟར་ན་དོན་དངོས་ཐོག་མིང་བཏགས་ཉེས་ཤོར་བ་མ་ཡིན་པ་རྗེས་རབས་པ་རྣམས་ཀྱིས་གྲི་གུམ་བཙན་པོ་འབོད་པ་ལས་མིང་བཏགས་ཉེས་ཤོར་བས་ཟེར་བ་དེ་ནི་ཁ་རྒྱུན་ཙམ་ལས་མ་འདས་ཀྱང་སྔར་གྱི་ལོ་རྒྱུས་སྨྲ་བ་འགས་རྒྱུ་མཚན་ཆེན་སེམས་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ཤས་ཆེའོ།།
           ༤ <<སྲས་དང་སྲས་མོ་ཇི་ཅམ་བྱུང་ཡོད་མེད་པ་དཔྱད་པ།>>
  གྲི་གུམ་བཙན་པོར་སྲས་དང་སྲས་མོ་ཇི་བྱུང་སྐོར་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་ཕྱུག་དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བས་མཛད་པའི་<ཆོས་འབྱུང་མཁས་པའི་དགའ་སྟོན་>ལས་གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོར་མཛད།འབྲིང་བ་བྱ་ཁྲིས་པོ་པོའི་མངའ་བདག་མཛད།ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད།ལོ་ངམ་གྱིས་ནི་ལྷ་གཅིག་ཆུང་མར་བཟུང་།(༤)༤ མཆན།མཁས་པའི་དགའ་སྟོན་ཤོག་གྲངས་༡༦༢།)ཞེས་པ་འདིར་སྲས་དང་སྲས་མོ་བཞི་བྱུང་བ་གསལ་ཡང་དེའི་གོང་གི་ཤོག་གྲངས་༡༦༠
ནང་། ;དེའི་བཙུན་མོ་ཀླུ་སྲས་མེར་ལྩམ་ལ། ཤ་ཁྲི། ཉ་ཁྲི།བྱ་ཁྲི་གསུམ་ཡང་བལྟམས།”ཞེས་པ་ལས་ལྷ་གཅིག་འཁྲུངས་ཚུལ་བཀོད་མེད་པ་ལ་དཔྱད་ན་གྲི་གུམ་གྱི་བཙུན་མོ་གླུ་སྲིང་མེ་ལྕམ་(མམ་རྒྱལ་དབང་ལྔ་བའི་<རྫོགས་ལྡན་གཞོན་ནུའི་དགའ་སྟོན།>དང་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱི་<རྒྱལ་རབས་གསལ་བའི་མེ་ལོང་།>སོགས་ལ་ཀླུ་བཙན་མེར་ལྩམ་ད་ཀླུ་བཙན་མེར་ལྩམ་ནི་འབྲི་་ཚུལ་མི་འདྲ་བ་ཙམ་ལས་མི་གཅིག་པ་ཡིན་པ་ནི་རྩོད་མེད་དུ་སྣང་།མདོར་ན་གྲི་གུམ་བཙན་པོའི་བཙུན་མོ་ཀླུ་བཙན་མེེར་ལྩམ་ཞེས་པ་དེར་རིགས་སྲས་གསུམ་འཁྲུངས་བ་དང་།སྲས་ལྷ་གཅིག་ཞེས་པ་དེ་ནི་གྲུ་གུམ་གྱི་བཙུན་མོ་གཞན་ཞིག་གི་རྒྱུད་ལ་བལྟམས་པ་རེད་སྙམ།གཞན་ཡང་ཏུང་ཧོང་ཡིག་རྙིང་དུ་སྲས་ཤ་ཁྱི་དང་ཉ་ཁྱི་ཁོ་ན་ལས་མ་བཤད་པས་དེ་ལྟར་ན་ཤ་ཁྱི་ལམ་ཤ་ཁྲིའི་མཚན་སྤུ་དེ་གུང་རྒྱལ་གསོལ་ནས་ཡབ་ཀྱི་སྲིད་འཕྲོ་བསྐྱངས་པ་དང་།
ཉ་ཁྱི་འམ་ཉ་ཁྲིས་ཀོང་དཀར་པོའི་རྗེ་མཛད་སྐད་ཀྱང་།ཞྭ་སྒམ་པ་དབང་ཕྱུག་བདེ་ལྡན་གྱིས་མཛད་པའི<སྲིད་དོན་རྒྱལ་རབས།>སྲས་བགྲེས་པ་བྱ་ཁྲི་གདན་དྲངས་ཏེ་རྒྱལ་སར་བཀོད།ཤ་ཁྲི་བཙན་པོ་ཀོང་དུ་རང་དུ་བཞུགས་ཤིང་།ཆུང་ཤོས་ཉ་ཁྲི་བཙན་པོའམ་སོག་སྐད་དུ་པོར་ཏཱ་ཟེར་བ་ཞེས་པ་ཀོང་པོའི་ཡུལ་ནས་བཙུན་མོ་གོ་མ་རལ་ཞེས་པ་བླངས་ཏེ།བུ་ཁན་ཁལ་དུ་ན་པོར་ཧན་གལ་ཧྭོན་ཟེར་བའི་རི་བོ།སྦེ་ཀལ་མཚོའི་ཉེ་འགྲམ་(སོག་པོ)སྦེ་ཏའི་མི་རིགས་གནས་པའི་ཡུལ་དུ་གྱར་ནས།དེར་གནས་མི་རྣམས་ཀྱི་རྗེ་བོར་བཀུར་ཏ་སོག་པོའི་རྒྱལ་རྒྱུད་ཀྱི་ཐོག་འདི་ཡིན་པ་ནི་སོག་པོ་རྣམས་དང་མཐུན་པར་གླེང་།”(༥)༥མཆན། སྲིད་དོན་རྒྱལ་རབས་ཤོག་གྲངས་༡༤༤ གསལ།)ཞེས་པ་འདིར་བལྟ་ན་གྲི་གུམ་གྱི་སྲས་ཆུང་ཤོས་སོག་པོའི་རྒྱལ་རྒྱུད་ཀྱི་ཐོག་མ་དང་།རྒན་ཤོས་ནི་ཀོང་པོའི་རྗེ་བོར་མཛད་ནས་གདུང་རྒྱུད་ཡོད་སྐོར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས:ཤ་ཁྲི་ཀོང་པོར་བཅུགས(སྤྱུགས)པས་ཀོང་རྗེ་དཀར་པོ་ཡིན།”ཞེས་པ་ལྟར་ལྷ་སྲས་ཉ་ཁྲི་ནི་སོག་རྒྱལ་དང་།ཤ་ཁྲི་ཀོང་རྒྱལ་ཡིན་ན་སྤོ་སྤོའི་མངའ་བདག་དང་ཕྱིས་སུ་ཡབ་ཀྱི་སྲིད་འཕྲོ་སྐྱོང་མཁན་ཞིག་ཡིན་པ་ནི་རྩོད་མེད་ལྟར་སྣང་བས་བྱ་ཁྲི་ཞེས་ཡབ་ཀྱི་སྲིད་འཕྲོ་བསྐྱངས་མཁན་ཞིག་ཡོད་པ་ཐེ་ཚོམ་མི་འདུག་པས་རིགས་སྲས་གསུམ་ཡོད་པའང་ཤིན་ཏུ་གསལ།
          ༥ <གྲི་གུམ་བཙན་པོས་བོན་བསྣུབས་ཞེས་པར་དཔྱད་པ།>
  བོད་ཀྱི་ཡིག་ཆ་ཁག་ཏུ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཏེ་བོན་བསྣུབས་ཞེས་གསལ་ཡང་དེ་དག་ལོ་ངམ་གྱི་རྗེས་འབྲང་པ་དག་གིས་བརྩམས་པའི་ཁ་རྒྱུན་ཞིག་ཁོ་ན་ཡིན།དེ་ལྟ་ན་དེ་འདྲ་བའི་ཁ་རྒྱུན་ཞིག་བཟོས་པའི་རྒྱུ་མཚན་ནི་སྐབས་དེའི་སྤྱི་ཚོགས་ཐོག་དམངས་སེམས་བོན་ཆོས་ལ་ཕྱོགས་ཡོད་པས་གྲི་གུམ་བཙན་པོ་ནི་བོན་ཆོས་ལ་རྒྱབ་གཏད་པ་ཞིག་ཡིན་པའི་སྐོར་དམངས་ཁྲོད་དུ་སྤེལ་ནས་མོ་ངམ་གྱི་སྲིད་དབང་སྲ་བརྟན་དང་དམངས་སེམས་འགུགས་ཏེ་ཐབས་བྱུས་ཞིག་ཡིན།
   མདོར་ན་བོན་ཆོས་ནི་མཐོ་རིམ་སློབ་དཔོན་དག་གིས་དམངས་སེམས་འགུག་བྱེད་ཀྱི་ལག་ཆ་ཞིག་རེད།གྲི་གུམ་བཙན་པོས་བོན་བློན་འགའ་གནས་དབྱུགས་བཏང་ཡང་དེ་ནི་ཆོས་ལུགས་ཀྱི་འགལ་ཟླ་མ་ཡིན་པར་སོ་སོའི་དབང་ཤུགས་རྒྱ་བསྐྱེད་གཏོང་ཆེད་རང་གི་མདུན་ལམ་མི་འགོག་པའི་ཆེད་དུ་སོ་སོ་དང་སྟོབས་ཤུགས་མཉམ་པའི་བློན་པོ་དག་གི་སྟོབས་ཤུགས་ཆུང་དུ་བཏང་ཐབས་དང་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བཏང་ནས་རྒྱལ་ནང་གི་སྟོབས་ཤུགས་ཧྲིལ་པོ་རང་གི་ཐད་ཀའི་དབང་འཛིན་འོག་ཚུད་པ་བྱེད་རྒྱུ་ཁོ་ན་རེད།
  དེ་ནི་སྔར་ནས་དེ་བར་བྱུང་པའི་ཕུལ་བྱུང་དང་བྱས་རྗེས་ཅན་གྱི་རྒྱལ་པོ་དང་གོང་མ་དག་གི་བྱེད་སྟངས་ཡིན།དཔེར་ན། ཁྲི་སྲོང་ལྡེའུ་མཚན་གྱིས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་བཏང་ཆེད་བློན་ཆེན་མ་ཞང་དྲོན་པ་སྐྱེད་དང་།སྟག་ར་ཀླུ་གོང་གཉིས་མཐར་སྤྲད་བཏང་བ་སོགས་དེ་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་ཡང་འདིར་བཀོད་པའི་དགོས་པ་ཆེར་མ་སྣང་བས་འདི་ཙམ་གྱི་འཐུས་པར་བྱའོ།།དེ་ལྟ་ན་གྲི་གུམ་བཙན་པོས་བོན་བློན་འགའ་གནས་དབུགས་བཏང་དེ་ནི་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བཏང་བ་གསལ་བར་མངོན།
  དེ་ལས་ང་ཚོས་གྲི་གུམ་བཙན་པོ་ནི་མཁས་མཛངས་ལྡན་པ་ཞིག་ཡིན་པར་ར་སྤྲོད་ཐུབ།ཅིའི་ཕྱིར་ཞེ་ན་གྲི་གུམ་བཙན་པོས་སྐབས་དེའི་སྲིད་སྐྱོང་བློན་པོའི་ནང་ཤོག་ཁག་གཉིས་སུ་གྱེས་པའི་ནང་ནས་བློན་བཙན་བཞེད་མེ་ལྷ་སོགས་ཀྱིས་ཚར་གཅོད་མ་བྱས་ན་བཙན་པོ་ནི་མིང་ཙམ་འགྱུར་ཆེ་བ་སོགས་སྙན་དུ་གསོལ་བས་གྲི་གུམ་བཙན་པོས་ཀྱང་རང་ཉིད་ཀྱི་གནས་བབས་རྟོགས་ནས་དུས་སྐབས་དེ་དང་བསྟུན་ནས་དབང་ཤུགས་ཆེ་བའི་བོན་བློན་དག་དང་རྗེས་འབྲང་བཅས་ལ་མཐར་སྤྲོད་ནས་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བཏང་བ་རྩོད་མེད་དུ་སྣང་།
  སྐབས་དེའི་བོན་པའི་ཆོས་པ་ཕལ་ཆེ་བ་དབང་ཤུགས་ཆེ་བའི་བོན་བློན་དག་གི་རྗེས་འབྲང་པ་ཡིན་པ་དང་།དེ་ནི་གྲི་གུམ་བཙན་པོས་ཁོ་ཚོས་བོན་ཆོས་བྱེད་པ་རྒྱུ་མཚན་དུ་བྱས་ནས་མཐར་སྤྲོད་བཏང་བ་མ་ཡིན་པ།ཁོང་ཚོ་བོན་བློན་དག་གི་རྗེས་སུ་འབྲང་པ་དང་།རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་པར་བཀག་འགོག་བྱེད་པའི་རྒྱུ་མཚན་གྱིས་མཐར་སྤྲོད་པ་ནི་ ང་ཚོས་ངེས་པར་དུ་ཤེས་དགོས་པའི་དོན་ལགས།
  མདོར་ན་གྲི་གུམ་བཙན་པོ་དང་དབང་ཤུགས་ཆེ་བའི་བོན་བློན་ཚོའི་བར་འགལ་ཟླ་བྱུང་བ་དེ་ཡང་ཆོས་ལུགས་ཀྱི་འགལ་ཟླ་མ་ཡིན་པ་སྒེར་གྱི་ཁེ་དབང་གི་ཆེད་དུ་ཡིན་སྙམ།
         6 <<གྲི་གུམ་བཙན་པོ་དཀྲོངས་ཚུལ་ལ་དཔྱད་པ།>>
  སྔར་གྱི་རྒྱལ་རབས་སྨྲ་བ་དག་གིས་གྲི་གུམ་བཙན་པོོ་དཀྲོངས་ཚུལ་མི་འདྲ་བ་འགའ་གླེང་བས་ཐམས་ཅད་ཞལ་མཐུན་པར་དཀའ་ཡང་གྲི་གུམ་བཙན་པོ་དཀྲོང་མཁན་ཡིན་ལོ་ངམ་རྟ་རྫི་ཡིན་པ་ཐམས་ཅད་གཅིག་ཏུ་མཐུན།ལོ་རྒྱུས་འགའ་ཞིག་ཏུ་བློན་པོ་ལོ་ངམ་ཞེས་པའང་སྣང་ལ།དོན་དངོས་ཐོག་བློན་པོ་ལོ་ངམ་དང་ལོ་ངམ་རྟ་རྫི་ནི་མི་གཅིག་ཡིན་པ་གསལ་བར་སྣང་།
  དེ་ཡང་<ཆོས་འབྱུང་མཁས་པའི་དགའ་སྟོན།>ལས།‘’གང་ན་འང་ཉང་རོ་རྩིབས་ཀྱི་ཐལ་བ་ཚལ་དུ་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ།རྒྱལ་པོས་ཁྱི་མོ་ཉན་རྣ་གསང་བྱ་བ་ཉན་པོ་བྱེད་དུ་བཏང་བ་ཁོས་གོ་ནས།རྒྱལ་པོ་དབུ་ལ་དར་ནག་གི་ཐོད་བཅིངས། དཔྲལ་བར་མེ་ལོང་བཏགས།ཕྲག་པ་གཡས་ལ་ཝ་རོ་དང་། གཡོན་པ་ཁྱི་རོ་བཀལ།
བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་སུམས་པ་བཀལ།རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར་ཞིང་བྱུང་ན་མི་ཐུབ་ཅེས་སྨྲས་པས་རྒྱལ་པོས་དེ་ཐམས་ཅད་བྱས་ནས་འཐབས་པས་ས་རི་ས་ག་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང་།སོ་བཏབ་པས་བ་གླང་འདྲོགས་ཏེ་ཐལ་སྒྲོ་རྣམས་རལ།  ཐལ་འཚུབ་ཀྱིས་མིག་བསྒྲིབས།ད་ནག་ཐོད་ན་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ།རལ་གྲི་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད།ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་འཕངས་ནས་བཀྲོངས་སྐད(༦)”༦ མཆན།མཁས་པའི་དགའ་སྟོན་ཤོག་གྲངས་༡༦༡ ནང་གསལ།)དེ་ལྟ་ན་གྲི་གུམ་བཙན་པོ་ནི་ལོ་ངམ་གྱིས་བཀྲོངས་པ་ར་སྤྲོད་ཐུབ་ལ།ལོ་ངམ་རྟ་རྫི་ཡིན་པས་དབང་དུ་བཏང་ན།རྟ་རྫི་ཞིག་གིས་སྐབས་དེའི་སྤྱི་ཚོགས་ཐོག་སྐུ་དབང་བཙན་ཤོས་ཀྱི་བཙན་པོ་བཀྲངས་ཞེས་པ་ཡིན་སྲིད་མོད།འོན་ཏེ། བཙན་པོ་བཀྲངས་རྗེས་རང་ཉེས་སྦས་གསང་ཆེད་བྲོས་བྱོལ་དུ་འགྲོ་དགོས་ངེས་དེ་ལས་ཡོངས་སུ་བཟློག་ཏེ་བཙན་པོའི་སྲིད་དབང་འཕྲོགས་ཞེས་པ་ནི་གླེང་ན་སུ་ཞིག་གིས་ཀྱང་ཡིད་ཆེས་དཀའ།དེས་ན་ལོོ་ངམ་ནི་རྟ་རྫི་ཞིག་མིན་པས་གསལ་བཤད་ཐུབ།དེ་ལྟ་ན་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ཞིག་གི་ནང་ལོ་ངམ་རྟ་རྫི་ཞེས་འཁོད་པ་དེ་རྒྱུ་མཚན་མེད་པ་ཡས་ནས་མིན།རྟ་རྫི་ཞེས་པ་ནི་ལོ་ངམ་གྱི་ཡབ་མེས་དག་རྟ་རྫིའི་རྒྱུད་པ་དང་།ཕྱིས་སུ་དུས་འགྱུར་དང་བསྟུན་ནས་གྲི་གུམ་བཙན་པོའི་དབང་བསྒྱུར་འོག་ཡོད་པའི་གལ་ཆེ་གོ་གནས་མཐོན་པོ་ཞིག་ཡིན་ངེས།ལོ་ངམ་གྱིས་གྲི་གུམ་བཙན་པོའི་སྲིད་དབང་འཕྲོག་པ་ལས་ང་ཚོས་ལོ་ངམ་ལ་སྐབས་དེའི་སྤྱི་ཚོགས་དམག་སྲིད་ཀྱི་དབང་ཆ་མི་དམན་ཙམ་ཡོད་པ་ཤེས་རྟོགས་ཐུབ།
གྲི་གུམ་བཙན་པོས་ལོ་ངམ་ལ་འཐབ་ཟླ་བཅོལ་ཞེས་པ་ལས་གྲི་གུམ་བཙན་པོས་རང་ཉིད་ཀྱི་སྟོབས་ཤུགས་རྩ་གཏོར་བྱེད་བཞིན་པ་གསལ་ལ།ལོ་ངམ་དབང་ཐང་ཆེ་བའི་བོན་པའི་ནང་ནས་གཅིག་ཡིན་པས་གྲི་གུམ་བཙན་པོས་རང་ཉིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་དང་ལོ་ངམ་གྱི་སྟོབས་ཤུགས་རྩ་བརླག་གཏོང་ཆེད་ལོ་ངམ་དང་འཐབ་པ་ལས་ཐུགས་ལ་གདོན་ཞུགས་ནས་དོན་མེད་ལོ་ངམ་དང་འཐབ་ཟེར་བ་དེ་དག་ཤིན་ཏུ་མི་བདེན་པས་གནས་ཚུལ་དང་རྒྱལ་རབས་སྨྲ་བའི་སྐྱོན་ཆ་ལ་ངོས་འཛིན་དགོས་ངེས།
མདོར་ན་ལོ་ངམ་གྱིས་ཀྱང་རང་ཉིད་ཀྱི་དབང་ཐང་སྲ་བརྟན་ཆེད་གྲུ་གུམ་བཙན་པོ་དང་འཐབ་ནས་མཐར་གྲི་གུམ་བཙན་པོ་རང་གི་གཡོ་བྱུས་ཀྱིས་དྲ་བར་བཙུད་ནས་བཀྲོངས་པ་ཡིན་ཚོད་འདུག་ལ།ལོ་ངམ་གྱིས་དུས་ཚོད་དེ་དང་བསྟུན་ནས་བཙན་པོའི་སྲིད་དབང་ཐད་ཀར་བཙན་འཕྲོག་བྱེད་པ་རེད་སྙམ།དེ་ཡང་གྲི་གུམ་བཙན་པོ་ལོ་ངམ་གྱི་གཡོ་བྱུས་ཀྱི་རྭ་བར་ཚུད་ཚུལ་ནི་གོང་དུ<མཁས་པའི་དགའ་སྟོན>ལ་གསལ་བ་ལྟར་གྲི་གུམ་བཙན་པོས་ཁྱི་མོ་ཉན་གྱི་རྣ་གསང་བྱ་བ་ཞིག་ཉང་པོ་བྱེད་དུ་བཏང་བ་ལོ་ངམ་གྱིས་ཤེས་རྟོགས་བྱུང་རྗེས་ལོ་ངམ་གྱིས་བཙན་པོས་དར་ནག་གི་ཐོད་བཅིངས།མེ་ལོང་བཏགས་པ་སོགས་བྱས་ནས་བྱུང་ན་མི་ཐུབ་སྨྲས་པས།ཁྱི་མོས་ཀྱང་དེ་བཞིན་གྲི་གུམ་ལ་ཞུས།གོང་དུ་གྲི་གུམ་བཙན་པོས་ཁྱི་མོ་ཉན་རྣ་བྱེད་པ་བཏང་བ་ལ་ལྟ་ན།གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་ཀྱི་སྟོབས་ཤུགས་ཧེ་བག་ཆེན་པོ་མེད་པ་ཤེས་ཐུབ།
 གོང་ནི་ཁྱི་མོ་དེ་ནི་སྤྱི་བཏང་གི་ཁྱི་ཞིག་མིན། ཅིའི་ཕྱིར་ཞེ་ན།སྔར་ནས་ད་བར་ཁྱི་མི་སྐད་གོ་མཁན་ད་ཤེས་མཁན་ཞིག་བྱུང་མ་མྱོང་ལ།ཁྱིས་མི་སྐད་བཤད་ཤེས་ཟེར་བ་ནི་སུ་ཞིག་གིས་ཆ་འཇོག་དཀའ།གོང་ནི་ཁྱི་མོ་ཞེས་པ་དེ་ནི་གྲི་གུམ་བཙན་པོའི་ཆབ་སྲིད་ཀྱི་ལག་ཆ་བསྒྱུར་བའི་བློས་ཐུབ་ཀྱི་སྐྱེས་དམན་ཞིག་ཡིན་ཤས་ཆེ།ཅིའི་ཕྱིར་ཞེ་ན།
ང་ཚོ་བོད་པའི་སྤྱི་ཚོགས་ཐོག་སྐྱེས་པ་ལ་སྡིགས་སྨྲོས་བྱེད་པ་ལ་ཁྱི་རྒན་དང་།བུད་མེད་ལ་ཁྱི་མོ་ཞེས་སྡིག་སྨྲོས་བྱེད་པ་ལ་ཆ་བཞག་ན་ཁྱི་མོ་ཞེས་པ་དེ་སྐྱེས་དམན་ཞིག་ཡིན་པར་ཤེས་ཐུབ།བྱས་ན་ཅིའི་ཕྱིར་ཁོང་ལ་ཁྱི་མོ་ཞེས་འབོད་པ་ཡིན་ཞེ་ན།ལོ་ངམ་ལ་རྒྱལ་ཁ་ཐོབ་རྗེས་ཁོའི་རྗེས་འབྲང་པ་དག་གིས་ཁྱི་མོ་ཞེས་སྡིག་སྨྲོས་བྱས་པ་ལས་ཁྱི་མོ་ཞེས་འབྲི་བ་རེད་སྙམ།གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཞེས་པ་དེ་ནི་ལོ་ངམ་གྱིས་རང་ཉིད་ཀྱི་སྲིད་དབ་སྲ་བརྟན་དང་དམངས་སེམས་འགུགས་ཆེད་བཟོས་པའི་དཀྲོགས་གཏམ་ཞིག་ཡིན་པར་དོགས་མི་འཆར།ལོ་ངམ་གྱིས་རྒྱལ་སྲིད་བསྐྱངས་པ་དང།གྲི་གུམ་བཙན་པོའི་སྲས་གསུམ་གྱིས་ཡབ་ཀྱི་དཀོར་མཛོད་ནས།ལྷ་ཡི་གླང་བུ་ཅེའུ་རུ་དཀར་ལ་ཞོན་ནས་ཀོང་ཡུལ་དུ་བྲོས་པ་གྲགས་སོ །།རེ་ཞིག་གྲི་གུམ་བཙན་པོའི་སྐོར་འདི་ཙམ་གྱིས་འཐུས་པ་བྱའོ། །གུས་པ་རང་ལོ་༡༢ ལ་སོན་པའི་སློབ་མ་ཆུང་ཆུང་ཞིག་སོང་བས་འདིའི་ཐད་དག་དང་སྡེབ་སྦྱོར་དཔྱད་བརྗོད་བྱེད་སྟངས་སོགས་ནོར་འཁྲུལ་ཇི་སྙེད་ཡོད་ངེས་ནགཟུར་གནས་མཁས་དབང་དག་གིས་དོན་ལྡན་གྱི་དཔྱད་བརྗོད་ཡོང་བར་ཞུ།
                              ༢༠༡༢  ༢  ༩ ཉིན་འཇུག་བསྡུས་པ་ལགས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།