གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་མཆོད་འབུལ་བའི་དགེ་མཚན་སྐོར་གླེང་བ།

2015-11-18 11:20:32 པད་མ་རྣམ་རྒྱལ། ཀློག་གྲངས། མཆན ཡོད།


[ནང་དོན་གནད་བསྡུས།] འདིར་མར་མེ་འབུལ་བའི་ཁུངས་དང་ཕན་ཡོན་མདོ་ཁུངས་ལ་གཏུགས་ཤིང་། ཇི་ལྟར་འབུལ་བའི་ཐབས་དང་ལག་ལེན་གྱི་རིམ་པ་ནི་ཚད་ལྡན་གྱི་བསྟན་བཅོས་ལས་བྱུང་བའི་ཆོ་ག་དང་སྔོན་གྱི་ཕྱག་སྲོལ་རྣལ་མ་དག་ལྟོ་སྤྲད་དེ། གློག་མཆོད་འབུལ་བའི་དགེ་མཚན་ཏེ་རྒྱུ་གཙང་བས་ཟག་ཆོས་ཀྱི་ལས་སུ་མི་འགྲོ་བ། དྲི་ངན་དང་དུ་བའི་གནོད་པ་མེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ། དགེ་བ་སྟོབས་ཆེ་བ་
བཅས་བྱེ་བྲག་གི་དོན་ཚན་བཞིས་བསྟན་ཅིང་། དེའི་དགག་ཕྱོགས་སུ་གྱུར་པའི་བསླད་ཅན་གྱི་མར་མེ་དེ་བཟོ་མཁན་གྱི་ཀུན་སློང་མ་དག་པ། རྫས་མ་དག་པ། ལས་ཐབས་མ་དག་པའི་ཉེས་དམིགས་རིགས་གསུམ་གྱིས་བསྟན་ཏེ་ལེགས་པ་བླང་ཞིང་མི་ལེགས་པ་འདོར་དགོས་པའི་སྐོར་གླེང་ཡོད།

[བརྡ་ཆད་གཙོ་བོ།] མར་མེའི་མདོ་ཁུངས། གློག་མཆོད། དགེ་མཚན། ཉེས་དམིགས།

              གླེང་གཞི།

  སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ལས། ཁམས་གསུམ་ཀུན་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །དེ་བས་བདེ་ཞིང་སྐྱིད་པར་འདོད་པས། །རྟག་ཏུ་དཀོན་མཆོག་གསུམ་ལ་མཆོད་བྱོས། །①ཞེས་པ་ལྟར་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ་མཆོད་པའི་ཕན་ཡོན་བསམ་ལས་འདས་པར་བསྟན་པ་ལྟར། རང་རེའི་གངས་ཅན་གྱི་ལྗོངས་སུའང་ཚུལ་དེ་ལས་མ་འདས་པར་དད་ལྡན་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྱད་པར་གྱི་དུས་ཆེན་བཞི་དང་། ཚེས་བརྒྱད། བཅུ། བཅོ་ལྔ། ཉེར་ལྔ། གནམ་གང་སྟེ་དུས་བཟང་ལྔའམ་ཡང་ན་ནམ་རྒྱུན་དུ། དགོན་པ། ལྷ་ཁང་། མ་ཎི་ཁང་། རང་ཁྱིམ་གྱི་མཆོད་ཁང་སོགས་སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་མེ་ཏོག་དང་། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་སོགས་མཆོད་པའི་བྱེ་བྲག་མང་དུ་འབུལ་བཞིན་ཡོད་ཀྱང་། དེའི་ཕན་ཡོན་ནམ་འབྲས་བུ་ཇི་བཞིན་མ་རྟོགས་པ་དང་། ཡིད་ཀྱི་དམིགས་པ། ལུས་ངག་གི་སྤྱོད་ལམ། མཆོད་འབུལ་དངོས་ཀྱི་རིམ་པ་སོགས་སྔོན་གྱི་ཕྱག་སྲོལ་དང་ཚད་ལྡན་གྱི་ཆོ་ག་དང་མི་མཐུན་པའམ་འགལ་བར་སོང་བས། མཆོད་འབུལ་གྱི་དགོས་དོན་ཇི་བཞིན་མི་འགྲུབ་པ་ལས་གཞན། དེ་ལས་ལྡོག་སྟེ་ཉེས་བྱས་ཀྱི་རྒྱུ་ཁོ་ནར་འགྱུར་བར་དོགས་སོ། །དཔེར་ན། སྤྱིར་ཡོང་ཁུངས་མི་དག་ཅིང་མཆོད་རྫས་སུ་མི་རུང་བ་དང་། དྲི་ངན་པའམ་རུལ་བར་གྱུར་པ། མི་གཙང་བའི་སར་སྐྱེས་པའི་མེ་ཏོག རྫས་རྒྱུན་མི་ལེགས་པའི་སྦྱར་སྤོས། ཚིལ་ཞག་འདྲེས་པའི་མར་མེ། མི་གཙང་བས་སྦགས་པའི་ཡོན་ཆབ། ཤ་ཚིལ་གྱི་ཞལ་ཟས་བསྲེས་པ་སོགས་དང་། ཡང་ན་ལུས་ངག་ཡིད་གསུམ་ཡ་བྲལ་དུ་སོང་སྟེ་ལུས་ཀྱི་ཉམས་ཙམ་མཆིས་ཀྱང་ངག་གི་ཟློ་བ་དང་ཡིད་ཀྱི་སྒོམ་པ་བོར་བ། མཆོད་པའི་ཡོ་བྱད་གཙང་མར་མི་འབྱིད་པ། མཐོ་སར་མི་འཇོག་པར་གང་སར་གཡུགས་པས་འགོམ་པ་ལྟ་བུ་སྟེ། རང་གི་རྣམ་རྟོག་དབང་བཙན་པར་བྱས་ཏེ་མཆོད་འབུལ་གནད་དུ་མ་སོང་བའམ། ཕན་པ་ལས་གནོད་པ་ཤས་ཆེར་འབྱུང་བ་གང་མང་མཐོང་བ་མ་བཟོད་པས། འདིར་དེ་དག་དག་སེལ་གྱི་དགོས་པར་དམིགས་ཏེ་མར་མེ་འབུལ་བའི་ཁུངས་དང་ཕན་ཡོན། ཇི་ལྟར་འབུལ་བའི་ཐབས། དེའི་མཚོན་དོན་སོགས་མདོར་བསྡུས་སུ་བརྗོད་ཅིང་། དེང་དུས་གློག་གི་མཐུན་རྐྱེན་བཟང་པོ་འཛོམས་པར་དམིགས་ཏེ་གློག་མཆོད་འབུལ་བའི་དགེ་མཚན་བྱེ་བྲག་ཏུ་བརྗོད་པའི་མཐར། ནང་ལོགས་སུ་ཡོད་པའི་མཆོད་མར་བཟོ་གྲྭའི་ལྷད་ཞུགས་མཆོད་མར་དཔེར་དྲངས་པ་བརྒྱུད། དེའི་ཉེས་དམིགས་གསལ་བར་བསྟན་ཏེ། ཕྱིན་ཆད་རྫས་མི་གཙང་བ་དང་། ལས་ཐབས་མི་ལེགས་པ། འབུལ་ཐབས་མ་དག་པའི་མར་མེ་ཀུན་གྱིས་མི་སྤྱོད་པའི་རེ་འབོད་ཀྱང་ཞར་ལ་ཞུས་པ་ལགས།

              དང་པོ། མར་མེའི་མདོ་ཁུངས་དང་ཕན་ཡོན་སོགས་སྤྱིར་བརྗོད་པ།

  མར་མེའི་མདོ་ཁུངས་ནི། འཕགས་པ་གྲོང་ཁྱེར་འཚོ་བའི་མདོ་ལས། རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར་སྟོན་ཐ་ཆུང་ཉ་བའི་ཚེས་བཅོ་ལྔ་ལ། འབྲུ་མར་ཟངས་པོ་ཆེ་སྟོང་བཀང་སྟེ་དངར་ནས་མར་རེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ། །②ཞེས་པ་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་བཀང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ནས། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །③ཞེས་དང་། དཀོན་མཆོག་ཏ་ལ་ལ་ལས། མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་གྲུབ། །④ཞེས་པ་ལྟར་དཀོན་མཆོག་ལ་ཉེར་སྤྱོད་ལྔའི་ཡ་གྱལ་མར་མེ་འབུལ་བའི་མཆོད་པའི་ཕྱི་མོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་མི་བསླུ་བའི་ཚད་མ་ལས་བྱུང་བའི་མདོ་འདི་དག་ཏུ་གསལ་བ་ཡི་གེར་བཀོད་པས། དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཞིང་གི་སྣོད་བཅུད་ཕུན་སུམ་ཚོགས་པ་དང་། བདེ་སྐྱིད་ཕྲ་རགས་ཐམས་ཅད་དཀོན་མཆོག་མཆོད་པའི་འབྲས་བུར་ཤེས་པའི་བློ་གྲོས་དང་ལྡན་པ་དག་གིས་སངས་རྒྱས་འཇིག་རྟེན་མི་ཡུལ་དུ་བཞུགས་པའི་དུས་ནས་མར་མེ་འབུལ་བའི་མཆོད་སྲོལ་ཕྱེས་ཡོད་དེ། མདོ་མཛངས་བླུན་གྱི་བམ་པོ་བཅུ་གཅིག་པར། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཆོད་དོ། །དེའི་ཚེ་ཡུལ་དེ་ན། དབུལ་མོ་བསྙེན་དགའ་མོ་བྱ་བའི་བུད་མེད་ཅི་ཡང་མི་བདོག་པ་ཞིག་མཆིས་པ་ལས། རྒྱལ་པོ་དང་བློན་པོ་སོགས་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་རྣམས་ལ། མཆོད་པ་རྣམ་པ་སྣ་
ཚོགས་ཀྱིས་མཆོད་པར་མཐོང་ནས་འདི་སྙམ་དུ། ཀྱེ་མ་ངས་མི་དགེ་བའི་ལས་ཅི་ཞིག་བྱས་པས་འདི་ལྟར་དབུལ་ཞིང་རིགས་ངན་དུ་སྐྱེས་པར་གྱུར། ད་བསོད་ནམས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་འཕྲད་ཀྱང་། བདག་ལ་ནི་བསོད་ནམས་གསོག་པའི་དངོས་པོ་ཅི་ཡང་མེད་དོ་སྙམ་ནས། ཤིན་ཏུ་ཡི་མུག་ཅིང་། ཉི་མ་གཅིག་གི་རིང་སློང་མོ་བྱས་ཀྱང་དོང་ཙེ་གཅིག་ལས་མ་རྙེད་དོ། །དེ་ནས་བསྙེན་དགའ་མོ་མར་འཚོང་ཁང་ཞིག་གི་ཁྱིམ་དུ་སོང་སྟེ། དོང་ཙེ་གཅིག་པུས་མར་ཉོས་པས། མར་འཚོང་བའི་ཁྱིམ་བདག་གིས་སྨྲས་པ། དོང་ཙེ་གཅིག་གིས་མར་ཉོ་བ་ནི་ཧ་ཅང་ཉུངས་ཆེས་བས། ཁྱོད་ལ་འདི་ལྟ་བུའི་མར་ཉུང་ངུ་ཞིག་གིས་ཅི་ཞིག་བྱ། བསྙེན་དགའ་མོས་སྨྲས་པ། རྒྱལ་པོ་དང་བློན་པོ། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་ཅིང་ཚོགས་རྒྱ་ཆེན་པོ་གསོག་པར་བྱེད་དོ། །ཁོ་མོ་ནི་འདི་ལྟར་དབུལ་ཞིང་ཕོངས་ཆེ་བས། བསོད་ནམས་བྱ་བའི་དངོས་པོ་གཞན་ཅི་ཡང་མེད་པས། ཉི་མ་གཅིག་ལ་སློང་མོ་བྱས་པ་ལས་ཐོབ་པའི་དོང་ཙེ་གཅིག་པོ་འདིས། སངས་རྒྱས་དང་དགེ་འདུན་ལ་མཆོད་པའི་ཕྱིར་མར་ཉོ་བ་ཡིན་ནོ། །ཞེས་སྨྲས་པ་དང་། ཁྱིམ་བདག་གིས་ཀྱང་སྙིང་རྗེ་ནས་མར་ལྷག་པར་བྱིན་ནོ། །དེ་ནས་བསྙེན་དགའ་མོས་མར་དེ་ཐོབ་པར་རབ་ཏུ་དགའ་ནས་གཙུག་ལག་ཁང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་ཆུང་ངུ་ཞིག་བཙུགས་ནས། བདག་ད་ལྟ་དབུལ་ཞིང་ཕོངས་པས། མར་རེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་ན་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ནས། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་ནས་རང་གི་གནས་སུ་སོང་ངོ་། །⑤ཞེས་པ་འདིས་གསལ་བར་ཤེས་ནུས་སོ། །
  དེས་ན། མར་མེ་འབུལ་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཀྱང་། བསྡུས་ན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་གཉིས་ཏེ། གནས་སྐབས་སམ་ཚེ་འདིར་འབྱུང་བའི་ཕན་ཡོན་ནི། མར་མེ་འབུལ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་མཆོད་རྟེན་ལ་ནི་མི་གང་གིས། །སེམས་ནི་དད་པས་མར་མེའི་ཕྲེང་བ་འབུལ། །མར་མེ་ཕུལ་བས་སེམས་ནི་རྣམ་དག་ཅིང་། །དེ་ནི་འཇིག་རྟེན་རིགས་པའི་མཆོག་ཏུ་འགྱུར། །བལྟ་ན་སྡུག་ཅིང་རབ་ཏུ་མཛེས་པར་འགྱུར། །འཇིག་རྟེན་ཀུན་གྱི་དགའ་བ་སྐྱེ་བར་འགྱུར། །ལྟད་མོ་མི་འདོད་བཀྲ་ཤིས་འདོད་མ་ཡིན། །གཡོན་ཕྱོགས་ལམ་ལ་དེ་ནི་བསྟེན་མི་འགྱུར། །དེ་ནི་འཇིག་རྟེན་ལོག་ལྟ་གང་དག་དང་། །ལམ་གོལ་གང་དག་ཡིན་པ་དེར་མི་མོས། །རྒྱལ་ཕྲན་ཙམ་གྱིས་ཆོག་པར་དེ་འཛིན་ཅིང་། །སུ་དང་ཡང་ནི་འཐབ་ཏུ་འགྲོ་མི་བྱེད། །ཚེགས་འབྱུང་མེད་ཅིང་མྱ་ངན་མེད་པར་འགྱུར། །དེ་ཡི་སེམས་ལ་ཡོངས་སུ་ཡི་ཆད་མེད། །དེ་ལ་ཡིད་མི་ཆེས་པར་མི་འགྱུར་རོ། །བསམ་པ་ངན་དང་གནོད་པ་བྱེད་པ་མེད། །རྒྱལ་པོའི་ཕོ་བྲང་གང་དུ་དེ་སྨྲ་བ། །རྒྱལ་པོ་དང་ནི་རྒྱལ་འཁོར་གྲགས་པར་འགྱུར། །⑥ཞེས་པ་ལྟར། རང་རྒྱུད་ཀྱི་ལོག་ལྟ་སོགས་ཉེས་དམིགས་འབྱིན་པའི་གཞི་རྣམས་བོར་ཞིང་། ནད་བགེགས་སོགས་མི་མཐུན་ཕྱོགས་ཞི་བའི་འབྲས་བུ་ལེགས་པར་འབྱུང་བའོ། །འཆི་ཁར་འབྱུང་བའི་ཕན་ཡོན་ནི། རང་ཉིད་འཆི་བའི་དུས་ཉེ་འཁོར་གྱི་རྩ་ལག་རྣམས་ཀྱི་ཆོ་ངེའི་གཡབ་མོ་ལ་ཡིད་གཡོས་པར་མི་འགྱུར་བར། རྨོངས་པ་མེད་པའི་སྣང་བ་ཀུན་ནས་དག་པར་རྒྱས་ཏེ་ཉི་ཟླ་མཐོང་བར་འགྱུར་བ་དང་། བྱེ་བ་ཁྲག་ཁྲིག་གི་ལྷ་རྣམས་ཀྱི་ཞལ་ཡང་མངོན་སུམ་དུ་མཐོང་བར་འགྱུར་བས་ན་ཉེ་མི་ལ་མངོན་དུ་མི་ཕྱོགས་པའི་དྲན་པ་བརྟན་ཅིང་འཆི་དུས་ཀྱི་སྡུག་བསྔལ་བྲལ་བའོ། །ཕྱི་མར་འབྱུང་བའི་ཕན་ཡོན་ནི། མར་མེ་འབུལ་བའི་མདོ་ལས། དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །སྲོག་ཆགས་རྣམས་ལ་རྟག་ཏུ་སྙིང་བརྩེ་བྱེད། །རྟག་ཏུ་མི་འཚེ་ཤིན་ཏུ་དེས་པར་འགྱུར། །རྣམ་ལྟུང་འགྲོ་བའི་ཁྱིམ་དུ་དེ་མི་སྐྱེས། །ཞེས་པ་དང་། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པས། །དེ་ཡིས་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་བསྒྱུར་པ་མི་བདག་སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར། །དེ་ཡིས་ལས་བྱས་པ་དེ་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་ཀྱི་བདེ་དང་ལྡན། །དེ་ཡི་ལུས་ནི་ནད་ཀྱི་ཉོན་མི་མོངས། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །⑦ཞེས་པ་བཞིན་ནོ། །མཐར་ཐུག་འབྱུང་བའི་ཕན་ཡོན་ནི། ཡང་མར་མེ་འབུལ་བའི་མདོ་ལས། སོ་སོར་ཡང་དག་པ་རིག་པ་བཞི་འཐོབ་སྟེ། རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་འཐོབ་པར་འགྱུར་རོ། །⑧ཞེས་པ་ལྟར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་ཅིང་། དེ་ལས་གཞན་འགྲོ་བ་མཐའ་དག་ཀྱང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་བྱ་བ་ནི་མཐར་ཐུག་གི་དགོས་པའོ། །འདི་ལ་
གོང་དུ་བསྟན་པའི་སྔོན་གྱི་བྱུང་བ་དེའི་འཕྲོར་མཐུད་ན། དེའི་ཚེ་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་དུས་འཛིན་པའི་རེས་ལ་བབས་པས། ནངས་སྔ་མོར་གཟིམ་ལས་ལྡང་བ་ན། མར་མེ་གཞན་རྣམས་ནི་ཤི་ཟིན་ཀྱང་། བསྙེན་དགའ་མོའི་མར་མེ་གཅིག་པུ་ནི་ལྷག་པར་གསལ་ཞིང་། མར་དང་སྙིང་པོ་ཡང་མ་ཉམས་པར་གསར་དུ་བཙུགས་མ་ཐག་པ་ཞིག་དང་འདྲ་བས། ད་ནི་ནམ་ལངས་ཟིན་པའི་ཉིན་པར་མར་མེ་བཙུགས་ཀྱང་ཕན་པ་མེད་དོ་སྙམ་ནས་གསད་པར་གཟས་པས་མ་སོད་དོ། །དེ་ནས་ལག་པས་གསད་པར་གཟས་ནའང་མ་སོད་དོ། །དེ་ནས་གོས་ཀྱིས་གསད་པར་གཟས་ནའང་མ་སོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། བཀའ་བསྩལ་པ། ཁྱོད་ཀྱིས་མར་མེ་འདི་གསོད་པར་གཟས་ཀྱང་མར་མེ་འདི་ནི་ཁྱོད་ཀྱིས་མི་སོད་དོ། །ཁྱོད་ཉན་ཐོས་རྣམས་ཀྱིས་བསྒུལ་ཞིང་བསྐྱོད་པར་ནུས་པའང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཕབ་པས་རྫི་རླུང་གཡུག་པས་ཀྱང་
སོད་པར་མི་འགྱུར་རོ། །མར་མེ་འདི་ལྷག་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་ཕུལ་བ་ཡིན་པས། མར་མེ་འདི་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་མར་མེ་ཆུང་ངུ་དེའི་བསྔགས་པ་བརྗོད་པ་བསྙེན་དགའ་མོས་ཐོས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་སྟེ། ཞབས་ལ་སྤྱི་བོས་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་གཉིས་འདས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཚན་ཡང་མར་མེ་འོད་ཅེས་བྱ་སྟེ་དབང་བཅུ་དང་ལྡན་པར་འགྱུར་རོ། །⑨ཞེས་པ་ལྟར་དེའི་ཕན་ཡོན་གྱི་ཚད་ནི་སངས་རྒྱས་ཁོ་ནའི་གཞལ་བྱ་ལས་གཞན་གྱིས་རྟོགས་པའི་ཡུལ་མ་ཡིན་ནོ། །གཞན་དུ་ན། ལས་རྣམ་པར་འབྱེད་པའི་མདོར⑩ཕན་ཡོན་བཅུ་རུ་བསྟན་པ་སོགས་རྒྱ་ཆེར་འབྱུང་ངོ་། །
  མར་མེ་འབུལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་ལྟར་ཡིན་ན། ཚུལ་ཇི་ལྟར་འབུལ་བའི་ཆོ་གའམ་ལག་ལེན་མ་ནོར་བ་འོང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པས། དེ་བཤད་པ་ལ་གཉིས་ཏེ། མཆོད་པའི་རྫས་འདུ་བྱས་ཏེ་བཤམས་པའི་ཚུལ་དང་། བློས་བསླངས་ཏེ་ཇི་ལྟར་འབུལ་བའི་ཚུལ་ལོ། །སྤྱིར་ཞི་རྒྱས་དབང་དྲག་གི་ལས་བཞིའི་འགྲུབ་པ་ལ་མར་ཁུའི་ཁྱད་པར་ཡོད་ཅིང་། ལྷག་པར་དུ་གསང་བ་སྔགས་ཀྱི་གཞུང་དུ་ཤ་ཟ་དང་གནོད་སྦྱིན། རོ་ལངས་སོགས་ལ་ཉའི་མར་དང་ཚིལ་བུ། ཚིལ་ཆེན་སོགས་ཀྱི་མར་ཁུ་བཟོ་བར་བཤད་མོད་འདི་ནི་སྔགས་བླ་མེད་ཀྱི་རྟོགས་པའི་གདེང་ལྡན་པ་རྣམས་ཀྱི་དམིགས་བསལ་བའི་སྤྱོད་ཡུལ་ཡིན་གྱི་ཕལ་བ་རྣམས་ལ་མཐའ་གཅིག་ཏུ་དགག་བྱ་ཡིན་པས་མི་རུང་བ་ཤེས་པར་བྱའོ། །སྤྱིར་བཏང་དུ་མར་ཁུའི་རྒྱུ་ནི་གཙོ་བོ་འབྲི་མར་ཡིན་ལ། དེའང་རུལ་བའམ་རྙིང་པ་མིན་པ་གལ་ཆེ་སྟེ། རང་རེ་རྣམས་ཀྱིས་ཆོས་ཤིག་བྱས་ལོའི་རྣམ་འགྱུར་འཛིན་ཡང་རང་གིའང་སྤྱད་བྱར་མི་རུང་བ་དང་། སྤྲང་བོ་དང་ཁྱིས་ཀྱང་མི་ཟ་བ་ཡར་དཀོན་མཆོག་ལ་འབུལ་བ་ནི་ཤིན་ཏུ་མི་རུང་ངོ་། །མར་བཞུ་བའི་དུས་སུ་ཁ་ཆུ་དང་ཁ་རླངས་འགོག་པའི་ཆེད་ངག་མི་སྨྲ་བའམ་ཁ་དཀྲི་འཆིང་ངོ་། །དབུལ་བྱའི་སྣོད་ལ་གསེར་རྐོང་དང་དངུལ་རྐོང་། ཟངས་རྐོང་། ལྕགས་རྐོང་། ས་རྐོང་སོགས་མཆིས་པ་ལས། ཡུལ་མིས་རྒྱུན་དུ་བཀོལ་བ་ནི་དངུལ་རྐོང་དང་ཟངས་རྐོང་ཤས་ཆེ། རྐོང་དེ་དག་ཀྱང་ཁ་དོག་དང་རྒྱུ་ཆའི་ཐད་ནས་ཞི་རྒྱས་དབང་དྲག་གི་མཚོན་དོན་ཡོད་དེ། ཞི་བར་དངུལ་སོགས་དཀར་པོ། རྒྱས་པར་གསེར་སོགས་སེར་པོ། དབང་ལ་ཟངས་སོགས་དམར་པོ། དྲག་པོར་ལྕགས་སོགས་ནག་པོའི་སྣོད་དགོས་པར་བཞེད། མར་ཁུ་མ་བླུགས་པའི་སྔོན་དུ་མཆོད་རྐོང་རྣམས་དབྱར་དུས་ཉི་མར་ལྡེ་བ། དགུན་དུས་ཐབ་ཀའི་སྟེང་དུ་བཞག་སྟེ་རས་ཀྱིས་གཙང་མར་ཕྱིས་རྗེས། དེའི་ནང་དུ་མཁན་པ་སོགས་རྩི་ཤིང་སྦོམ་ཕྲ་རན་པར་བྱས་ཏེ། རྩ་བ་བརྟན་ལ་དྲང་ཞིང་རྩེ་མོ་ཕྲ་བ་ལ་སྲིང་བལ་སྦོམ་ཕྲ་རན་པར་དཀྲིས། དེའི་རྗེས་ཁ་རླངས་མི་ཕོག་པའི་སྟེགས་མཐོ་ཞིང་ངོས་མཉམ་པོར་མཆོད་རྐོང་བཤམས་ཏེ་རེ་རེའི་ནང་ལ་བཀང་ཆེ་སྟེ་ཕྱིར་འཕོ་བ་མིན་ཞིང་ཉུང་བ་དམའ་ཆེ་བའང་མིན་པའི་མར་ཁུ་རན་པར་ལྡུག་གོ །དེ་ལས་ལྡོག་སྟེ། སྣོད་གཙང་མར་མ་ཕྱིས་པས་ཕྱི་མར་གཟུགས་མི་སྡུག་པར་སྐྱེ། སེར་སྣ་ཤོར་བས་ཡི་དྭགས་སུ་སྐྱེ། མར་ཁུ་རུལ་སྙིགས་དང་ས་རྡུལ་གྱིས་སྦགས་པས་དུད་འགྲོར་སྐྱེ་བར་འགྱུར་རོ། །མར་མེ་དངོས་སུ་འབུལ་དུས་ངག་ཏུ། མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །མུན་པའི་བསྐལ་བ་ཡོངས་སུ་བསལ་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་
ཤོག །ཅེས་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་མར་མེ་འབུལ་བའི་སྨོན་ཚིག་སོགས་བརྗོད་པ་དང་། དངོས་སུ་བཤམས་པའི་མཆོད་པ་འདི་ལས་འཕེལ་ཏེ་ཡིད་སྤྲུལ་ལམ་བློས་བསླངས་ཆེན་པོས་འོད་ཀྱི་སྣང་བ་འདིས་ནི། སྲིད་པའི་རྩེ་མོ་མན་ཆད་ནས་དམྱལ་བ་མནར་མེད་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་མ་རིག་པའི་རྨོངས་མུན་ལས་བསལ་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག་ཅེས་མཆོད་སྤྲིན་བླ་མེད་དུ་སྤྲོ་བའོ། །

               གཉིས་པ། གློག་མཆོད་འབུལ་བའི་དགེ་མཚན་བྱེ་བྲག་ཏུ་བརྗོད་པ།

  དེང་སྐབས་རོང་འབྲོག་གི་ས་ཁུལ་ཕལ་ཆེ་བ་དང་། དགོན་པ་དང་སྔགས་ཁང་ཆེ་མ་ཆུང་གསུམ་ཀུན་ལ་གློག་འཐེན་ཡོད་པས་བྱ་བ་དང་འཚོ་བ་གང་ཅིའི་ཐད་ལ་སྔ་ན་མེད་པའི་སྟབས་བདེར་སོང་ཞིང་། དེ་མིན་གློག་གི་སྤྱོད་སྒོ་སྣ་ཚོགས་ལས་ཁྱིམ་ལ་བརྙན་འཕྲིན་དང་། འཁྱག་སྒམ། འཁྲུད་ཆས། གློག་ཐབ། གློག་གདན་སོགས་ཅ་ལག་སྣ་མང་ཞིང་ཕུན་སུམ་ཚོགས་པར་གྱུར། དེ་ལྟར་དུ། དགོན་པ་མང་ཤོས་ཤིག་གིས་ཚོགས་ཆེན་འདུ་ཁང་དང་ལྷ་ཁང་སོགས་རྟེན་གསུམ་བཞུགས་པའི་གཙུག་ལག་ཁང་ཆེན་གྱི་བ་གམ་མཐོ་ཞིང་རྒྱ་ཕིབས་མངོན་པར་བརྗིད་པ་ལ། གློག་ཞུན་ཁ་དོག་སྣ་ཚོགས་གཅིག་འཕྲོར་གཅིག་མཐུད་པའི་བཀོད་པས་སྤྲས་པ་མཚན་གྱི་ཆར་ཁང་བའི་བཟོ་དབྱིབས་ཇི་ལྟ་བ་བཞིན་མངོན་པར་གསལ་ཞིང་མདངས་བཀྲ་བ་དང་། གཙུག་ལག་ཁང་གི་ནང་དུའང་གློག་གི་མཛེས་རྒྱན་གྱིས་ཕྱུག་པས་ཉིན་མོ་ལས་ཀྱང་གཟི་བྱིན་ཆེས་ཆེར་འབར། དེ་བཞིན་དུ་ཉི་ཟླ་སྐར་གསུམ་དང་ནོར་བུ། པདྨའི་དབྱིབས་སུ་བྱས་པའི་གློག་མཆོད་མདངས་མཛེས་ཤིང་སྤུས་གཙང་དུ་བཀྲམས་པ་སོགས་གློག་ལ་བརྟེན་ནས་རྟེན་དང་བརྟེན་པ་མཛེས་པར་བརྒྱན་པ་དག་ལས་ཀྱང་གློག་གི་མཐུན་རྐྱེན་ཀུན་ནས་འཛོམས་ཡོད་པ་ཤེས་ནུས་སོ། །དེས་ན། མཆོད་མེའང་གློག་མཆོད་ཀྱི་རྣམ་པར་བསྒྱུར་ན་རྒྱུ་གཙང་བས་ཟག་ཆོས་སུ་མི་འགྲོ་བ་དང་། དྲི་ངན་དང་དུ་བའི་གནོད་པ་མེད་པ། ཁོར་ཡུག་སྲུང་སྐྱོང་ལ་ཕན་པ། དགེ་བ་སྟོབས་ཆེ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པས། དེ་དག་རིམ་པར་བརྗོད་ན།
               
               གཅིག རྒྱུ་གཙང་བས་ཟག་ཆོས་ཀྱི་ལས་སུ་མི་འགྲོ་བ།
  མར་མེ་འབུལ་བའི་མཆོད་པ་འདི་རང་རེའི་བོད་ལ་བསྟན་པའི་སྲོལ་ཕྱེ་བ་ནས་དར་བར་ངེས་ལ། དེ་ནས་བརྩིས་པའི་ད་ལྟའི་བར་དུ་གཙུག་ལག་ཁང་མང་པོར་མར་དང་འབྲུ་མར་གྱི་རྒྱུ་ལས་བྱས་པའི་མར་མེ་གྲངས་མེད་ཀྱིས་མཆོད་པ་ཕུལ་ཡོད། མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས། འདུས་ཚོགས་ལ་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་རྣམ་པར་ཕྱེས་ཏེ། མར་ཁལ་བརྒྱད་སྟོང་བརྒྱད་བརྒྱ་ང་གཉིས་ཉག་བཅུ་བདུན་སྤོར་ཕྱེད་གསུམ་སྦྱིན།ཞེས་པ་ལྟར་མར་ནི་རང་རེའི་བོད་པའི་མེད་མི་རུང་བའི་བཟའ་བ་གལ་ཆེན་ཞིག་ཡིན་པར་མ་ཟད། མར་མེ་འབུལ་བའི་རྒྱུའི་ཞུན་དུའང་འགྲོ་བས་བོད་མདོ་དབུས་ཁམས་གསུམ་གྱི་དགོན་པ་ཆེ་མ་ཆུང་གསུམ་དང་། བོད་མིའི་ཁྱིམ་གྱི་མཆོད་ཁང་སོགས་སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་ནང་བའི་དུས་བཟང་ཁག་དང་། བླ་མའི་དགོངས་རྫོགས། སྟོང་མཆོད་འཛུགས་པ། སྨྱུང་གནས་སྟོང་དཀར།གཤིན་པོའི་འདས་མཆོད་སོགས་
ཅི་བྱེད་ཀྱི་དགེ་དོན་ལེགས་ལམ་དུ་འགྲོ་བར་མཆོད་རྐོང་ཆུང་ངུ་དང་མཚན་ཐུབ། ཡང་ན་མར་མེ་ཚེ་འབར། དེ་ལྟར་དུ་ཟླ་འཁྱོངས་ལོ་འཁྱོངས་ཀྱིས་མཆོད་མེ་འབུལ་བའི་རྒྱུ་ནི་མར་ཞུན་གཅིག་པུའི་ངོས་ནས་སྲང་དུ་བཅལ་ཀྱང་དེའི་བསྡོམས་རྩིས་ལོན་དཀའ་བས་ན། རང་རེའི་འཚོ་རྟེན་གྱི་ཕྱུགས་ཟོག་དྲིན་ཆེན་འབྲི་དང་མཛོ་མོས་བཙས་པའི་བེའུའི་ཁ་འཕྲོག་པ་དང་ཁ་འཕྲོག་པར་རྐྱེན་བྱས་ཏེ་ཤི་བའང་མང་བས། འཚེ་སྤྱོད་སྡིག་ལས་དེའི་ཉེས་པའང་དོན་མེད་དུ་ཆུད་མི་ཟ་བར་མི་དགེ་བའི་ལས་སུ་བསགས། དེ་མིན། སྤྱིར་རྒྱུན་འབུལ་གྱི་མཆོད་མེ་ནི་མཚན་མོར་ཕུལ་བ་ཡིན་པས། དབྱར་དུས་རང་རེའི་མཐོ་སྒང་གི་གནམ་གཤིས་ལེགས་སྟབས་འབའ་འབུ་མང་པོ་ས་ཁར་བུད་དེ་གང་བདེར་འཚོ་བ་ལས། གཤོག་ཐོགས་ཅན་གྱི་ཕྱེ་མ་ལེབ་ལྟ་བུ་ཆེད་དུ་འོད་ལ་སྙེག་ཅིང་དེར་ལྡིང་འཁོར་བྱས་པའི་མཐར་གཤོག་པ་མེར་བསྲེགས་པ་དང་སྲོག་དབུགས་འགགས་ཏེ་ཤི་བའི་རོ་མཆོད་མེའི་མཐའ་
འཁོར་དུ་སྤུངས་ཏེ་མཆིས་སོ། །དེ་ནི་རང་གིས་བྱས་པ་མིན་པས་ཕྱེ་ལེབ་མེ་ལ་ལྕེབས་པར་སྣང་དོགས་ཆེར་མི་བྱེད་པ་དང་ཡང་ན་ཁོ་ཚོ་རང་ལ་ལན་པའི་སྡུག་གྱོང་དུ་ལྟ་བ་ནི། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་པ་ལྟར། མ་གཞིར་རང་གིས་མཁའ་མཉམ་སེམས་ཅན་ཐམས་ཅད་མ་རིག་པའི་རྨོངས་པ་ལས་བྱས་པའི་སྡུག་བསྔལ་གྱི་མུན་པ་ཡོངས་སུ་བསལ་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱ་བར་བཏབ་པའི་རྒྱ་ཆེའི་སྨོན་ལམ་དང་འགལ་ཞིང་། རྒྱུད་ལ་སྙིང་རྗེ་སྐྱེ་བའི་འགལ་རྐྱེན་དང་ལོག་ལྟའི་ཉེས་དམིགས་འབྱིན་པའི་རྐྱེན་གྲོགས་ངན་པར་འགྲོ་བས་ཉེས་པའི་ཁ་སྣོན་དུ་སོང་བའི་ཟག་བཅས་ཀྱི་ལས་འདི་འདྲ་འགོག་པའི་ཐབས་དམ་པ་ནི་གློག་མཆོད་འབུལ་བ་འདི་ཉིད་ཡིན་པར་མཐོང་ངོ་། །

              གཉིས། དྲི་ངན་དང་དུ་བའི་གནོད་པ་མེད་པ།
  ནང་བའི་བསྟན་པ་རིན་པོ་ཆེ་བོད་དུ་དར་བ་ནས་དེ་ལ་མཆོད་གཞིའི་གཙུག་ལག་ཁང་དང་ལྷ་ཁང་བཞེངས་པ་བགྲང་གིས་མི་ལང་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་དུ་ར་མོ་ཆེ་གཙུག་ལག་ཁང་དང་ལྷ་ལྡན་འཕྲུལ་གྱི་གཙུག་ལག་ཁང་སོགས་དང་། ཁྲི་སྲོང་ལྡེ་བཙན་གྱི་རིང་དུ་བསམ་ཡས་གཙུག་ལག་ཁང་སོགས་བཙན་པོའི་དུས་སྐབས་ཀྱི་གཙུག་ལག་ཁང་གིས་མཚོན་དུས་ཕྱིས་ཀྱི་བསྟན་པ་ཕྱི་དར་ནས་ཡང་དར་དང་། ཡང་དར་ནས་ད་ལྟའི་བར་དུ་བོད་མདོ་དབུས་ཁམས་གསུམ་དུ་གཙུག་ལག་ཁང་ངམ་དགོན་པ་གྲངས་ཀྱིས་མི་ཟིན་པ་བཏབ། དེ་ལས་ལ་ལ་ཞིག་འབྱུང་བཞིའི་ཁམས་སུ་ཡོངས་སུ་ཐིམ། ལ་ལ་ཞིག་ཉམས་ཆག་གི་གནས་སུ་གྱར་མོད། གང་ལྟར་གཙུག་ལག་ཁང་ངམ་དགོན་པ་བྱུང་བ་ནས་ལྷ་སྐུ་རྟེན་གསུམ་དང་། ལྡེབས་བྲིས་སམ་ཞལ་ཐང་ཡང་ཕལ་ཆེར་དུས་མཉམ་དུ་བྱུང་། བོད་ཀྱི་བཟོ་རིག་པའི་ལག་རྩལ་གྱི་བྱང་ཚད་དང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་དགོན་པའི་བཞེངས་སྐྲུན་ལས་མངོན་པར་མཚོན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་བསམ་ཡས་གཙུག་ལག་ཁང་བཞེངས་པ་ལ་འོག་ཁང་བོད་ལུགས་དང་། བར་ཁང་རྒྱ་ནག་གི་ལུགས། སྟེང་ཁང་རྒྱ་གར་གྱི་ལུགས་སུ་བྱས་ཤིང་། ནང་བཞུགས་ཀྱི་སྐུ་རྟེན་དང་ལྡེབས་རིས་ཀྱང་སོ་སོའི་ལུགས་སུ་བཞེངས་ཏེ། རྒྱུ་རྡོ་ལས་བྱས་པའི་བཟོ་ནི་བོད་ལུགས་དང་། ལྡེར་བཟོ་རྒྱུ་བ་མེན་གྱི་ཀོ་བའི་བཟོ་ནི་རྒྱ་ནག་གི་ལུགས།ལྡེར་བཟོ་རྒྱུ་རས་དང་འཇག་མའི་བཟོ་ནི་རྒྱ་གར་གྱི་ལུགས་ཞེས་རྦ་བཞེད་དུ་གསུངས། དེ་ལྟར་དུ་བོད་ལ་མི་རིགས་གཞན་གྱི་བཟོའི་ལག་རྩལ་དར་ཞིང་གསེར་དངུལ་ཟངས་ལྕགས་དང་། ཤིང་འཇིམ་རྡོ་སོགས་རྒྱུར་བྱས་པའི་བཟོ་རྩལ་འཕེལ།དེ་དག་ལས་དགོན་པའི་ཚོགས་ཆེན་འདུ་ཁང་དང་ལྷ་ཁང་གི་གྱང་ངོས་ལྡེབས་རིས་ཀྱི་སྐོར་ཁོལ་དུ་ཕྱུང་སྟེ་གླེང་ན། བོད་ཀྱི་རིག་གནས་བྱུང་འཕེལ་ལོ་རྒྱུས་སུ། ལྡེབས་རིས་ཀྱི་ནང་དོན་ལ། ༡ ཆོས་ལུགས་ཀྱི་ནང་དོན་གཙོར་སྟོན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་དང་། རྒྱན་དྲུག་མཆོག་གཉིས། འཇམ་པའི་དབྱངས། རྒྱལ་ཆེན་རིགས་བཞི། སྒྲོལ་མ། ཆོས་སྐྱོང་སོགས་ནང་བའི་ལྷ་ཚོགས་བཀོད་པ་ལྟ་བུ། ༢ ལྡེབས་རིས་ཀྱིས་དད་པ་བསྐྱེད་ཅིང་ཆོས་ཀྱི་དགོངས་དོན་སྒྲོག་པ་སྟེ། སྟོན་པའི་མཛད་པ་བཅུ་གཉིས་མུ་འབྲེལ་དུ་བཀོད་པའི་རྣམ་ཐར་དང་། གཞན་ས་དགེ་ཀར་རྙིང་གི་གྲུབ་མཐའི་སྲོལ་གཏོད་རྣམས་ཀྱི་རྣམ་ཐར་ལྡེབས་རིས་ལྟ་བུ། ༣ ཆོས་དང་འབྲེལ་བའི་ལོ་རྒྱུས་ཀྱི་མི་སྣ་དང་ལོ་རྒྱུས་དོན་རྐྱེན་མཚོན་པ་སྟེ། རྒྱལ་དབང་ལྔ་བ་ཆེན་མོ་དང་ཆིང་གོང་མ་ཧྲུན་ཀྲི་གཉིས་ཞལ་མཇལ་བའི་འདྲ་རིས་ལྟ་བུ། ༤ སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཆོས་དགོངས་མཚོན་པ་སྟེ། སྟག་མོ་ལུས་སྦྱིན་སོགས་སངས་
རྒྱས་ཀྱི་སྐྱེས་རབས་བཀོད་པ་ལྟ་བུ། ༥ དཔེ་རིས་ཀྱི་ལམ་ནས་ཆོས་ཀྱི་དགོངས་དོན་མཚོན་པ་སྟེ། འགྲོ་བ་རིགས་དྲུག་གི་འཁོར་ཚུལ་དང་སྐྱེ་རྒ་ན་འཆིའི་དཔེ་རིས་ལྟ་བུ། ༦ གྲྭ་བའི་འཚོ་བ་དང་། ཆོས་ལུགས་ཀྱི་བྱེད་སྒོ། བོད་མིའི་དུས་སྟོན་སོགས་མཚོན་པ་སྟེ། བསམ་ཡས་གཙུག་ལག་ཁང་གི་འགྲུབ་སྟོན་གྱི་ལྡེབས་རིས་དབུ་རྩེའི་སྒོ་རྒྱབ་བྱང་ངོས་ན་བྲིས་ནས་ཡོད་དོ་ཞེས་རྦ་བཞེད་དུ་གསུངས་པ་ལྟ་བུ། ༧ ས་དབྱིབས་ཆགས་ལུགས་མཚོན་པ་སྟེ། རྒྱ་ནག་རི་བོ་རྩེ་ལྔའི་དགོན་པ་རེ་རེའི་གནས་ཚུལ་དང་སའི་ཆགས་དབྱིབས་བཀོད་པ་ལྟ་བུ་སྟེ། བོད་ཀྱི་ལྡེབས་རིས་འདི་དག་ལ། ནང་དོན་གྱི་ཆ་ནས་ནང་དོན་རིག་པ་གཙོར་བྱས་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྩ་ལག་ཐམས་ཅད་འདུས་ཤིང་། ཆེ་རྒུའི་གཙུག་རྒྱན་དུ་བཀོད་པའི་ཆོས་སྲིད་ཀྱི་བདག་པོའི་རྣམ་ཐར་སོགས་འདུས་པ། ཐབས་ཀྱི་ཆ་ནས་ཚོན་མདངས་སྣ་ཚོགས་བགོས་པའི་རི་མོའི་ལམ་ནས་དེ་དག་ཉར་ཅིང་དྲིལ་སྒྲོག་པ། རྣམ་པའི་ཆ་ནས་
བཟོའི་ལག་རྩལ་གྱི་བྱང་ཚད་མཐོན་པོར་བསླེབས་ཏེ་ཐང་གའི་སྒྱུ་རྩལ་དར་བའི་རྩེར་སོན་པ། དགོས་པའི་ཆ་ནས་དད་པའི་བྱིན་རླབས་ཀྱི་མེ་འོད་སྒྲོན་པ་དང་འདས་ཟིན་གྱི་ལོ་རྒྱུས་མཐོང་བའི་མེ་ལོང་དུ་གྱུར་པའོ། །ལྡེབས་རིས་གཅིག་པུའི་ངོས་ལའང་འདི་ལྟ་བུའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་། དེབ་ཐེར་དཀར་པོ་རུ། དམར་པོ་རིའི་ཕོ་བྲང་གི་དབྱིབས་བཀོད་ཞིབ་ཙམ་ཞིག་རྒྱལ་པོའི་བཀའ་འབུམ་དུ་ཡང་གསལ་ལ། ད་ལྟ་སྔོན་གྱི་ཕོ་བྲང་དེའི་དཔེ་རིས་ཁུངས་དག་ཅིག་རྙེད་པ་ནི། རྩེ་ཕོ་བྲང་ཤར་ཁྱམས་ཀྱི་ལྡེབས་རིས་འདི་ཡིན་ཏེ་གོང་ས་ལྔ་པའི་ལྷ་ལྡན་དཀར་ཆག་ཏུ་གཙུག་ལག་ཁང་ན་དཔེ་རིས་རྙིང་པ་དེ་ཡོད་པར་གསུངས་པ་དེང་སང་དུད་དྲེགས་ཆགས་པས་མི་གསལ་མོད། དེ་དུས་མཐོང་ནས་དེ་ལ་ཕྱི་མོ་བྱས་པར་ངེས་སོ། ། ཞེས་པ་ལྟར་མེས་པོ་གོང་མ་རྣམས་ཀྱིས་ལྡེབས་རིས་ཀྱི་ལམ་ནས་བཞག་པའི་རིག་གནས་སམ་ལོ་རྒྱུས་གང་དག་སྲུང་སྐྱོང་ལེགས་པར་མ་ཐོན་པར་བརླགས་པ་ཕྱི་རབས་པ་ལ་ཤིན་ཏུ་ཕངས་པའི་གནས་སུ་མཆིས། དེས་ན། བོད་ཀྱི་མར་མེ་འབུལ་བའི་ཚབ་གློག་མཆོད་དབུལ་ན་ལྡེབས་རིས་ཙམ་དུ་མ་ཟད། དགོན་པའི་འདུ་ཁང་སོགས་ཀྱི་ཀ་བ་གདུང་ལྕམ་ལ་དུད་པས་མ་བསྣོགས་པས་རྙིང་མི་སླ་བ། དྲ་བ་དྲ་ཕྱེད་དང་རྒྱལ་མཚན། བླ་བྲེ། ཀ་འཕན་སོགས་དུད་རྡུལ་མ་གོས་པས་ངོས་གཙང་བ། སྟོན་པ་སོགས་ཀྱི་གཟུགས་སྐུ་གསེར་དངུལ་གྱིས་བྱས་པའི་མདངས་མི་འགེབས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་པའི་རང་འོད་མི་ཉམས་པར་ཕན་ཚབས་ཆེ་བ་གང་དག་ཞིབ་ཏུ་མི་བརྗོད་དོ། །དེ་ལྟར་དུ་མཆོད་མེའི་བཞུ་རྒྱུ་དང་སྡོང་བུ་སོགས་མ་ལེགས་པ་དང་མི་གཙང་བའི་རྒྱུ་མཚན་གྱིས་དྲི་ངན་འཐུལ་བ་ཆེས་ཆེར་མི་རུང་སྟེ། གུང་ཐང་བསྟན་པའི་སྒྲོན་མེའི་སྨྱུང་གནས་ཀྱི་ལག་ལེན་བླང་དོར་བཤད་པ་རུ། སྒོག་སྐྱ་དང་ཀུན་དོང་། ཀེའུ་ཟོས་པ་གཙུག་ལག་ཁང་དུ་འཇུག་པར་མི་བྱ་སྟེ། དེ་ནི་དྲི་ངན་པ་ཙམ་མ་ཡིན་པར་འདི་ཕྱི་ཀུན་ལ་གནོད་པའི་ཉེས་དམིགས་མང་པོ་ཡོད་དེ། ཉོན་མོངས་པ་དུག་ལྔ་མེ་ལྟར་མཆེད། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལད། དཀར་ཕྱོགས་ཀྱི་ལྷ་རྣམས་མནོལ། ནད་གདོན་ཀུན་གྱི་སྣ་འདྲེན་པའི་ཉེས་དམིགས་ཤིན་ཏུ་མང་། ཞེས་པ་ལྟར། དྲི་ངན་ཞེས་འཛེམ་པ་སྣར་མི་ཞིམ་པ་ཙམ་ལ་གོ་བ་མིན་ལ་དྲི་བཟང་ཡང་སྣར་ཞིམ་པ་ཙམ་དུ་བལྟ་བ་མིན་པར་དེ་དག་ལས་རང་གི་ལུས་སེམས་ལ་དགེ་མི་དགེ་བསྐྱེད་པས་དགོན་པ་དང་གཙུག་ལག་ཁང་དུ་དྲི་ངན་འཐུལ་བ་ནི་མཐའ་གཅིག་ཏུ་མི་རུང་། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་སུའང་། གནདྷོ་ལ་དང་དྲི་གཙང་ཁང་། །ཀུན་དགའ་ར་བ་གཙུག་ལག་ཁང་། །འདུ་ཁང་དཀོན་མཆོག་ཕོ་བྲང་མིང་། །ཞེས་དགོན་པའི་མཚན་གྱི་རྣམ་
གྲངས་སུ་བཏགས་པས་ཀྱང་གོ དེ་བས་ན་མཆོད་པར་བྱ་བའི་ཡུལ་ལ་མར་རྙིང་ཁ་ཚ་སྣ་ཚ་ཅན་དང་སྡོང་བུར་བྱས་པའི་རྩི་ཤིང་དྲི་ངན་ཅན་སོགས་གྱ་ཚོམ་དུ་འབུལ་བའི་ཉེས་དམིགས་འགོག་པ་ལའང་གློག་མཆོད་ལེགས་
སོ། །

               གསུམ། ཁོར་ཡུག་སྲུང་སྐྱོང་ལ་ཕན་པ།
  ད་ལྟའི་འཛམ་གླིང་འདི་ལ་བརྡ་འཕྲིན་གྱི་དུས་རབས་དང་།ཤེས་རིག་དཔལ་འབྱོར་གྱི་དུས་རབས།ཚོང་ལས་ཅན་གྱི་དུས་རབས་སམ་ཡང་ན་འགྲན་རྩོད་ཀྱི་དུས་རབས་ཞེས་འབོད་ཅིང་། བཟོ་ལས་དང་ཚན་རྩལ་གྱི་འཕེལ་རྒྱས་ལས་མིའི་རིགས་ཀྱི་འཚོ་ཐབས་དང་འདུ་ཤེས་ལ་འགྱུར་བ་ཆེན་པོ་ཐེབས་ཏེ། ནགས་ཚལ་བཞིན་འཁྲིགས་པའི་ཁང་བརྩེགས་ཀྱི་གྲོང་ཁྱེར་དང་གྲོག་ཚང་བཞིན་བརྡོལ་བའི་མི་གྲངས་ཀྱི་འཕེལ་འགྱུར། བང་མཛོད་བཞིན་འབྱེད་པའི་སྣ་མང་གི་ཐོན་ཁུངས་སོགས་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་སྐོང་བཞིན་མོད། འོན་ཀྱང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་འདི་ཉིད་འདུལ་བའི་ཡུལ་དུ་ལྟ་བ་ལས་འཆམ་མཐུན་དང་སྲུང་སྐྱོང་གི་འདུ་ཤེས་སྐྱེས་པ་དཀོན་པས། ད་ལྟའི་དུས་ན་ཁོར་ཡུག་གནད་དོན་ཞེས་མིའི་རིགས་སྔར་ན་མེད་པའི་དངངས་སྐྲག་སྐྱེས་པའི་ཡུལ་དུ་གྱུར་ཅིང་འབྱུང་བཞིའི་འཇིགས་པ་རེ་རེའི་མདུན་དུ། གཟོད་མིའི་
རིགས་ཀྱིས་བརྒྱུད་ཟིན་པའི་ལོ་རྒྱུས་ཀྱི་ལམ་བུ་ལ་ཕྱིར་རྟོག་ཆེན་པོས་རང་ཉིད་ནི་རང་བྱུང་ཁམས་ཆེན་མོའི་མདུན་དུ་ཆེས་ཆེར་ཉམ་ཆུང་བའི་སྲོག་ཆགས་ཤིག་ཡིན་པར་རྟོགས་སྟབས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཁོར་ཡུག་གི་གནད་དོན་དག་སེལ་དང་སྐྱེ་ཁམས་སྲུང་སྐྱོང་ཐད་མ་དངུལ་འབོར་ཆེན་གཏོང་ཞིང་ཁྲིམས་སུ་བཅའ་བ། སྲིད་ཇུས་སུ་སྤེལ་བ་སོགས་ཐབས་ཤེས་སྣ་ཚོགས་བཏོན། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་དང་དྲན་གསོའི་ཉིན་མོ་ཁག་ཅིག་ཀྱང་གཏན་ཁེལ་པ་སྟེ། རྒྱལ་སྤྱིའི་བརླན་སའི་ཉིན་མོ།(སྤྱི་ཟླ༢པའི་ཚེས༢ཉིན།)འཛམ་གླིང་ཆུའི་ཉིན་མོ།(སྤྱི་ཟླ༣པའི་ཚེས༢༢ཉིན།) འཛམ་གླིང་ས་དཀྱིལ་ཉིན་མོ།(སྤྱི་ཟླ༤བའི་ཚེས༢༢ཉིན།)འཛམ་གླིང་ཐང་རྒོད་འགོག་བཅོས་ཉིན་མོ།(སྤྱི་ཟླ༦པའི་ཚེས༡༧ཉིན།)འཛམ་གླིང་མི་འབོར་ཉིན་མོ།(སྤྱི་ཟླ༧པའི་ཚེས༡༡ཉིན།)འཛམ་གླིང་སྲོག་ཆགས་ཉིན་མོ།(སྤྱི་ཟླ༡༠བའི་ཚེས༤ཉིན།)རྒྱལ་སྤྱིའི་སྐྱེ་དངོས་ཉིན་མོ། (སྤྱི་ཟླ༡༢པའི་ཚེས༢༩ཉིན།)འཛམ་གླིང་གནམ་གཤིས་ཉིན་མོ།(སྤྱི་ཟླ༣པའི་ཚེས༢༣ཉིན།)འཛམ་གླིང་དུ་མེད་ཉིན་མོ།(སྤྱི་ཟླ༥བའི་ཚེས༣༡ཉིན།) འཛམ་གླིང་ཁོར་ཡུག་ཉིན་མོ།(སྤྱི་ཟླ༦པའི་ཚེས༥ཉིན།)ཀྲུང་གོའི་ས་ཞིང་ཉིན་མོ།(སྤྱི་ཟླ༦པའི་ཚེས༢༥ཉིན།)དཀུ་དབྱང་རིམ་པར་སྲུང་སྐྱོབ་ཉིན་མོ།(སྤྱི་ཟླ༩བའི་ཚེས༡༦ཉིན།)འཛམ་གླིང་ཟས་ཀྱི་ཉིན་མོ།(སྤྱི་ཟླ༡༠བའི་ཚེས༡༦ཉིན།)འཛམ་གླིང་གཙང་སྦྲའི་ཉིན་མོ།(ལོ་རེའི་སྤྱི་ཟླ༩བའི་གཟའ་འཁོར་གསུམ་པའི་གཟའ་པ་སངས་ནས་ཉི་མའི་བར།)བཅས་སོ། ། དེ་ལྟར་དུ། རང་རེའི་རྒྱལ་ཁབ་ཀྱང་ཁོར་ཡུག་གནད་དོན་ཚབས་ཆེ་བའི་གྲས་སུ་གཏོགས་ཏེ། སྤྱིར་ཁོར་ཡུག་གནད་དོན་ལ་འཛམ་གླིང་གི་གནམ་གཤིས་ཇེ་དྲོད་དུ་འགྲོ་བ། དཀུ་དབྱང་རིམ་པར་གཏོར་བཤིག་ཐེབས་པ། སྐྱེ་དངོས་ཀྱི་རྣམ་གྲངས་ཇེ་ཉུངས་སུ་འབྲིད་པ། ས་ཞིང་ཐང་རྒོད་ཅན་དུ་འགྱུར་བ། ནགས་ཚལ་ལ་གཏོར་བཤིག་ཐེབས་པ། ཆུ་ལ་བཙོག་སྐྱོན་ཐེབས་པ། ཆར་སྐྱུར་འབབ་པ་སོགས་ངན་ལྟས་སྣ་ཚོགས་ཀྱི་རང་བྱུང་གི་འཇིགས་པ་བདུད་དུ་ཆེ་བ་དུ་མ་རིམ་པར་བྱུང་དང་འབྱུང་བཞིན་པས། རང་རྒྱལ་གྱིས་སྤྱི་ལོ༡༩༨༩ལོའི་ཟླ༡༢པའི་ཚེས༢༦ཉིན་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་
ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཡོངས་སུ་བསྒྲགས་པ་ནས་རིམ་བཞིན་སྤྱི་ནས་བྱེ་བྲག་ཏུ་བབས། ཡིག་ཆ་ནས་སྲིད་ཇུས་སུ་བསྒྱུར། ཁ་བཤད་ནས་ལག་ལེན་ཏུ་བཏབ་སྟེ། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་པའི་སྤྱིའི་སྒྲིག་བཀོད་ནི་གནས་ལྔ་གཞི་གཅིག་ཅན་ཡིན་ཞིང་། དེ་ལས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་འབུར་དུ་བཏོན་པ་སྟེ། དེ་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་འབྱུང་འགྱུར་ལ་རག་ལས་པས་ཡིན། ཐོན་ཁུངས་མང་པོ་ཚར་ལ་ཉེ་བ་དང་། ཁོར་ཡུག་བཙོག་སྐྱོན་ཚབས་ཆེ་བ། སྐྱེ་ཁམས་མ་ལག་འཐུས་མི་ཚང་བའི་གནས་སྟངས་སྐྱ་བོར་གདོང་གཏོད་དུས། ངེས་པར་དུ་རང་བྱུང་ཁམས་ལ་བཀུར་ཅིང་བསྟུན་པ། རང་བྱུང་ཁམས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་སྤེལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཙོ་བོར་བཟུང་བ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་ཟུང་དུ་སྦྲེལ་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་པ་དང་།ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་མངོན་དུ་བསྒྱུར་པ་དམིགས་འབེན་ཡིན་པས་ན། བོད་རྒྱ་ཚིག་མཛོད་ཆེན་མོ་རུ། འབྲུ་མར་ནི་ཡུངས་ཀར་ནག་སོགས་འབྲུ་བཙིར་བ་ལས་བྱུང་བའི་མར། ཞེས་པ་ལྟར་རྩི་ཤིང་དྲི་བཟང་བ་ཕལ་མོ་ཆེ་འབྲུ་མར་གྱི་རྒྱུ་རུ་འགྲོ་བར་བཤད། ད་ལྟ་དམངས་ཀྱི་དཔལ་འབྱོར་ཡོང་འབབ་ཇེ་ལེགས་སུ་ཕྱིན་པ་དང་ཁྱིམ་གྱི་མཆོད་ཁང་། སྡེ་བའི་མ་ཎི་ཁང་།ཡུལ་ཕྱོགས་ཀྱི་དགོན་པ་སོགས་སུ་མར་མེ་འབུལ་བའི་སྟོབས་ཇེ་ཆེ་དང་གྲངས་ཇེ་མང་དུ་འགྲོ་བཞིན་པ་དང་། འབྲུ་མར་གྱི་རྒྱུར་གྱུར་པའི་རི་སྐྱེས་ཀྱི་རྩི་ཤིང་མང་པོ་སྡེབ་འབྲེག་གིས་རི་ཀླུང་སྐྱ་ཐལ་ཏུ་བཏང་བ་ཚབས་ཆེ་བས། དེར་གནས་ཀྱི་འཕྱི་བ་དང་ཝ། གནའ། གླ་བ། རྟ་ནོར་ལུག་གསུམ་སོགས་བཅུད་ཀྱི་སེམས་ཅན་མཐའ་དག་ཚར་ལ་ཉེ་ཞིང་། ཆར་ཆུ་དུས་སུ་མི་འབབ་པ། རླུང་ཚད་ཆེ་རུ་འགྲོ་བ།ཤྭ་འོད་བརྡོལ་བ། རི་ཉིལ་བ། ས་ཆད་པ་སོགས་སྣོད་ཀྱི་གྲ་ཉམས་ཤིང་གྲུ་ཆག་པས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་གི་ཁྱད་ཆོས་ཏེ། སྣོད་བཅུད་ལ་ངན་སྦྱོར་གྱིས་གནོད་པ་གཏོང་སླ་ཡང་སླར་མྱུར་ཐབས་ཀྱིས་བསྐྱབས་ཏེ་སོས་དཀའ་བའི་ཁོར་ཡུག་གི་གནད་དོན་འབྱུང་བཞིན་ནོ། །
  དེ་བས་ན། རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལ་མཐུན་ཞིང་དེའི་རམ་འདེགས་སུ་འགྲོ་བར་འབྲུ་མར་ལས་ཀྱང་གློག་མཆོད་འབུལ་བ་གལ་ཆེ། བོད་ཀྱི་དགོན་པའི་བཅའ་ཡིག་ཁག་དང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཡིག་ཡིད་བཞིན་ནོར་བུའི་བང་མཛོད། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་སོགས་སུའང་སྣོད་བཅུད་སྲུང་བ། སྐྱེ་ཤིང་འཛུགས་པ། རི་རྒྱ་ཀླུང་རྒྱ་བསྡམས་པ། སྣོད་བཅུད་ཀྱི་དཔལ་ལ་བསྟོད་པ་ལྟ་བུས་མཚོན་དམངས་ཀྱི་འཚོ་བའི་འགྲོ་འདུག་སྤྱོད་གསུམ་དུའང་རི་ཆུ་ནགས་གསུམ་སྲུང་ཞིང་། དེར་གནས་ཀྱི་ལྷ་ལ་བཀུར་བའི་ཁོར་ཡུག་སྲུང་སྐྱོང་གི་སྲོལ་རྒྱུན་བཟང་པོ་རྟག་ཏུ་གནས་པ་དོན་ཐོག་ཏུ་འབེབས་ཤིང་མི་ཉམས་གོང་དུ་སྤེལ་བ་ལའང་དགེ་མཚན་བླ་ན་མ་མཆིས་སོ། །

               བཞི་བ། དགེ་བ་སྟོབས་ཆེ་བ།
  མར་མེའི་མཆོད་པ་ནི་ཡང་སྙིང་འོད་འབུལ་བ་ཡིན་ཏེ། དགེ་བཤེས་ཤེས་རབ་རྒྱ་མཚོའི་མཆོད་མེའི་སྨོན་ལམ་བྱང་ཆུབ་ལམ་བཟང་གསལ་བའི་སྣང་བ་རུ། རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་མཆོད་མེའི་སྨོན་ཚིག་གི་ཚིག་རྐང་གསུམ་པ་ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས་ཞེས་པ་ལ། ནམ་མཁའ་དང་ཁྱིམ་གྱི་ནོར་བུ་ལ་སོགས་པ་ནི་རང་གི་བསལ་བྱ་ཕྱི་རོལ་གྱི་མུན་པ་རགས་པ་སེལ་བར་བྱེད་པ་ཙམ་དུ་ཟད་ཀྱི་གཞན་མི་ནུས་ལ། འདིའི་དགེ་བས་ནང་གི་མུན་སྟུག་ཀུན་རྨོངས་མ་རིག་པའི་མུན་པའང་བསལ་ཏེ་ལྷའི་མིག་གི་མངོན་ཤེས་ལ་སོགས་པའང་འདྲེན་པར་བྱེད་པས་ན། ཕུན་ཚོགས་ཞེས་སྣང་བར་བྱེད་པ་གཞན་ལས་ཁྱད་པར་དུ་མཛད་དོ། །ཞེས་པ་དང་། འདིའི་ཕན་ཡོན་ནི། བསམ་པའི་ཁྱད་པར་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགལ་རྐྱེན་གྱིས་ལྷག་མེད་དུ་བརྫི་བར་མི་ནུས་པའི་བྱེ་བྲག་གིས་ཀྱང་ངོ་། ། ཞེས་བཀྲལ་པ་ལྟར། དངོས་སུ་བཤམས་པའི་མཆོད་པ་ལས་ཀྱང་ཡིད་ཀྱིས་སྤྲུལ་བའི་མཆོད་པ་ཟད་དུ་མེད་པ་འབུལ་བ་ནི་གལ་ཆེ་ཞིང་། དེ་ལྟར་འབུལ་བ་བས་ཀྱང་སེམས་ཀྱི་ཀུན་སློང་རྒྱ་ཆེ་ཞིང་ཡང་དག་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མ་རིག་པའི་མུན་པ་རྣམ་པར་བསལ་ཏེ་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་མཆོག་ལ་འགོད་སླད་དུ་སྨོན་ལམ་འདེབས་ཤིང་སེམས་བསྐྱེད་པ་ཤིན་ཏུ་གལ་ཆེ། དེ་ལྟར་ལགས་ཀྱང་། སོ་སོ་སྐྱེ་བོ་རྣམས་ནི་དཔྱད་སྟོབས་ཀྱིས་ཕོངས་པའི་གཞན་དབང་ཅན་ཏེ་རང་སེམས་དྲི་མེད་ཀྱི་ཆུ་བོ་ལ། ཁ་དོག་གང་གི་བྱེ་མ་བཏབ་ན་དེའི་མདོག་ཏུ་འགྱུར་ཞིང་རྣམ་རྟོག་གི་བདག་པོ་དབང་བཙན་པར་སྡོད་པ་ཡིན་པས། མར་མེའི་མཆོད་པ་སོགས་ཀྱང་དེའི་རང་བཞིན་ལས་མ་འདས་པར་འབུལ་བ་སྟེ། དེང་སང་ཚོང་བ་ལ་ལས་གཏེར་ཁུག་རླངས་འཁོར་གང་རེར་བྱས་ཏེ་མཚོ་གཏེར་འབུལ་བ་དང་། ར་མོ་ཆེར་མཆོད་ཆང་རྒྱ་མཚོ་བཞིན་བསྐྱིལ་བ། རི་མགོར་དར་ལྕོག་པ་
ཏྲ་བཞིན་འཐེན་པ་སོགས་མཐའི་ཀུན་སློང་ག་འདྲ་ཡིན་པ་མི་གསལ་མོད་ཡོད་པོས་ཡོད་མདོག་ཆེན་པོས་འབུལ་བ་མཐོང་ཐོབ། རྗེ་བཙུན་མི་ལ་རས་པས།སྤྱིར་ཡང་ཕྱི་འཁྲུལ་བ་གདོན་གྱི་བར་ཆད་ཐམས་ཅད་ནང་རྣམ་པར་རྟོག་པའི་སེམས་ཀྱི་ཉེར་ལེན་ལས་བྱུང་བ་ཡིན་ཞེས་པ་དང་། ཞེས་པ་ལྟར། རང་རེའི་དད་ལྡན་རྣམས་ཀྱིས་དགེ་བའི་ལས་སུ་འགྲོ་བའི་མཆོད་པ་བཤམ་པར་ཡོད་པོས་རང་གི་ཁེ་གྲགས་ཀྱི་དོན་དུ་ཟག་བཅས་ཀྱི་ལས་མི་གསོག་པ་དང་། མེད་པོས་དཀོན་མཆོག་ལ་མཆོད་འབུལ་ཙམ་ཡང་མི་ནུས་སྙམ་པའི་ཆོས་བྱེད་ལ་གེགས་སུ་འགྲོ་བའི་ཡི་མུག་མི་སྐྱེ་བའི་ཕྱིར། རྒྱུའི་ཞུན་མར་དང་འབྲུ་མར་ལས་བྱས་པའི་མར་མེ་ལས་གློག་མཆོད་འབུལ་བ་བཟང་སྟེ་དེ་ལ་རང་མཆོག་གཞན་སྨད་ཀྱི་མ་རིག་པའི་ཆགས་སྡང་གིས་དཀྲུགས་པའི་རྣམ་རྟོག་སོགས་མེད་པས་སོ། །གུང་ཐང་བསྟན་པའི་དབང་ཕྱུག་གིས་ཀྱང་། ཉི་ཟླའི་འོད་ལྟར་གསལ་ལ་མུན་སེལ་ཞིང་། །ཚིག་པའི་དྲི་དང་དུ་བའི་
བསྣོགས་པ་མེད། །གཙང་ཞིང་ཡིད་འོང་གློག་གི་སྒྲོན་མེ་འདི། །རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །སྟོང་གསལ་ཆོས་དབྱིངས་མཁའ་ལས་བྱུང་བ་ཡི། །དྭངས་གསལ་མ་འདྲེས་ཡེ་ཤེས་འོད་འབར་བ། །ཏིང་འཛིན་འཕྲུལ་གྱིས་བཀུགས་པའི་གློག་འོད་འདིས། །མ་རིག་འཁོར་བའི་རྩ་བ་གཞོམ་གྱུར་ཅིག །ཅེས་གློག་མཆོད་ཀྱི་དགེ་མཚན་མངོན་པར་བསྟོད་པ་བཞིན་འོད་གསལ་ཞིང་མདངས་ཕུན་སུམ་ཚོགས་པར་བཀྲ་བས་དགེ་བའི་སྟོབས་ལྡབ་འགྱུར་གྱིས་འཕེལ་ཆེའོ། །གཞན་རྗེ་བཙུན་ཤེས་རབ་རྒྱ་མཚོའི་གློག་གི་མར་མེའི་སྨོན་ལམ་ཡིད་ཆེས་དད་པའི་གདུང་དབྱངས་སུ། སྲིད་ན་ཟླ་མེད་གློག་གི་རླབས་ཆེན་པོས། །གཙུག་ན་ཟླ་མེད་རིན་ཆེན་རྣམས་གསུམ་ལ། །སྤྲོས་ན་ཟླ་མེད་སྣང་བའི་མཆོད་སྤྲིན་དུ། །སྙིང་ན་ཟླ་མེད་ཡིད་ཆེས་དད་པས་སྦོར། །དེ་ལས་བསོད་ནམས་འོ་མའི་རྒྱ་མཚོ་ལྟར། །ཟབ་ཡངས་གཏིང་མཐའ་མེད་པར་འཕྱུར་བའི་མཐུས། །ཐོག་མེད་དུས་ནས་བསྐྱངས་པའི་ཕ་མ་ཀུན། །རྟག་བརྟན་ཐར་བའི་བདེ་ལ་རོལ་བར་མཛོད། །དམ་པའི་སྐུ་ཚེ་རྡོ་རྗེ་ལྷུན་པོར་འཁུར། །ལོག་རྟོག་ནོར་བུའི་འཇའ་ཚོན་སྣོལ་མར་འཁྱུག །མཁའ་ཁྱབ་སྐྱེ་རྒུ་དགེ་བཅུ་སྤྱོད་པས་བྲེལ། །ཆོས་སྲིད་རྫོགས་ལྡན་གཞོན་ནུས་མཛེས་གྱུར་ཅིག །ཅེས་གློག་གི་སྨོན་ལམ་གསུངས་པ་འདིས་ཀྱང་དེའི་ཐུན་མོང་མ་ཡིན་པའི་དགེ་མཚན་མངོན་པར་མཁྱེན་པ་ཡིན། ཐ་ན་མཚན་མོའི་དུས་སུ་དགོན་པའི་ཕྱི་ནང་གཉིས་སུ་གློག་ཞུན་འོད་ཆིལ་ལེར་སྣང་བ་ནི། ཡུལ་ཕྱོགས་དེའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་མཐའ་དག་གིས་རྣམ་པར་རྒྱན་པའི་ཡུལ་གྱི་མཛེས་ལྗོངས་ཉམས་སུ་མྱོང་ཞིང་ཞི་བ་དང་།སོས་དལ། བག་ཕེབས་སུ་སྡོད་པར་ཡང་ཀུན་ནས་སྨན་པའི་གསོས་སུ་འགྲོའོ། །

              གསུམ་པ། ཁྲོམ་རར་ཚོང་བའི་མཆོད་མར་གྱི་ཉེས་དམིགས་གཙོ་བོར་བརྗོད་པ།

ཚོང་ལས་ཀྱི་འདུ་ཤེས་ཤུགས་དྲག་ཏུ་ཕྱིན་པ་དང་མཉམ་དུ་དཔལ་འབྱོར་གཉེར་ཐབས་ཀྱང་སྣ་མང་ཅན་དུ་གྱུར། ད་ཆར་རྫོང་ངམ་གྲོང་བརྡལ་གྱི་མཁར་གྲོང་དང་ཉེ་བའི་དགོན་པའམ་ལྷ་མོ་ཁང་། ཡུལ་ཕྱོགས་དེས་བཀུར་བའི་གཞི་བདག་ཁང་སོགས་ལ་བསང་མཆོད་དུ་འགྲོ་དུས་དེ་དག་གི་སྒོའི་ཕྱི་རོལ་ན་ཕྲེང་བསྟར་དུ་སྒྲིག་པའི་ཚོང་བ་མང་པོའི་ལག་ནས་བསང་རྩི་དང་ཤུག་པ། མཆོད་ཆང་སོགས་ཉོས་ཏེ་མཆོད་འབུལ་དུ་འགྲོ་བ་ལས་རང་ཁྱིམ་ནས་འཁྱེར་མཁན་ཧ་ཅང་ཉུངས། དེ་ལྟར་དུ། ཡུལ་སྐོར་ལ་ཕྱོགས་ཆེ་བའི་དགོན་པ་སོགས་ཀྱི་ནང་དུ་མཆོད་མར་དང་མཆོད་ཆང་། སྙན་ཤལ་སོགས་ཚོང་བའི་བརྡ་ཡིག་ཀྱང་གསལ་པོར་བྲིས་ཡོད། འདི་དག་གིས་མཚོན་ཏེ་བོད་ཀྱི་སྙན་ཤལ་དང་རླུང་རྟ། མཆོད་མར། བདུག་སྤོས་སོགས་མཆོད་རྫས་ཀྱི་རྣམ་གྲངས་མང་པོ་ཞིག་མི་རིགས་མི་གཅིག་ཅིང་། དད་ཡུལ་གྱི་ཆོས་ལུགས་ཀྱང་མི་གཅིག་པར་ཚོང་གི་ལས་ཁོ་ནར་དམིགས་པ་འགས་བོད་དང་བཅས་པའི་ནང་བའི་མཆོད་པའི་རིག་གནས་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད་པར་གྱ་ཚོམ་གྱི་བབ་ཅོལ་ཆེན་པོས་བཟོ་གྲྭ་སོགས་གཉེར་བཞིན་ཡོད།མཆོད་མར་ཡང་དེ་ལས་མ་འདས་པར་ནང་ལོགས་སོགས་སུ་དེའི་བཟོ་གྲྭ་བཙུགས་ཡོད་ཀྱང་། དེ་དག་གིས་བཟོས་པའི་མཆོད་མར་གྱི་རྒྱུ་ལ་རུལ་སྙིགས་དང་ཚིལ་ཞགས་སོགས་འདྲེས་པས་མི་གཙང་བ་དང་། ལས་ཐབས་ལའང་སྔོན་དུ་འགྲོ་བ་རང་གཞན་བྱི་དོར་གྱི་རིམ་པ་དང་། བར་དུ་གཟབ་པ་ལས་སྦྱོར་དག་འགྲིག་གི་རིམ་པ། མཐའ་མར་འགྲུབ་པ་དགའ་བ་མངོན་བསྐྱེད་ཀྱི་རིམ་པ་བཅས་ལུས་སེམས་གཉིས་ཀྱིས་སྒྲུབ་པ་མེད་པས་ལས་ཐབས་མ་དག་པ་སྟེ། དེ་དག་ཀྱང་མདོར་དེད་ན་བསམ་པའི་ཀུན་སློང་གི་གཡོ་བ་མ་དག་པས་སླ་བཅོས་བསླད་ཞུགས་ཀྱི་མཆོད་མར་བྱུང་། མཆོད་པའི་རིག་གནས་ཀྱི་མ་ལག་འཐུས་ཚང་བའི་ངོས་ནས་བལྟས་ན་དེའི་ཉེས་དམིགས་རིགས་གསུམ་དུ་དགར་ཆོག་སྟེ། ཀུན་སློང་མ་དག་པ། རྫས་མ་དག་པ། ལས་ཐབས་མ་དག་པ་བཅས་ཡིན་ཞིང་དེས་བསླད་པའི་མཆོད་མར་བཀོལ་མི་རུང་བའི་རྒྱུ་མཚན་དཔེ་དང་བཅས་ཏེ་མདོ་ཙམ་བཤད་ན།

               གཅིག ཀུན་སློང་མ་དག་པ།
  བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བསྟན་པའི་སྲོལ་བཏོད་ཅེས་པ་ལྟར། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ། དེ་ལྟར་ཡི་གེ་འབྲི་ཀློག་གི་སྲོལ་ལེགས་པར་བཏོད་ནས། དགེ་བ་བཅུའི་ཁྲིམས་ཀྱི་སྟེང་དུ་དཀོན་མཆོག་ལ་གུས་པ། དམ་ཆོས་བསྒྲུབས་པ། ཕ་མ་ལ་བཀུར་བ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་དང་རྒན་ལ་ཕུ་དུད། མཛའ་བཤེས་ལ་གཞུང་། ཡུལ་མི་ལ་ཕན་འདོགས་པ། ཡིད་དྲང་བ། མིག་ཡ་རབས་ལ་ལྟ་བ། ཟས་ནོར་ལ་སྤྱོད་ཤེས་པ། དྲིན་ཅན་ལ་ཕན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་སྙོམས་ཤིང་ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས། བཙན་པོས་ཕྱག་རྒྱས་བཏབ་སྟེ་འབྲས་ལྡན་དུས་ཀྱི་མཁའ་ལ་རྟ་ལྗང་གི་དབང་པོ་ཤར་བ་ལྟར་གསལ་ཞིང་། གསེར་གྱི་གཉའ་ཤིང་འཛིན་རི་ལྟར་ལྕི་བར་མཛད་པས། བོད་
ཆེན་པོའི་རྒྱལ་ཁམས་ཀྱི་ཁྱོན་ཀུན་ལ་གནས་པའི་སྐྱེ་རྒུ་མཐའ་དག་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགའ་སྟོན་ལན་ཅིག་མིན་པར་མྱོང་བར་མཛད་དོ། །ཞེས་པ་ལྟར། བཙན་པོ་ན་རིམ་གྱིས་ལྷ་ཆོས་དགེ་བ་བཅུའི་སྟེང་མི་ཆོས་གཙང་མ་བཅུ་དྲུག་བསྣན་ཅིང་། དེའི་ཐོག་མར་དཀོན་མཆོག་ལ་གུས་པ་དང་དམ་ཆོས་བསྒྲུབས་པ་གཉིས་བཞག་པ་འདིས་ཀྱང་བོད་ཀྱི་རིག་གནས་ཀྱི་སྒྲིག་གཞི་དང་ནང་སྙིང་གི་གྲུབ་ཚུལ་ཞིག་མཚམས་སྦྱར་ཡོད། བོད་དུ་ནང་བའི་བསྟན་པ་རིན་པོ་ཆེ་སྤེལ་ནས་ད་ལྟའི་བར་དུ་འཕེལ་འགྲིབ་སྣ་ཚོགས་བྱུང་ཡང་ཆོས་རྒྱུད་ཁག་གི་བླ་མ་དང་དགེ་བའི་བཤེས་གཉེན་དུ་མས་ཞལ་ནས་གསུང་ཞིང་དད་ལྡན་མང་ཚོགས་རྣམས་ཀྱིས་རྣ་བས་ཉན་ཏེ་འོངས་པས་ན། སྐྱབས་སུ་འགྲོ་ཡུལ་དཀོན་མཆོག་རྣམ་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ་བྱམས་དང་སྙིང་རྗེས་རང་རྒྱུད་བཏུལ་ཅིང་འདུལ་བར་བརྩོན། དེ་བཞིན་དུ་ལས་གང་བྱེད་རྒྱུ་འབྲས་ཀྱི་སྲང་དུ་འཇལ་
ཞིང་ཅི་བསམ་གྱི་རི་མོ་ཡ་རབས་དགེ་བའི་གངས་དཀར་ལ་འབྲི་བས།ཆོས་ཕྱོགས་དང་འབྲེལ་བའི་ཚོང་གི་ལས་བྱེད་དུས་མ་རབས་སྡིག་ལས་འཚེ་སྤྱོད་དང་རྒྱང་དུ་བསྲིངས་པའི་འཛེམ་སྲོལ་ཆེས་ཆེར་ཡོད་པས་ན།མར་མེ་ཇི་ལྟར་འབུལ་བའི་ལག་ལེན་རྣལ་མ་སྔོན་དུ་བརྗོད་ཟིན་པ་བཞིན་ཚད་ལྡན་གྱི་ཆོ་ག་ཕྱག་ལེན་ཉིད་མི་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གྲུབ་ཅིང་། རིག་གནས་དེ་ལ་ནང་བསྟན་གྱི་ལྟ་དགོངས་ཏིལ་ལ་ཏིལ་མར་བཞིན་འདྲེས་པས། བསམ་པ་སེམས་ཀྱི་ཀུན་སློང་ནི་རང་བདེ་གཞན་ཕན་དང་། སྦྱོར་བ་དེ་ཡི་ལག་ལེན་ནི་གཡོ་དང་སྒྱུས་མ་བསླད་པའི་ཡ་རབས་དྲང་བཞག་གོ །དེ་བས་ན། ནང་ལོགས་སོགས་སུ་བཙུགས་པའི་མཆོད་མར་གྱི་བཟོ་གྲྭ་རྣམས་ནི་དེ་འདྲའི་རིག་གནས་ལ་འདྲིས་པའི་བག་ཆགས་མེད་པར་ཁེ་བཟང་ཁོ་ནར་དམིགས་ཏེ། མི་མངོན་པའི་ལྐོག་གྱུར་གྱི་ཆ་རུ་ཚུལ་མིན་གྱི་སྦྱོར་བ་ངན་པ་ཤོམ་པ་སྟེ་བསླད་ཅན་གྱི་མཆོད་མར་བཟོ་བཞིན་པ་བོད་ཀྱི་དགེ་སློང་རྣམ་དག་ཅན་ཁ་ཤས་ཀྱིས་དངོས་སུ་མཐོང་ཞིང་བོད་ཡུལ་ལ་ཐེངས་དུ་མར་ཉེན་བརྡའི་འབོད་སྐུལ་ཡང་བཏང་། དེ་དང་ཆ་འདྲ་བར་རང་རྒྱལ་ལ་བཟའ་བཏུང་བདེ་འཇགས་མིན་པའི་དོན་རྐྱེན་རབ་དང་རིམ་པར་བྱུང་མྱོང་སྟེ། དཔེར་ན། རང་རྒྱལ་གྱི་དཔལ་འབྱོར་ཁྲོམ་རར་འོ་ཕྱེ་ཀུན་གྱི་སྣེ་འདྲེན་དུ་གྱུར་པའི་སན་ལའོ་འོ་ཕྱེ་ཚོགས་པས(三鹿奶粉集团)བཟོས་པའི་དོན་རྐྱེན་འཇིགས་སུ་རུང་བ་དེ་ལྟ་བུ་དང་། གཞན་བཟའ་བཏུང་སྤྱོད་གསུམ་གྱི་དངོས་ཟོག་ཕལ་མོ་ཆེ་རྫུན་མ་ཡིན་པ། བསླད་ཞུགས་པ། ཚད་ལྡན་གྱི་བཟོ་གྲྭའི་ལས་ཐབས་མེད་པ་སྟེ། ༢༠༡༠ལོར་སྣུམ་སྙིགས་དོན་རྐྱེན(地沟油事件)དང་ལོ་དེའི་ཟླ་བཅུ་གཉིས་པར་རྒྱ་ཁོག་རྫས་འགྱུར་འདྲེས་མའི་དོན་རྐྱེན(化学火锅事件)ལྟ་བུ་སོགས་ཚབས་ཆེ་བའི་དོན་རྐྱེན་རིགས་དྲུག་དང་། ༢༠༡༡ལོའི་ཟླ་གསུམ་པར་ཧྲང་ཧེའི་མདོག་བསྒྱུར་ཅོང་རྡོག་དོན་རྐྱེན(上海馒头事件)དང་ཟླ་བཞི་བར་གླང་ཤའི་སྣུམ་ཚིལ་དོན་རྐྱེན(牛肉膏事件)ལྟ་བུ་སོགས་ལོ་སྔ་མ་ལས་ལྡབ་གསུམ་གྱིས་འཕར་ཏེ་དོན་རྐྱེན་རིགས་བཅོ་བརྒྱད་བྱུང་།དེ་ལྟར་དུ་ལོ་རེ་བཞིན་ཚོང་རྫས་རྫུན་མ་ཇེ་མང་དུ་འགྲོ་བཞིན་པ་དེས་ཡང་སྙིང་ཅི་ཞིག་གསལ་བར་བཤད་ཡོད་ཅེ་ན། ཀུན་སློང་མ་དག་པའི་རྒྱུ་དེས་འབྲས་བུ་མི་དགེ་བ་བསྐྱེད་པ་སྟེ། རང་རྒྱལ་སྟོབས་འབྱོར་ལྡན་ཞིང་ཡ་རབས་དྲང་བདེན་གྱི་ལམ་དུ་བསྐྱོད་པའི་གེགས་སུ་འགྲོ་བ། ད་ལྟའི་གནས་སྐབས་སུ་སྤྱི་ཚོགས་འཆམ་མཐུན་དང་སྤྱོད་བཟང་ལེགས་སྐྱོང་གི་རེ་འབོད་དང་རྒྱབ་ཏུ་ཕྱོགས་པས་ན། རང་གི་ཁེ་ཕན་ཉི་ཚེ་བའི་ཕྱིར་དུ་མཆོད་མར་ལ་བསླད་གཏོང་བའང་དེ་བཞིན་དུ་འབྲས་བུ་མི་ལེགས་པ་འབྱིན་པ་ཆོས་སུ་བཤད་ན་གོང་དུ་བསྟན་པ་ལྟར་ཉེས་དམིགས་ལྕི་ཞིང་རྒྱལ་ཁབ་ཀྱི་ཁྲིམས་ལའང་འགལ་བའི་མིའི་སྤྱོད་ལུགས་ཐ་ཤལ་བ་ཞིག་ཡིན་ནོ། །

              གཉིས། རྫས་མ་དག་པ།
  ཐོག་མའི་ཀུན་སློང་ལ་སྐྱོན་ཞུགས་པ་ནས་དེའི་ལག་ཏུ་ལེན་པའི་བྱ་བའང་སྐྱོན་ཅན་ཉིད་དུ་འགྱུར་ཏེ། རྗེ་བཙུན་བླ་མ་བློ་བཟང་གྲགས་པས།བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་བཟང་ལ་རག་ལས་ པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་པ་དང་། རྡོ་གྲུབ་བསྟན་པའི་ཉི་མས། ལྷག་བསམ་རྣམ་དག་མེད་ན། །སྤྱོད་པ་རྣམ་དག་མི་འབྱུང་། །སྤྱོད་པ་རྣམ་དག་མེད་ན། །གཞན་ཕན་རྣམ་དག་འབྱུང་ངམ། །ཞེས་པ་ལྟར་དུ་ལགས་སོ། །ཀུན་སློང་མ་དག་པའི་རྫས་ཇི་ལྟར་མ་དག་གམ་ཞེ་ན། མཆོད་མེའི་རྒྱུ་ནི་མར་དང་འབྲུ་མར་ཡིན་ལ། མར་ལ་རྫས་གཞན་གྱི་ནག་ནོག་མ་གོས་པ། རྙིང་རུལ་ཁ་ཚ་མིན་པ་ལྟ་བུ་དང་། འབྲུ་མར་ནི་མི་གཙང་བའི་གད་སྙིགས་ཀྱིས་བརྫད་པའི་གནས་ཀྱི་རྩི་ཤིང་མིན་པར་རི་མཐོ་ས་གཙང་དུ་སྐྱེས་པ། དྲི་ངན་གྱི་རིགས་སུ་མ་སོང་བའི་དྲི་བཟང་ཅན། དེ་དག་ལ་རྫས་གཞན་བསྡེབས་པ་རུང་མི་རུང་ཡང་ཚད་ཐུབ་ཀྱི་བསྟན་བཅོས་ལ་ཁུངས་བཅོལ་པ་ལས་རང་སྣང་གང་ཤར་བྱེད་མི་རུང་བ་ཡིན་མོད། གསོག་སྲུང་ལ་སྲེད་པའི་འདོད་ཧམ་ཅན་དག་གིས་ཞག་དང་ཚིལ། སྣུམ་སྙིགས་སོགས་མི་གཙང་བ་དང་མི་རུང་བ། དྲི་མ་དང་དུ་བའི་ཆ་ནས་ཀྱང་མི་ལེགས་པ་རྣམས་ཤེས་བཞིན་དུ་རྫས་སུ་སྤྱོད་ཀྱིན་ནོ། །དཔེ་གཞན་གྱི་ལམ་ནས་བཤད་ན། གཞན་རང་རེའི་བོད་ཀྱི་གཏེར་ཁུག་དང་། དར་ལྕོག རླུང་རྟ། ཁ་བཏགས་སོགས་ཀྱང་བོད་རང་གི་སྔོན་མའི་བཟོ་རྒྱུན་མེད་པར་རྒྱུ་ཆ་འགྱིག་ཤོག་སོགས་བྱས་པས། རི་གང་མཐོ་མཐོ་ཡི་རྩེ་མོ་དང་མཚོ་གང་དྭངས་དྭངས་ཀྱི་གཏིང་ཞབས་སུ་དེའི་རིགས་སུ་གྱུར་པའི་གད་སྙིགས་ཁྲ་ཆིལ་ལེར་འདུག་སྟེ། འགྱིག་ཤོག་གི་རིགས་འདི་སར་སྦས་ན་མི་རུལ་ཞིང་ཆུར་སྦངས་ན་མི་ལྡུར་བས་སའི་ཟུངས་བཅུད་ཉམས་ཏེ་རྩི་ཤིང་མི་སྐྱེས་པ། ཝ་དང་འཕྱི་བ། ནོར། ལུག་སོགས་ ཀྱིས་རི་ལ་གཡེང་བའི་འགྱིག་ཤོག་ཟོས་ཏེ་ནད་ཡམས་བྱུང་སྟེ་ཤི་བ། ཆུ་བསླད་པར་བྱས་པས་ཆུ་གནས་ཀྱི་ཉ་མོའི་རིགས་ཤི་བའི་རོ་ཆུ་ངོས་སུ་གཡེང་ཞིང་བཀྲམས་པ། དེ་འདབ་ཆགས་ཀྱི་རིགས་ཀྱིས་ཟོས་པས་དེ་དག་ཀྱང་ཤི་བ། ཆུ་བོ་དང་མཚོ་དེ་དག་འཐུང་ཆུར་བརྟེན་པའི་མི་དང་སྒོ་ཕྱུགས་
ཀྱིས་ཆུ་འཐུང་བས་ནད་བྱུང་བ་དང་ཤི་བ་སོགས་མུ་རུ་འབྲེལ་ཞིང་ཟོ་ཆུན་འཁོར་ལོ་ལྟ་བུའི་ཉེན་ཚབས་ཆེན་པོའི་གནད་དོན་མིག་མདུན་དུ་ལྷགས་པ་འདིས་ཀྱང་རྫས་མ་དག་པའི་ཉེས་པའི་གསལ་བཤད་དུ་འགྲོ།ཡང་དཔེར་ན། ༡༩༩༨ལོའི་ལོ་སར་གྱི་སྔ་གཞུག་ཏུ་ཧྲན་ཞི་ཧྲའོ་ཀྲིག(山西朔州)གི་ཆང་རྫུན་མས་ཧྲན་ཞིའི་མི་ཉེར་བདུན་གྱི་སྲོག་འཕྲོག་པ་དང་། ༢༠༠༣ལོར་ཨན་ཧའེ་ཧྥའོ་དབྱང(安徽阜阳)གི་འོ་ཕྱེ་རྫུན་མས་ཡུལ་དེའི་ཞིང་སྡེ་ཞིག་ཏུ་བྱིས་པ་བརྒྱ་ལྷག་ལ་སྔ་གཞུག་ཏུ་མགོ་ཆེ་བ། ཁ་ཆུང་བ། རྐང་ལུག་སྐྲངས་པ། ལུས་དྲོད་དམའ་བ་བཅས་ཀྱི་ཡ་མཚན་པའི་ནད་བྱུང་ཞིང་། མཐར་བྱིས་པ་དྲུག་ཅུ་ལྷག་སྐྱོན་ཅན་དུ་བསྒྱུར་པ་དང་བརྒྱད་ལྔ་ལམ་དུ་བཅུག འདི་དག་གིས་མཚོན་པའི་རྫས་མ་དག་པའི་འབྲས་བུ་མི་དགེ་བ་འབྱིན་པ་དུས་དེབ་དང་ཚགས་པར། གསར་འགྱུར། དྲ་རྒྱ་སོགས་སུ་ཧ་ཅང་མངས་སོ། །དེས་ན་སངས་རྒྱས་ཀྱི་མདོ་སོགས་སུ་མར་མེའི་རྫས་མ་དག་
པའི་ཉེས་དམིགས་སུ། དུད་འགྲོ་དང་ཡི་དྭགས་སུ་སྐྱེས་ཏེ་ངན་སོང་གི་སྡུག་བསྔལ་བཟོད་དུ་མེད་པ་མྱོང་བར་བཤད་པས་ལས་འབྲས་བརྩི་ཞིང་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་བོད་མི་ཞིག་ཡིན་ཕྱིན་འདི་ལྟ་བུའི་ཚོང་རྫས་སྤྱོད་པ་ཇི་ལྟར་རུང་ངམ་མི་རུང་ངོ་། །

              གསུམ། ལས་ཐབས་མ་དག་པ།
  དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ལས་འབྲས་ལ་ཡིད་ཆེས་པའི་མང་ཚོགས་ཀྱིས་གྲུབ་པའི་སྤྱི་ཚོགས་སུ་ལྷ་སྐུ་དང་། ཆོས་དཔེ། དར་ལྕོག མཆོད་རྫས་སོགས་ཀྱི་ཚོང་གི་ལས་ཀ་གཉེར་ཡང་རྫུན་མ་བཟོ་བ་དང་། དེ་དག་ལ་བསླད་འཇུག་པ། གང་འདོད་དུ་འགོམ་ཡུག་གཏོང་བ་སོགས་ཁྲལ་ལས་སླ་འཆོས་སམ་ཟོག་རྫུའི་སྤྱད་པ་མི་སྤྱོད་དེ། ངོ་གཉིས་སུ་མ་སོང་བའི་དད་པ་བརྟན་པོ་དང་བག་ཡོད་སྤྱོད་པས་གཞིར་བཟུང་བའི་སེམས་ཀྱི་རིག་གནས་ཤིག་གྲུབ་པས་སོ། །འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། དད་པ་ཆོས་ཀྱི་རྩ་བ་སྟེ། །དད་ལས་བསོད་ནམས་ཚོགས་འཕེལ་ཞིང་། །བསོད་ནམས་ཅན་ལ་ཡ་རབས་ཀྱི། །སྤྱོད་པ་ཀུན་གྱིས་ངང་གིས་གནས། །ཞེས་གསུངས་པ་ལྟར་མོད། རང་གི་མཆོད་པའི་རིག་གནས་གཞན་གྱིས་བདག་གིར་བཟུང་སྟེ་ཚོང་གི་ཁེ་སྤོགས་ཁོ་ནའི་ཕྱིར་དུ། ཚོང་ལ་བསླད་ཞུགས་པས་མི་ཚད་ལས་ཐབས་ཀྱང་མར་མེ་ཚུལ་ཇི་ལྟར་འབུལ་བའི་སྐབས་ཀྱི་ལག་ལེན་ལས་ལྡོག་པ་རྐྱང་རྐྱང་དུ་སོང་བས་ལག་ལེན་མ་དག་པའི་ཉེས་དམིགས་མཆིས་སོ། །

               མཇུག་བསྡུ་བའི་གཏམ།

  ད་ལྟའི་རང་རེའི་བོད་ཀྱི་ཆོས་ལུགས་ཆོ་ག་དང་འགྲོ་འདུག་སྤྱོད་ལམ། བསམ་བློའི་འཁྱེར་སོ་སྟེ་ཡུལ་སྲོལ་གོམས་འདྲིས་མཐའ་དག་གཏོལ་མེད་རང་ཡན་པའི་ལས་སུ་བྱུང་བ་ཞིག་མིན་པར། སྔོན་ནས་བརྒྱུད་པའི་ཁུངས་ལམ་ངེས་ཅན་རེ་ཡོད་པས། ཚོང་ལས་ཀྱི་འགྲན་རྩོད་དྲག་ཏུ་འཕྱུར་བའི་སྤྱི་ཚོགས་སུ་སྔར་ཡོད་རིག་གནས་ཕུན་སུམ་ཚོགས་པ་མང་པོ་ཞིག་བསླད་འདྲེས་སུ་སོང་སྟེ། རྣམ་པ་གཞན་དུ་བསྒྱུར་ཅིང་ངོ་བོ་ངང་གིས་འགྱུར་བའི་ཚུལ་དུ་ཕྱོགས། དེ་ནི་བསྒྱུར་དུ་མེད་པའམ་དུས་ལ་བབས་པ་ཞིག་ཏུ་བཟུང་སྟེ་ཅི་ཡིན་ཤེས་ཚོར་བྲལ་བ་ལྟ་བུའི་སྣང་མེད་དུ་བསྐྱུར་མི་རུང་ཞིང་ཡིད་ཁུང་དུ་ཆུད་པའི་སྐྱོ་ཉམས་བསྟན་པས་ཀྱང་མི་ཕན། ཕྱོགས་མཐར་ལྷུང་བའི་སེམས་ཀྱིས་སྲོལ་རྒྱུན་ཨ་འཐས་སུ་འཛིན་པའང་ངལ་བའི་རྒྱུ་རུ་ཟད་པས་ན་དུས་དང་བསྟུན་པའི་ཐབས་ཀྱིས་སྤེལ་བ་གལ་ཆེའོ། །རང་རེའི་མར་མེ་འབུལ་བའི་མཆོད་པ་འདིའང་དེ་བཞིན་དུ་དེའི་ཁུངས་དང་ཕན་ཡོན། འབུལ་ཐབས་མདོ་ཁུངས་སུ་ཡང་དག་པར་བསྟན་ཅིང་། ད་ལྟའི་དུས་སུའང་དགོན་པ་དང་ཁྱིམ་གྱི་མཆོད་ཁང་དུ་དུས་རྒྱུན་དུ་འབུལ་བཞིན་ཡོད་ཀྱང་། གློག་གི་ཆ་རྐྱེན་བཟང་པོ་འཛོམས་པ་དང་སྒོ་བསྟུན་ཏེ་གློག་མཆོད་འབུལ་བ་ཡིན་ན། དེ་ལ་དུ་བ་དང་དྲི་ངན་མེད་པ། སྟབས་བདེ་ཞིང་མཛེས་རྒྱན་དུ་འགྲོ་བ། ཁོར་ཡུག་སྲུང་སྐྱོང་ལ་ཕན་པ། མེ་དགྲ་འགོག་པ། ཟག་ཆོས་ཀྱི་ལས་སུ་མི་འགྲོ་བ། དགེ་བ་སྟོབས་ཆེ་བ་སོགས་དགེ་མཚན་མང་དུ་མཆིས། དེ་ལས་ཀྱང་། རང་རེས་སྤྱོད་བཞིན་པའི་བསླད་ཞུགས་ཅན་གྱི་མཆོད་མར་དེས་དད་ལྡན་གྱི་དཔལ་འབྱོར་ཆུད་ཟ་བ་དང་། ཆོས་ཀྱི་ངོས་སུ་རྒྱུ་མ་གཙང་བའམ་ལས་ཐབས་མ་དག་པའི་ཉེས་དམིགས་སྣ་ཚོགས་བསྐྱེད་པ་ལྟ་བུའི་གནས་སྟངས་མི་ལེགས་པ་མཐའ་གཅིག་ཏུ་འདོར་བ་ལའང་ཤིན་ཏུ་ཕན། མདོར་ན། དད་པའི་སྣང་ངོར་ཆོས་ཆོས་སུ་འགྲོ་བའི་ཐབས་དམ་པ་ནི་བསླད་ཅན་གྱི་མཆོད་མར་དོར་ཏེ་གློག་མཆོད་འབུལ་བ་འདི་ཡིན་པས་དད་ལྡན་རྣམས་ཀྱིས་ཡང་དག་པར་བགྱི་བར་རེ་འབོད་ཀྱང་ཞར་ལ་ཞུ་བ་ལགས་སོ། །

ལུང་ཁུངས།
① 《བཀའ་འགྱུར།》མདོ་སྡེ། ༼ ཞ ༽ ༦༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p410
② 《བཀའ་འགྱུར།》མདོ་སྡེ། ༼ ཚ ༽ ༦༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p242
③ 《བཀའ་འགྱུར།》མདོ་སྡེ། ༼ ཙ ༽ ༦༡ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p706
④ 《བཀའ་འགྱུར།》མདོ་སྡེ། ༼ པ ༽ ༥༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p188
⑤ ⑨ 《མཛངས་བླུན་ཞེས་བྱ་བའི་མདོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ1པ། p383-384 p384-385
⑥ ⑦ ⑧ 《བཀའ་འགྱུར།》མདོ་སྡེ། ༼ ཚ ༽ ༦༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p225 p226 p231
⑩ བཀའ་འགྱུར།》མདོ་སྡེ། ༼ ས ༽ ༧༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ6པ། p890
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》
《སྤྱོད་འཇུག་རྩ་འགྲེལ་བཞུགས་སོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ3པ། p4
བདེ་སྐྱིད་ཀྱིས་བསྒྲིགས་པའི《རྦ་བཞེད་ཕྱོགས་བསྒྲིགས།》 མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ8པ། p31-32
丹珠昂奔著:《藏族文化发展史》下册 [M],甘肃:甘肃教育出版社,2001年4月 p754-756
《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། 》སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ10བ། p319
《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ།》༼ ཏ ༽ མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ། p185
བྱང་ཆུབ་འཇམ་དབྱངས་སྐྱབས་ཀྱིས་བརྩམས། 《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
1999ལོའི་ཟླ7པ། p108
ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གྱིས་བརྩམས།《བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ།》
མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ11པ། p6-7
《བོད་རྒྱ་ཚིག་མཛོད་ཆེན་མོ།》བར་ཆ། མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པ། p2000
《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ་པོད་གཉིས་པ་བཞུགས་སོ།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
2013ལོའི་ཟླ11པ། p114
《རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་མགུར།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ10བ། p449
རྒྱལ་དབང་ལྔ་བས་བརྩམས།《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ5བ། p22
《རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ་པོད་དང་པོ།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ3པ། p377
བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས།《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།》བར་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ3པ། p428

                                    རྩོམ་པ་པོ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་པདྨ་རྣམ་རྒྱལ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།