གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱིམ་གྱི་སློབ་གསོ་དང་འབྲེལ་ནས་ན་ཆུང་བྱིས་པའི་བསམ་བློ་ཀུན་སྤྱོད་སྐོར་ཅུང་ཙམ་གླེང་བ།

2016-01-27 14:45:58 མགར་གཞུང་རིག་འཛིན་སྐྱབས། ཀློག་གྲངས། མཆན ཡོད།

  སྤྱིར་བྱིས་པ་ནི་གསར་སྐྱེས་ཀྱི་ལྗང་མྱུག་ཇི་བཞིན་ཕྱོགས་ཡོངས་ནས་གཉོམ་ལག་རྒྱས་བཞིན་པའི་སྒང་ཡིན་ཏེ།ལྗང་མྱུག་ལ་དཔྱིད་དཔལ་གྱི་སྦྲང་ཆར་དང་ཉི་འོད་ཀྱི་དྲོད་ཁོལ་མཁོ་བ་ནང་བཞིན། ན་ཆུང་བྱིས་པལའང་ཕ་མའི་བྱམས་སེམས་ཀྱི་འོད་སྣང་ངག་ཏུ་ཤར་བའི་དྲི་མེད་ཀྱི་ཁ་ཏ་སློབ་གསོ་དང་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་སོགས་དེ་བས་ཀྱང་མཁོ།ད་ལྟ་ཀུན་གྱི་སྣང་ངོར་རབ་རིབ་ཏུ་གྱུར་དང་འགྱུར་བཞིན་པ་ནི་ཚེག་ཁྱིམ་བཞི་ཅན་གྱི་བདག་ཉིད་ཅན་ཏེ།“ཁྱིམ་ཀྱི་སློབ་གསོ་Źཞེས་པའི་ཐ་སྙད་འདི་རེད། སྤྱིར་ན་ཐ་སྙད་འདི་ནི་རང་ག་བའི་ཐ་སྙད་ཅིག་ནས་གཏན་ནས་མ་ཡིན་ཏེ།དེ་ནི་མིའི་རིགས་ནར་སོན་པའི་བརྒྱུད་རིམ་འགའ་སྟེ། མངལ་གནས་ཕྲུ་གུ་དང་། བཙས་མ་ཐག་པའི་ཕྲུ་གུ། ཕྲུ་གུ་དམར་འབྱར།ན་ཆུང་བྱིས་པ། གཞོན་ནུ་དར་མ་བཅས་ཀྱི་སྐྱེ་འཕེལ་ཁྲོད་ཁ་གཏད་དུ་ལངས་བའི་སློབ་གསོའི་སྨན་མཆོག་ལྟ་བུར་གྱུར་ཡོད། ལྷག་པར་དུ་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་བྱིས་པ་རྣམས་ལ་མཚོན་ན། ཁྱིམ་གྱི་སློབ་གསོ་ནི་བྱིས་པའི་སློབ་གསོའི་གར་སྟེགས་སྟེང་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་གོ་གནས་ཟིན་ཡོད་པ་ན། ཕྲན་གྱིས་ཀྱང་སློབ་གསོ་ནི་མིའི་རིགས་ཀྱི་བླ་སྲོག་དང་བྱིས་པ་ནི་མིའི་རིགས་ཀྱི་རེ་ལྟོས་ཡིན་པའི་བདེན་པ་ཁུངས་ཐུབ་ཀྱི་མིག་ཟུང་སྤྱད་ནས་ཁྱིམ་གྱི་སློབ་གསོའི་སྐོར་ཅུང་ཙམ་གླེང་བར་བྱ་སྟེ།

                                              དང་པོ། བྱིས་པའི་ཐོག་མའི་ཁྱིམ་གྱི་སློབ་གསོ།

  མིའི་སྐྱེ་འཕེལ་གྱི་བརྒྱུད་རིམ་ཁྲོད་བྱིས་པའི་དུས་སྐབས་ནི་ཆེས་ལེགས་སྐྱོང་དང་ཆེས་དམ་འཛིན་བྱ་དགོས་པའི་མི་ཚེའི་ཕུགས་འདུན་གྱི་སྐས་རིམ་དང་པོ་ཡིན། དེ་བས་ཕ་མ་རྣམ་གྱིས་ཀྱང་ཆུང་བྱིས་པ་ནས་འགོ་བརྩམས་ཏེ་རང་གི་བྱིས་པ་དེ་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་ཕྱོགས་ཡོངས་ནས་ཁ་ཏ་སློབ་གསོ་གཏང་རྒྱུ་དང་ལུས་ཕུང་སྦྱོང་བརྡར་བྱ་རུ་གཞུག་དགོས་ལ།བྱིས་པའི་དུས་སྐབས་ནི་བཟང་བསླབ་ཀྱང་སླ་ལ་ངན་ལོབས་ཀྱང་སླ་བས།ང་ཚོའི་ཁ་དཔེ་ལའང“བྱིས་པ་གཅེས་ལངས་སུ་གཏང་མི་རུང”ཞེས་བཤད་སྲོལ་ཡོད་པ་ལྟར།ཆུང་བྱིས་པའི་དུས་ནས་འགོ་བརྩམས་ཏེ་བྱིས་པའི་བྱ་སྤྱོད་ཀུན་ལ་མཉམ་འཇོག་དང་གཟབ་ནན་བྱས་ནས་ངན་ཕྱོགས་ཀྱི་བྱ་བ་འདི་དང་དེ་བསྒྲུབ་མི་རུང་ཞེས་བཀག་འགོག་བྱ་རྒྱུ་དང་བཟང་ཕྱོགས་ཀྱི་བྱ་བ་ག་དང་འདི་བསྒྲུབ་ཅེས་སྐུལ་འདེད་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ནས་བྱིས་པ་དེ་བཟང་ཕྱོགས་སུ་ཧུར་བརྩོན་གྱིས་འཁྲིད་དགོས།
 
  སྤྱིར་ན་བྱིས་པ་གཉོར་སྐྱོང་བྱ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཅན་གྱི་བྱ་བ་ཞིག་ཡིན་ནའང་ཕ་མས་དཀའ་ཚེགས་དེ་ནི་གཏན་ནས་དཀའ་ཚེགས་ཤིག་ཏུ་སེམས་མི་རུང་ལ། བྱིས་པ་ནི་ནམ་ཡང་རང་ཉིད་ཀྱི་བྱིས་པ་ཡིན་པས་ཁྱོད་ཀྱིས་ཅིས་ཀྱང་གཉོར་སྐྱོང་བྱེད་དགོས་པ་ཡིན་ཏེ།ཆེར་ནར་སོན་པའི་མི་ཡི་གཤིས་ཀ་དེའང་ཆུང་བྱིས་པའི་དུས་ཀྱི་ཕ་མའི་ཁ་ཏ་སློབ་གསོ་ཡི་གཉོར་སྐྱོང་ལ་རག་ལས་ཡོདཔ་རེད། དཔེར་ན། ང་ཚོ་ན་གཞོན་ལོ་ཆུང་རྣམས་ཀྱིས་སྐབས་རེར་མི་ལེགས་པའི་བྱ་བ་ཞིག་བསྒྲུབས་པའི་དབང་དུ་བཏང་ན། འཕྲལ་མར་མི་ཀུན་གྱི་སོ་ནང་གི་སྲིན་འབུ་དང་མིག་ནང་གི་ཚེར་མ་རུ་གྱུར་འགྲོ་བ་ཟད་ད་དུང་ཕ་མ་ངན་པའི་བུ་ཕྲུག་ཅེས་སྡུག་དམོད་དང་གཤེ་གཤེ་གཏོང་སྲིད། དེ་ནི་ཕ་མས་བུ་ཕྲུག་ལ་ཆུང་བྱིས་པའི་དུས་ནས་ཁ་ཏ་སློབ་གསོ་མ་བཏང་པའི་ངན་གྱི་གོམས་གཤིས་དེ་ཆེར་གཞོན་ནུའི་དུས་སུའང་ཕྱིར་མཚོན་བྱེད་ཀྱི་ཡོད་པ་རེད། དེ་བས་མི་ནི་ཆུང་བྱིས་པ་ནས་ཕ་མའི་སློབ་གསོར་ཁེན་ཏེ་མི་ཚེའི་བཤུལ་ལམ་ལ་རྒྱང་བསྐྱོད་བྱ་དགོས་པ་རེད།

  ནམ་རྒྱུན་གྱི་འཚོ་བའི་ཁྲོད། བྱིས་པའི་རྩེད་འཇོ་དང་ཁོམ་ལོང་མེད་པའི་བྱ་སྤྱོད་དེར་མི་རྣམས་ཧ་ཅང་ཐང་ཆད་པ་དང་སུན་སྣང་སྐྱེ་བ་ཞིག་ཡིན་མོད། འོན་ཀྱང་ཕ་མ་གཉིས་གཙོ་བྱས་པའི་མི་སུ་དང་སུ་ཡིན་རུང་དེར་གཏན་ནས་སུན་སྣང་སྐྱེ་མི་རུང་སྟེ། དེ་ནི་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཡང་གཅིག་བཤད་ན།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཁེ་དབང་སྤྱི་ཆིངས》ནང་དུའང་།“བྱིས་པ་ལ་འཚོ་གནས་ཀྱི་དབང་ཆ་དང་སྲུང་སྐྱོང་གི་དབང་ཆ་ཡོད་པ་མ་ཟད།ད་དུང་འཕེལ་རྒྱས་ཀྱི་དབང་ཆ་དང་གསབ་ཞུགས་བྱས་ཆོག་པའི་དབང་ཆ”སོགས་ཀྱང་ཡོད་པས། ཚིག་ཅུང་རྩུབ་མོའི་སྒོ་ནས་སྨྲས་ན།ང་ཚོས་རྒྱུན་པར་བྱིས་པའི་གཏམ་གླེང་དང་རྩེད་འཇོར་བཀག་འགོག་དང་སྡུག་དམོད་བྱེད་པ་དེ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ལ་མི་འོས་པའི་བྱ་བའང་ཡིན། དེ་བས་ཕ་མ་རྣམས་ཀྱིས་ཉེས་མེད་ཉེས་རྡུང་གི་ཚུལ་གྱིས་རང་གི་བྱིས་པའི་རང་དབང་ལ་བཀག་འགོག་དང་བྱ་སྤྱོད་ལ་ཁ་ལོག་ཚིག་ལོག་མི་རྒྱག་པར་ནམ་རྒྱུན་བྱིས་པའི་རྩེད་འཇོའི་ཁྲོད་གསབ་ཞུགས་བྱས་ཏེ།བྱིས་པའི་བྱ་བྱེད་གོམ་གསུམ་ལ་ཤིན་ཏུ་མཉམ་འཇོག་བྱ་དགོས་ཏེ། གལ་སྲིད་བྱིས་པས་བསྒྲུབས་པའི་བྱ་བ་དང་གཏམ་གླེང་ཐད་ནོར་འཁྲུལ་འབྱུང་ཚེ། འཕྲལ་མར་གདུག་རྩུབ་རང་བཞིན་གྱི་གཅར་རྡུང་དང་སྡུག་དམོད་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྒྱུར་བཅོས་བྱེད་དུ་འཇུག་པ་ལས་ངག་འཇམ་པའི་བྱེད་ཐབས་སྤྱད་ནས་ལེགས་བཅོས་བྱས་ན་བཟང་།གལ་སྲིད་དེ་ལས་ལྡོག་སྟེ་རྩུབ་པའི་བྱེད་ཐབས་སྤྱད་ན། གཅིག་ནས་བྱིས་པའི་སེམས་ཁམས་ལ་གནོད་པ་དང་གཉིས་ནས་བྱིས་པའི་གཟུགས་གཞིའི་སྐྱེ་འཕེལ་ལའང་གནོད་པ་ཐེབས་ངེས་ཡིན།

  སྤྱིར་བྱིས་པར་བཟང་ངན་གྱི་བྱ་བ་གང་ཡིན་ཚང་མ་ལོབས་སླ་བ་མ་ཟད་ད་དུང་མི་ཆེ་བའི་བྱ་སྤྱོད་ལ་ལད་ཟློས་བྱེད་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད། དེའི་ཕྱིར་ཕ་མ་རྣམས་ཀྱིས་བྱིས་པའི་མཐོང་སར་དུ་ཆང་སྤྱོད་པ་དང་ཤོ་རྒྱག་པ།ཐ་ན་བཟའ་འཁོན་བྱེད་པ་སོགས་ཀྱི་བྱ་ངན་བྱས་ཚེ།གཅིག་ནས་བྱིས་པའི་བདེ་ཐང་གི་སེམས་ཁམས་དང་གཟུགས་གཞིའི་སྐྱེ་འཕེལ་ལ་གནོད་པ་དང་།གཉིས་ནས་ཆང་སྤྱོད་ཤོ་རྒྱག་གི་གོམས་སྲོལ་ངན་པ་དེ་བྱིས་པས་ཀྱང་གོམས་གཤིས་སུ་འགྱུར་ཉེན་ཆེ་བས། ཕ་མ་དང་མི་ཆེ་བས་དེའི་གཏན་དུ་རང་གི་བྱ་ངན་སྤྱོད་ངན་དེ་བྱིས་པའི་མཐོང་སར་སྤ་གསང་བྱ་ཅི་ཐུབ་བྱ་དགོས།

                                             གཉིས་པ། བྱིས་པར་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་བསླབ་པ།

  རྒན་པ་ལ་བཀུར་བསྟི་དང་ཆུང་བ་ལ་བྱམས་སྐྱོང་བྱེད་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་བླ་ན་མེད་པའི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་ལ།གལ་སྲིད་འདི་ལྟ་བུའི་སྲོལ་རྒྱུན་བཟང་པོ་ཞིག་མེད་ཚེ།ང་ཚོའི་འགྲོ་བ་མིའི་རིགས་འདི་གནའ་སྔ་མོ་ནས་ངོ་ཚ་ཁྲེལ་མེད་དང་གཡོ་རྒྱུ་ཁྲམ་གསུམ་གྱི་མཐོ་རིམ་སྲོག་ཆགས་ཡ་ང་བ་ཞིག་དུ་གྱུར་ཡོད་པར་གདོན་མི་ཟ།དེ་བས་སྐབས་བབ་ཀྱི་གླེང་གཞི་སྟེ་ཁྱིམ་གྱི་སློབ་གསོའི་ཁྲོད་དུའང་རྒན་བཀུར་ཆུང་བྱམས་དང་ངོ་ཚ་ཁྲེལ་ཡོད་ཀྱི་བྱ་སྤྱོད་འདི་ཧ་ཅང་གལ་ཆེ་སྟེ། ཕ་མ་རྣམས་ཀྱིས་རང་གི་བྱིས་པ་ལ་སྔ་མོ་ནས་རྒན་བཀུར་ཆུང་བྱམས་ཀྱི་གོམས་གཤིས་ཡག་པོ་ཞིག་ལོབས་སུ་འཇུག་དགོས་མ་ཟད་བྱིས་པས་ཕ་མ་དང་རྒན་པ།ཐ་ན་བྱིས་པ་ཕན་ཚུན་བར་སྡུག་དམོད་དང་མི་ལེགས་པའི་རྣམ་འགྱུར་སོགས་སྟོན་སྐབས་ཕ་མས་དེ་ལ་འཕྲལ་མར་སློབ་གསོ་བཏང་ནས་དེ་འདྲའི་སྤྱོད་ཚུལ་མི་ལེགས་ཞེས་རྒྱུན་དུ་ཁ་ཏ་སློབ་གསོ་གཏོང་དགོས་པ་དང་།ད་དུང་མི་གཞན་པའི་མིང་གི་འབོད་ཚུལ་དུའང་ཆེ་བ་ལ་ཨ་ཁུ་དང་ཨ་ནེ།ཕུ་བོ་དང་རྨོ་རྨོ་ཞེས་འབོད་ཚུལ་བསླབ་རྒྱུ་དང་ཆུང་བ་ལ་ནུ་བོ་དང་ནུ་མོ།སྲིང་མོ་དང་གཅེན་མོ་ཞེས་བཀུར་ཚིག་དང་གཅེས་ཚིག་གི་འབོད་ཚུལ་བསླབ་དགོས། གལ་སྲིད་དེ་ལས་ལྡོག་ན། ང་ཚོས་ནམ་རྒྱུན་མཐོང་གསལ་ལྟར་བྱིས་པ་ལ་ལས་རང་ལས་ཆེ་བའི་མི་ཞིག་ལ་རང་གི་ལོ་ཚོད་དང་མཐུན་པ་ལྟར་བཀུར་ཚིག་དང་གཅེས་ཚིག་ཅི་ཡང་མེད་པར་མིང་གིས་ཇི་བཞིན་དུ་བོས་ན་མིག་ལ་མི་མཛེས་བར་མ་ཟད་རྣ་ལའང་མི་སྙན་པ་ཞིག་རེད།དེ་བས་རྒན་ལ་གུས་བཀུར་དང་གཞོན་ལ་བྱམས་སྐྱོང་གི་སྲོལ་བཟང་འདི་དང་ཐོག་ཁྱིམ་གྱི་སློབ་གསོའི་བདག་པོ་སྟེ་ཕ་མ་རྣམས་ནས་འགོ་བརྩམས་ཏེ་རང་གི་བྱིས་པར་བསླབ་ན་བྱིས་པས་ནམ་ཡང་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་རྒྱུད་འཛིན་བྱས་ནས་མི་དང་མིའི་འབྲེལ་བ་ཇེ་ཟབ་དང་སྤྱི་ཚོགས་འཆམ་མཐུན་གྱི་བྱ་གཞག་ལའང་སྔ་ན་མེད་པའི་བྱས་རྗེས་རླབས་ཆེན་འཇོག་ཐུབ་ངེས་ཡིན་ལ།《སྤྱི་འབྲེལ་རིག་པའི》ནང་དུའང“བཀུར་ཚིག་དང་ཞེ་ཚིག་ནི་མི་དང་མི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བའི་ཐོག་མའི་ཆ་རྐྱེན་ཡིན”ཞེས་བཤད་ཡོད་པ་ལས་ཀྱང་བྱིས་པར་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་བསླབ་རྒྱུ་དེ་ནི་ཕ་མ་ཀུན་གྱི་ཡིད་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ཡིན་པར་སྙམ།

                                              གསུམ་པ། བྱིས་པར་བྱམས་དང་སྙིང་རྗེ་ཡི་སེམས་ཁམས་སྐྲུན་པ།

  ད་ལྟ་འཛམ་གླིང་གི་མི་བུ་ཀུན་གྱི་གླེང་གཞིར་གྱུར་བ་ནི་ཞི་བདེ་དང་འཆམ་མཐུན་ཡིན་མོད།ཐོག་མར་བྱམས་དང་སྙིང་རྗེ་ཡི་རྨང་གཞི་ཞིག་ཡོད་པ་ན་ཞི་བདེ་དང་འཆམ་ཞེས་པའི་ཐ་སྙད་འདི་རང་ཤུགས་ཀྱིས་མངོན་འགྱུར་བྱ་ཐུབ་ངེས་ཡིན་ཏེ། འཛམ་གླིང་གི་རྒྱན་དུ་གྱུར་བའི་མཁས་པ་རྣམས་ཀྱིས་ཀྱང“མི་ལ་ཆེས་རྒྱན་དུ་གྱུར་བ་ཞིག་ཡོད་པ་ནི་གཞན་གཅེས་གཞན་ཕན་གྱི་བསམ་པ་བཟང་བོ་དེ་ཡིན”ཞེས་བཤད་ཀྱིན་ཡོད།དེ་བས་ཕྱིའི་རྒྱུ་ནོར་གྱི་འབྱོར་བ་ཇི་འདྲ་བཟང་ནའང་།ནང་སེམས་རྒྱུད་ཀྱི་འབྱོར་བ་དེ་ལྟར་དབུལ་ན་ཞི་བདེ་དང་འཆམ་མཐུན་གྱི་གེགས་སུ་འགྱུར་བའི་ཉེན་ཁའང་ཡོད་པས། མི་ལ་ཆུང་བྱིས་པའི་དུས་ནས་བཟུང་གཞན་གཅེས་གཞན་ཕན་གྱི་སེམས་རྒྱུད་བཟང་བོ་ཞིག་སྐྲུན་ཆེད་གཞན་གནོད་གཞན་གནག་གི་བསམ་པ་དེ་རིང་དུ་དོར་ནས་ཆུང་བ་གྲོག་མ་ཙམ་ཡང་གསོད་མི་ཕོད་པའི་བྱམས་དང་སྙིང་རྗེའི་སེམས་ཁམས་སྐྲུན་དགོས་པ་མ་ཟད་ད་དུང་དོན་མེད་དུ་སྒོ་ཟོག་དང་། སྒོ་ཁྱི། ཁྱིམ་བྱ་སོགས་ཉམ་ཆུང་གི་སྲོག་ཆགས་ལ་གཅར་རྡུང་དང་རང་བྱུང་ཁོར་ཡུག་གི་མཛེས་པ་ལ་གནོད་པ་གཏོང་མི་ཉན་པའི་བག་ཆགས་ཟབ་མོ་འཇོག་དགོས་པ་ཡིན།

  དོན་དངོས་ཀྱི་ཉམས་མྱོང་ལ་གཞིགས་ན། བྱིས་པས་རང་གི་ཕ་མས་བཤད་པའི་སྐད་ཆ་དེ་ནམ་ཡང་སེམས་སུ་འཛིན་ངེས་ཡིན་པས་ཕ་མ་རྣམས་ཀྱིས་རྒྱུན་དུ་རང་གི་བྱིས་པར་ཁ་ཏ་སློབ་གསོ་བཏང་ན་དགེ་རྒན་ལས་ལྷག་པའི་གོ་ཆེན་པོ་ཆོད་ངེས་ཡིན།དཔེར་ན། བོད་རིགས་ཡབ་མེས་རྣམས་ཀྱི་བཤད་རྒྱུན་ལ་ཁོར་ཡུག་དང་། ལྗོན་ཤིང་།རྩི་ཤིང་། མེ་ཏོག་བཅས་ལ་གནོད་སྐྱོན་བཏང་ཚེ་རང་གི་གཟུགས་མི་སྐྱེ་བ་དང་རྐང་ལག་ཞ་འགྲོ་བ་དང།བྱ་དང་བྱེའུ་སོགས་བསད་ན་ཁྱིམ་གྱི་སྒོ་ཕྱུགས་སོགས་ཤི་སྟེ་ཁྱིམ་ལ་གྱོང་གུད་རྒྱག་པའི་བཤད་སྲོལ་ཡོད་པས།བོད་ཀྱི་བྱིས་པ་ཙམ་གྱིས་ཀྱང་སྲོག་ལྡན་གྱི་སྲོག་གཅོད་མི་ཉན་པ་དང་ཁོར་ཡུག་ལ་གཏོར་བརླག་བྱེད་མི་ཉན་པའི་གོམས་གཤིས་དེ་སྔ་མོ་ནས་ཆགས་ཡོད་པ་རེད། སྤྱིར་ན་དོན་དངོས་ཐོག་གོང་གསལ་གྱི་བཤད་རྒྱུན་དེ་དེ་འདྲའི་ཚབ་ཆེན་ཞིག་མིན་ནའང་དེ་ནི་ཡབ་མེས་ཚོས་རང་གི་བྱིས་པར་སློབ་གསོ་གཏོང་བའི་ཐབས་ལམ་ཤིག་ཡིན་པས་རྗེས་རབས་པས་ཀྱང་དེ་ལས་ཐོབ་པའི་སྲུང་སྐྱོང་གི་འདུ་ཤེས་དེ་རྒྱུན་འཛིན་བྱས་ཡོད་པ་ཡིན།དེ་བས་ཁྱིམ་ཀྱི་སློབ་གསོ་གཏང་པའི་ཕ་མ་རྣམས་ཀྱིས་ཀྱང་བློ་དང་ཐབས་ཀྱི་བཀོད་པ་ཡང་དག་ཅིག་གིས་བྱམས་སེམས་ཀྱི་འཇིག་རྟེན་གསར་པ་ཞིག་སྐྲུན་པར་དེང་ཐོག་རང་གི་བྱིས་པ་ནས་འགོ་འཛུགས་དགོས་པར་སྙམ།

                                            བཞི་བ། སློབ་ལོ་རན་པའི་བྱིས་པའི་ཁྱིམ་གྱི་སློབ་གསོ།

  སྤྱིར་སློབ་ལོ་རན་པའི་བྱིས་པ་ཞིག་ཡིན་ན་བློས་ཐེག་ཚོད་ཀྱིས་ཕྱོགས་ཡོངས་ནས་སློབ་གསོ་མྱང་ཐུབ་པ་མ་ཟད་ཉིན་རེ་བཞིན་ལུས་སེམས་ཀྱང་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་སྟབས།ལོ་བཞི་ལྔ་ཅན་གྱི་བྱིས་པ་དག་ལ་སློབ་གསོ་གཏོང་བའི་ཐབས་ལམ་དང་ཅུང་མི་འདྲ་བར་སྔོན་དང་བསྡུར་ན་ཅུང་གཏིང་ཟབ་པ་དང་བསམ་གཞིག་གཏང་རྒྱུ་ཡོད་པའི་སྒོ་ནས་སློབ་གསོ་གཏོང་དགོས་པ་ཡིན་ལ་།དེ་ལྟར་བྱས་ན་སློབ་མའི་རང་སྟོབས་ཀྱི་ནུས་བ་དང་བསམ་གཞིག་གི་ནུས་པ།ད་དུང་དབྱེ་ཞིབ་ཀྱི་ནུས་པ་བཅས་ཇེ་ཆེར་འགྲོ་ངེས་རེད། དེའི་ཕྱིར་ཕ་མ་རྣམས་ཀྱིས་དེའི་རྒྱུན་དུ་རང་གི་བྱིས་པར་གོ་སླ་བ་དང་བསམ་གཞིག་གཏང་རྒྱུ་ཡོད་པའི་ཡ་རབས་སྤྱོད་བཟང་གི་དྲི་བ་སྣ་ཚོགས་འདོན་སྤེལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སློབ་མའི་བསམ་བློ་ཀུན་སྤྱོད་ཇེ་བཟང་ཇེ་ལེགས་སུ་བཏང་ནས་སློབ་མའི་སེམས་ཕུགས་སུ་སྤྱོད་ལམ་ལེགས་པོ་ཞིག་ལྡན་དུ་བཅུག་ན་གཞི་ནས་སློབ་མིའི་བརྩོན་སེམས་ཇེ་དྲགས་དང་ཕུགས་འདུན་ཇེ་རིང་དུ་འགྲོ་བ་མ་ཟད་སྤྱི་ཚོགས་ཀྱི་དགོས་མཁོ་དེ་བས་ཀྱང་སྐོང་ཐུབ་ངེས་ཡིན། 

དཔྱད་གཞིའི་ཡིག་ཆ།

« ཐོན་མིའི་ཞལ་ལུང »ཚེ་ཏན་ཞབས་དྲུང་གིས་བརྩམས།ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2005.6
« ཁོར་ཡུག་སྲུང་སྐྱོབ »བསམ་འགྲུབ་ཀྱིས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
«སློབ་གསོའི་ཐར་ལམ་རྣམ་བཤད།»གཅན་རོང་བསྟན་འཛིན་གྱིས་བརྩམས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2005.12
« བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཞག་སྔོན་མེད་རིག་པའི་འཕྲུལ་ཤེས།»ཚེ་དབང་ལྷ་མོས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998.6
«སྤྱི་འབྲེལ་རིག་པའི་རྣམ་བཤད»ཁྲི་བསམ་གཏནདང་དགེ་འདུན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
《民族教育实践与探索》木多著青海民族出版社2003.10
教育部民族教育司司长夏铸在2005全国民族院校书记、院(校)长联席会议暨教学工作现场会上的讲话

 

                                                                                            རྩོམ་སྒྲིག་པ། སྐྱ་བོ།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།