གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་སྐད་ཆགས་པ་ལ་སྤྱི་སྐད་ཀྱི་རྩོམ་རིག་དར་དགོས།

2016-03-21 13:54:00 གུ་རུ། ཀློག་གྲངས། མཆན ཡོད།

དིང་སང་བོད་ཀྱི་སློབ་གྲྭ་ཆེ་མོ་ཁག་ཏུ་བོད་ལ་སྤྱི་སྐད་དགོས་མིན་གྱི་དྲི་བ་བྱུང་ཚེ། ཕལ་ཆེར་དགེ་སློབ་ཆ་ཚང་གིས་དགོས་དང་དགོས། སྤྱི་སྐད་མེད་ཚེ་འབྲེལ་འདྲིས་ཉུང་། འབྲེལ་འདྲིས་མེད་པས་ཁ་ཐག་ཀྱང་རིང་དུ་སོང་ཏེ་ནམ་ཞིག་ཐུན་མོང་གི་འདུ་ཤེས་རང་ཅག་གོང་བུ་གཅིག་ཏུ་སྒྲིལ་བྱེད་འདིའང་རྩ་ཉམས་སུ་འགྲོ་བའི་ཉེན་ཁ་ཆེ་ཞེས་ལབ་པ་དང་། དེའི་སྐོར་ལ་ཉམས་ཞིབ་ཡོད་མཁན་ཞིག་ཡིན་ཚེ། ལུང་རིགས་དཔེ་གསུམ་ལ་སྦྱར་ནས་རྒྱུ་མཚན་མང་པོ་ཞིག་བཤད་ཡོང་། དྲི་བ་འདིར་དང་དོད་ཆེན་པོ་བྱས་པས་མ་ཚད། གྲོས་མགོ་གཅིག་ལ་བཞག་ནས་ཐག་གཅོད་ཐུབ་པ་འདི་མི་ཆེ་གེ་མོ་ཞིག་གིས་བཀས་བཅད་ཆོག་པའམ། ཉིན་ཞག་རེ་ཟུང་ལ་འཕྲལ་མར་བྱུང་ཐུབ་པ་ཞིག་མ་ཡིན་པར། བོད་མིའི་སྤྱི་ཚོགས་དང་བསམ་བློ་ལ་འགྱུར་བ་རབ་དང་རིམ་པ་བྱུང་བ་སོགས་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་རག་ལས་ཏེ། དེའི་སྐོར་བཤད་ནས་གླེང་རྒྱུ་མང་ཡང་སྐབས་འདིའི་དམིགས་བྱ་མ་ཡིན་པས་ཤུལ་ཏུ་བཞག

 འོ་ན་བོད་མི་ཆ་ཚང་གིས་སྤྱི་སྐད་འདོད་དམ་ཞེ་ན། དེའང་ལབ་ཁག་པོ་ཆགས་ཡོད་དེ། ས་གནས་ཆུང་ཆུང་རང་ན་འཚོས་པའི་བོད་པ་ཚོར་མཚོན་ན། སྤྱི་སྐད་ལ་བཀོལ་སྤྱོད་ཀྱི་རིན་ཐང་ཆེར་མེད་དེ། རེབ་གོང་དུ་ཚོང་གཉེར་བ་ལ་ལྷ་སའི་སྐད་སྨྲ་བའི་དོན་ཆུང་ལ། དེ་བཞིན་དུ་ལྷོ་ཁའི་ཡུལ་ཚོ་ཞིག་ཏུ་ཨ་མདོའི་སྐད་སློབ་པ་ལ་དགོས་པ་ཆེར་མི་རྙེད། སྤྱི་སྐད་ཤེས་ན་ས་གནས་སོ་སོའི་བོད་མིས་ཕན་ཚུན་རྒྱུས་ལོན་པས་ཕན་མི་ཆེའམ་ཞེ་ན། གནས་ལུགས་དེ་ལྟ་བུ་ཡིན་ཡང་། མདོ་དབུས་ཁམས་གསུམ་དུ་འཚོས་པའི་མང་ཚོགས་ཕལ་མོ་ཆེས་ཕན་ཚུན་ལ་འབྲེལ་འདྲིས་རྒྱ་ཆེར་བྱེད་ཀྱི་མེད་པ་དང་། རྒྱུན་ལོན་ཞེས་པའང་དྲ་བ་དང་བརྙན་འཕྲིན་ལ་བརྟེན་པ་ཤས་ཆེ་བས་འཚོ་བ་དངོས་དང་ཐད་ཀར་འབྲེལ་མེད། དེའི་རྒྱུ་མཚན་གྱིས། སྤྱི་སྐད་ལབ་མཁན་དང་སྤྱི་སྐད་ཀྱི་ལས་དོན་སྒྲུབ་མཁན་ཕལ་ཆེར་སློབ་གྲྭ་ཆེ་མོ་ཁག་ནས་བྱུང་བ་ཡིན་ཏེ། དེ་ལ་མདོ་དབུས་ཁམས་ཀྱི་སློབ་མ་མཉམ་སྡོད་བྱས་པའི་ཁོར་ཡུག་ཡོད་པ་དང་། སློབ་གསོ་མྱངས་ཏེ་རིགས་དང་སྐད་ཡིག་གི་རིན་ཐང་ཤེས་མཁན་མང་པས་ཐུན་མོང་གི་ལས་སྒྲུབ་པ་ལ་སྤྱི་སྐད་ཅིག་མེད་ཐབས་མེད་པའི་གོ་རྟོགས་སད་ཡོད། དེའང་རང་ཅག་ཁོ་ན་འདི་འདྲ་ཡིན་པ་མ་ཡིན་ཏེ། རྒྱ་ནག་གི་སྤྱི་སྐད་དར་ཁྱབ་བཏང་བའི་གོ་རིམ་ཁྲོད། ཧུའུ་ཧྲི་དང་ལིའུ་ཧྲུའུ་ཞང་སོགས་རྒྱ་ནག་གི་བརྡ་སྤྲོད་སྨྲ་བ་ཚོས་དམངས་ཁྲོད་ནས་ཐད་ཀར་དར་ཁྱབ་གཏོང་མི་ཐུབ་པར་སློབ་གྲྭ་ཆེ་མོ་ཁག་གིས་སྣེ་ཁྲིད་དེ་སྤྱི་སྐད་སྨྲ་བའི་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། རིམ་གྱིས་སློབ་གྲྭ་ཆུང་འབྲིང་ཁག་ཏུ་སྤྱི་སྐད་ཀྱིས་སློབ་ཁྲིད་བྱས་ཏེ་དར་ཁྱབ་གཏོང་དགོས་པའི་གྲོས་གཞི་བཏོན་ཞིང་དོན་ལའང་དེ་ལྟར་བྱས་ཏེ་གྲུབ་འབྲས་བླངས་པའི་ཚུལ་ལ་ལྟོས། བོད་ལ་དེ་དང་མི་འདྲ་བའི་གནས་ཚུལ་དམིགས་བསལ་བ་མང་པོ་ཡོད་ཀྱང་། སྤྱི་སྐད་དར་ཁྱབ་གཏོང་བར་ཐོག་མར་སློབ་གྲྭ་ཆེ་མོ་ནས་མགོ་རྩོམ་དགོས་པ་འདི་བོད་ཀྱི་གནས་བབ་ལའང་མཐུན་ཞིང་འདི་ལས་རྒྱུན་ཆགས་པའི་ཐབས་ཤིག་གཞན་ཏུ་རྙེད་དཀའ།  སློབ་གྲྭ་ཆེ་མོ་ཁག་ནས་སྤྱི་སྐད་ལབ་ཤེས་མཁན་གསོ་སྐྱོང་བྱས་ཚེ ། བོད་ལ་སློབ་ཆེན་པ་ག་ཚོད་བྱུང་ན་དེ་དག་གིས་སྤྱི་སྐད་ཀྱི་རིན་ཐང་ཤེས་ཤིང་སྤྱི་སྐད་ལབ་ཤེས་པ་ཡིན་ལ། དེ་ལྟ་བུ་མང་ནས་མང་དུ་ཕྱིན་ཚེ་ལྗོན་པའི་ཡན་ལག་རྒྱས་པ་ཇི་བཞིན་དུ་མདོ་དབུས་ཁམས་གསུམ་དུ་ཁྱབ་ཏེ་སྤྱི་ཚོགས་ཧྲིལ་བོར་སྤྱི་སྐད་ཀྱི་འདུ་ཤེས་ངང་གིས་ཆགས་ཐུབ་པའི་རེ་བ་ཡོད།

འོན་ཏེ། སྤྱི་ཚོགས་ཡོངས་ནས་སྤྱི་སྐད་སྤྱོད་པ་ལ་སློབ་གྲྭ་ཆེ་མོ་ཁག་གིས་སྣེ་ཁྲིད་པ་ཙམ་གྱིས་མི་ཡོང་བར། དེ་ལ་རྒྱབ་ཁབ་ཀྱི་ཁྲིམས་དང་སྤྱི་ཚོགས་ཀྱི་སྨྱན་ལམ། ཁ་གཏད་ཀྱི་ལས་ཁུངས། ཞིབ་འཇུག་གི་འབྲས་བུ་སོགས་ཀྱིས་རྒྱབ་ཏུ་སྐྱོབ་ཏེ་མདུན་ནས་བསུ་དགོས་ལ། དེ་ལྟར་དུ་བྱས་ཚེ་ད་གཟོད་དོན་ཐོག་ཏུ་འཁྱོལ་ཐུབ་པ་ཞིག་ཡོང་།  ཡིན་ནའང་འདིར་དེ་དག་བཏང་སྙོམས་སུ་བཞག་ཏེ་འུ་ཅག་མི་སྒེར་སོ་སོ་ནས་སྒྲུབ་ཐུབ་པ་ཞིག་དང་སྒྲུབ་འོས་པ་ཞིག་ལབ་འདོད་དེ། དེ་ནི་སྤྱི་སྐད་ཀྱི་རྩོམ་རིག་དར་བར་བྱེད་རྒྱུ་དེ་རེད།

འོ་ན་སྤྱི་སྐད་རྩོམ་རིག་ཅེས་པ་གང་ལ་གོ་ཞེ་ན། དེ་ལ་སྒྲ་གདངས་དང་བརྡ་སྤྲོད། ཐ་སྙད་བཅས་ཕྱོགས་གསུམ་ནས་གླེང་དགོས་ཏེ།  སྒྲ་གདངས་ཀྱི་ཚད་གཞིའི་སྐོར་ལ་བརྡ་སྤྲོད་ཞིབ་འཇུག་པ་ཚོར་བཞེད་ཚུལ་མི་འདྲ་བ་ཡོད་ཀྱང་། ཕལ་ཆེར་བས་ལྷ་སའི་ཡུལ་སྐད་ཀྱི་སྒྲ་གདངས་ཚད་གཞིར་བཟུང་ཏེ། སྔོན་མིང་རྗེས་གསུམ་གྱི་གདངས་ཨམ་སྐད་དང་བསྟུན་དགོས་པར་འདོད། དིང་སང་བོད་ཀྱི་སློབ་གྲྭ་ཁག་དང་སྤྱི་ཚོགས་སུ་ལབ་ཀྱིན་པའི་སྤྱི་སྐད་ཀྱི་གདངས་ཤིག་ཡོད་པ་དེ། ལྷ་སའི་སྐད་ལ་བསྟུན་ཡོད་ཀྱང་ལྷ་སའི་སྐད་རང་ཡང་མིན་པར་ཨམ་སྐད་དང་ཁམས་སྐད་ཀྱི་ཤན་ཤུགས་ཡོད། སྒྲ་གདངས་རིག་པའི་ཞིབ་འཇུག་གིས་ཚད་གཞི་ཡང་དག་ཅིག་གཏན་འཁེལ་བྱེད་མ་ཐུབ་པའི་གོང་ལ། ཁ་ཕྱོགས་དེ་ལྟ་བུ་ཞིག་བྱས་ཀྱང་ཕན་ཆེ་བ་ལས་གནོད་མི་ཡོང་བ་འདྲ། རྒྱ་ནག་གི་སྤྱི་སྐད་དར་ཁྱབ་གཏོང་བའི་དུས་མགོ་སྟེ1920ལོར། རྒྱ་ནག་གི་སྤྱི་ཚོགས་སུའང་སྤྱི་སྐད་ལ་ལྷོ་བྱང་གཉིས་ཀྱི་གདངས་གང་འདེམས་འོས་པའི་སྐོར་ལ་རྩོད་གླེང་ཆེན་པོ་བྱུང་མྱོང་སྟེ། ཀྲང་ཧྲི་ཡི་སོགས་ཀྱིས་པེ་ཅིན་གྱི་སྒྲ་གདངས་ཁོ་ན་ཚད་གཞིར་འཛིན་དགོས་པར་འདོད་ཅིང་། དེ་ལ་རྒོལ་མཁན་གྱིས་པེ་ཅིན་གྱི་གདངས་རྩ་བ་བྱས་ཏེ་ལྷོ་བྱང་གཉིས་ཀའི་གདངས་ལའང་བསྟུན་དགོས་པར་བཤད་མྱོང་པས། ཐོག་མ་ནས་གྲོས་ཐག་གཅིག་ལ་ཞོག་པ་མ་ཡིན་པར་རིམ་གྱིས་གཅིག་གྱུར་གྱི་ལམ་ལ་སོང་བ་ཡིན། དེ་བས་བོད་ལའང་དེ་ལྟ་བུའི་བསམ་ཚུལ་མི་འདྲ་བ་བྱུང་བ་འདི་མཐའ་གཅིག་ཏུ་ལྟས་ངན་པའི་ངེས་པ་ག་ལ་ཡོད།

བོད་ཀྱི་སྤྱི་སྐད་ཀྱི་བརྡ་སྤྲོད་སྐོར་ལ་ཉམས་ཞིབ་བྱེད་མཁན་ལྟོས་བཅས་ཀྱིས་ཉུང་ལ། དེའང་ཡུལ་སྐད་སོ་སོའི་བརྡ་སྤྲོད་ལ་ཁྱད་པར་ཆེར་མེད་པས་རེད། ཡིན་ནའང་། སྤྱི་སྐད་ནས་རྩོམ་པར་འཇུག་པ་ལ་ད་ལྟ་འུ་ཅག་གིས་སྨྲ་བཞིན་པའི་སྤྱི་སྐད་འདི་ལ་བསྟུན་ཅི་ཐུབ་ཀྱིས་ཡིག་ངོར་ཕབ་དགོས། དེ་ལའང་གསར་འགྱུར་དང་གླུ་ཚིག གཏམ་བཤད་ཐར་ཐོར་སྤྱི་སྐད་ཀྱི་བརྗོད་སྲོལ་ལྟར་བྲིས་པས་མི་ཆོག་པར། ངེས་པར་དུ་བརྗོད་སྲོལ་དེ་བཞིན་དུ་བྱས་པའི་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་ཕོན་ཆེན་པོར་རྩོམ་དགོས་པ་ཡིན། སྤྱི་སྐད་ཀྱི་བརྗོད་སྲོལ་ཞེས་པ་འདིའང་སྤྱི་སྐད་ཀྱི་བཤད་སྟངས་ལ་གོ་དགོས་པ་ལས། སོ་སོའི་ཡུལ་སྐད་དང་ལུང་སྐད་ལྟར་བྲིས་པའི་བརྩམས་ཆོས་དག་མི་འདུས་ཏེ། དེ་རིགས་ནི་ཡུལ་སྐད་བྱེ་བྲག་པ་གང་ཞིག་ཡིག་ངོར་ཕབ་པ་ལས་སྤྱི་སྐད་རྩོམ་ཡིག་དར་བའམ་སྤྱི་སྐད་ཆགས་པ་ལ་ཕན་ཆེར་མི་ཐོགས།

ཐ་སྙད་ཀྱི་སྐོར་ནས་ཡུལ་སྐད་སོ་སོའི་ཐ་སྙད་སྤྱོད་སྒོ་ཆེ་བ་དག་འཚོལ་སྡུད་བྱས་ཏེ་སྤྱི་སྐད་དུ་བཀོལ་དགོས། འདི་ལ་འུ་ཅག་གི་བློ་སྒོ་འབྱེད་ནུས་པའི་དཔེ་རན་པོ་གཅིག་འདྲེན་རྒྱུ་ཡོད་དེ། ད་ལྟའི་ཀྲུང་གོའི་སྐམ་སར་སྤྱོད་པའི་རྒྱ་སྐད་དང་ཐེ་ཝན་དུ་སྤྱོད་པའི་རྒྱ་སྐད་གཉིས་བསྡུར་ཚེ། སྐམ་སའི་རྒྱའི་སྐད་ཡིག་ནི་སྐད་ཆ་བཤད་སྟངས་དང་ཐ་སྙད་གཉིས་ཀྱི་ཆ་ནས་ཐེ་ཝན་ལས་ཕུན་སུམ་ཚོགས་པོ་ཆགས་ཡོད། དེའི་རྒྱུ་མཚན་ཡང་སྤྱི་སྐད་གཏན་འཁེལ་བྱེད་པའི་གོ་རིམ་ཁྲོད། སྐམ་སའི་བརྡ་སྤྲོད་ཞིབ་འཇུག་པ་ཚོས་ཡུལ་སྐད་སོ་སོའི་ཐ་སྙད་སྤྱོད་སྒོ་ཆེ་བ་དག་འཚོལ་སྡུད་བྱས་ཏེ་སྤྱི་སྐད་དུ་སྤྱད་པས་ཡིན་པ་དང་། ཐེ་ཝན་དུ་སྔར་དཔེ་དེབ་ཏུ་འཁོད་པ་གཙོར་བཟུང་ཏེ་ཡུལ་སྐད་ལ་དོ་སྣང་ཆེར་མ་བྱས་པས་སྐད་ཆ་ལབ་སྟངས་དང་ཐ་སྙད་གསར་བ་མང་པོ་བྱུང་མེད་པས་རེད། བརྒྱ་བཤད་ཚིག་གི་རྩ་བར། སྤྱི་སྐད་ཟེར་དུས་རབ་རིབ་ཙམ་གྱིས་མི་ཡོང་བར་སྒྲ་གདངས་དང་བརྡ་སྤྲོད། ཐ་སྙད་བཅས་ཚན་ལྡན་གཏན་འཁེལ་ཞིག་དགོས་མོད། སྤྱི་སྐད་གཏན་ཆགས་པ་ཞིག་མ་བྱུང་བར་དུ་གོང་དུ་སྨྲས་ཟིན་པའི་སྤྱི་སྐད་ཀྱི་བརྗོད་སྲོལ་དང་སྤྱོད་སྟངས་ལྟར་སྤྱི་སྐད་རྩོམ་རིག་ལ་འབད་དགོས་པ་ཡིན། ནམ་ཞིག་སྤྱི་སྐད་ལ་གདངས་འདི་དག་དང་བརྗོད་སྲོལ་འདི། ཐ་སྙད་དེ་སྔར་ཡུལ་སྐད་བྱེ་བྲག་པ་ཡིན་ཡང་ད་ལྟ་སྤྱི་སྐད་དུ་སྤྱོད་ཅེས་པ་ཞིག་བྱུང་ཚེ། དེ་དུས་སྤྱི་སྐད་ཚད་ལྡན་ཞིག་ངང་གིས་བྱུང་བ་ཡིན།  

འོ་ན་སྤྱི་སྐད་ཆགས་པ་ལ་སྤྱི་སྐད་རྩོམ་རིག་དར་དགོས་དོན་ཅི་ཞེ་ན། དེ་ལ་ཐོག་མར་དཔེ་འདི་ལྟ་བུ་ཞིག་ལབ་རྒྱུ་ཡོད་དེ། རྒྱ་ནག་གི་སྤྱི་སྐད་ཐོག་མར་གཏན་འབེབས་བྱེད་དུས། སྒྲ་གདངས་སྐོར་ལ་རྩོད་གླེང་བྱུང་ཞིང་། དར་ཁྱབ་གཏོང་བ་ལའང་དཀའ་ངལ་མང་པོར་འཕྲད་མྱོང་།  གནད་དོན་དེ་རིགས་ལ་དམིགས་ནས་ཧུའུ་ཧྲིས་སྤྱི་སྐད་དར་བ་ལ་སྤྱི་སྐད་ཀྱི་རྩོམ་རིག་དར་དགོས་པར་བསྒྲགས་ནས་སྐབས་དེའི་ཤེས་ཡོན་དག་གིས་སྤྱི་སྐད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་འབྲི་དགོས་པར་བསྐུལ་མྱོང་། དེའི་རྒྱུ་མཚན་ཡང་སྤྱི་སྐད་རྩོམ་རིག་དར་ཐུབ་ཚེ་སྤྱི་སྐད་རང་རྐྱ་ཕེར་བ་ཞིག་དང་རང་ཚུགས་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པས་ཡིན། ཆིན་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་རྒྱ་ནག་ལ་སྤྱི་སྐད་དགོས་ཤིང་ཁ་སྐད་ལ་ཕྱོགས་དགོས་པའི་གྲོས་གཞི་འདོན་མཁན་གྱི་ཤེས་ཡོན་པ་མང་པོ་བྱུང་ཡང་། དེ་དག་གིས་སྤྱི་སྐད་དང་ཁ་སྐད་ནི་འབངས་མི་སེར་གྱིས་སྤྱོད་དགོས་པ་ཞིག་ཡིན་པ་ལས་མཁས་པའི་སྐད་དང་ཡི་གེ་མ་ཡིན་པར་བསམས་ཏེ་རྩིས་ཆེན་པོ་མ་བྱས་པས་དོན་ཐོག་ཏུ་མ་བབས་པ་ཡིན། ད་ལྟའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ནའང་། དེ་ལྟ་བུའི་གནས་ཚུལ་མེད་ཤག་ཤག་ཅིག་ག་ལ་ཡིན། རྒན་རབས་པ་མ་ཟད། གཞོན་སྐྱེས་ཤེས་ཡོན་པ་མང་པོས་ཀྱང་མཁས་པའི་སྐད་ཟེར་ན་བསྟན་བཅོས་ཀྱི་སྐད་ཡིན་པ་དང་། གོ་དཀའ་ཞིང་ཤིན་ཏུ་བསྡུས་པའི་ཚིག་སྦྱོར་ནི་ཟིལ་ཆེ་ལ་བརྗིད་ཆགས་པར་འདོད་པ་དང་། སྔར་གྱི་བསྟན་བཅོས་ཀྱི་ལུགས་ལྟར་བྱས་ཚེ་བོད་སྐད་དག་མ་རྣལ་མ་ཡིན་པར་བསམས་པ་སོགས་སྤྱི་སྐད་དགོས་དགོས་ཀྱང་། མཁས་པའི་གྲལ་ཞུགས་པ་ལ་སྤྱི་སྐད་ལས་ཐ་དད་པའི་སྐད་ཆ་དང་འབྲི་སྟངས་ཤིག་སློབ་དགོས་པར་འདོད་ཡོད། བསམ་ཚུལ་འདི་ལྟ་བུས་སྤྱི་ཚོགས་ཧྲིལ་བོ་ནས་སྤྱི་སྐད་སྤྱོད་ཐུབ་པ་ལ་ཏག་ཏག་གེགས་བཟོ་བ་ཡིན་པས། དེ་སེལ་བ་ལ་སྤྱི་སྐད་རྩོམ་རིག་དར་བ་ལས་ཐབས་ཡག་པོ་མེད། སྤྱི་སྐད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་བྱུང་ནས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་གོ་གནས་ངེས་ཅན་ཞིག་འཛིན་ཐུབ་ཚེ། སྤྱི་ཚོགས་ཡོངས་ནས་སྤྱི་སྐད་ལ་དོ་སྣང་མ་སྤྲད་རང་སྤྲད་ཡིན་ལ། དེ་དང་ཆབས་ཅིག་ཏུ་སྤྱི་སྐད་ལ་ལྟ་སྟངས་གསར་བ་ཞིག་ཆགས་ཏེ་མཐོང་ཆེན་བྱེད་ངེས་ཡིན། དེ་དུས་སྤྱི་ཚོགས་ཧྲིལ་བོ་ནས་སྤྱི་སྐད་ནི་ཕལ་བའི་སྐད་དང་དཀྱུས་མའི་ཡི་གེ་ཞིག་མ་ཡིན་པར། དེ་ལ་བརྟེན་ནས་ཀྱང་རྩོམ་པའི་ལས་ལ་འཇུག་ཆོག་ཆོག་དང་། མཁས་པའི་གོ་འཕང་བརྙེས་ཐུབ་ཐུབ་ཡིན་ལ། སྔར་གྱི་བསྟན་བཅོས་ཇི་བཞིན་དུ་སྤྱི་སྐད་ཀྱི་ཚིག་སྦྱོར་ཡང་ཉམས་ཀྱིས་ཕྱུག་ཅིང་བརྗིད་ཉམས་དོད་པའི་འདུ་ཤེས་ཤིག་ངང་གིས་ཆགས་ཡོང་། དེའི་ཚེ་ན་སྤྱི་སྐད་དང་འཚོ་བ་ཐག་ཉེ་པོར་ཕྱིན་ཡོད་ལ། སྤྱི་སྐད་ཀྱི་བཀོལ་སྤྱོད་རིན་ཐང་ཡང་རང་བཞིན་གྱིས་ཆེ་རུ་འགྲོ་བ་ཡིན། དམངས་ཁྲོད་ནས་སྤྱི་སྐད་དར་ཁྱབ་འགྲོ་བ་ལ་ཐུན་མོང་གི་འདུ་ཤེས་ཙམ་གྱིས་རྒྱུན་མི་འཁྱོངས་ལ། ད་ལྟའི་བབ་འདིར་རྒྱབ་ཁབ་ཀྱི་ཁྲིམས་དང་ཞིབ་འཇུག་གི་གྲོས་ཚོགས་ཁ་ཤས་བསྡུས་པས་ཀྱང་དོན་ཐོག་ཏུ་མི་ཡོང་བས་ཕུ་དེད་ན་སྤྱི་སྐད་ཀྱི་བཀོལ་སྤྱོད་ཀྱི་རིན་ཐང་འདི་གཙོར་འཛིན་དགོས་པ་ཡིན། སྤྱི་སྐད་རྩོམ་རིག་དར་ཚེ་སྤྱི་སྐད་ཀྱི་སྤྱི་ཚོགས་ཀྱི་གོ་གནས་མཐོ་རུ་འགྲོ་ཞིང་མི་རྣམས་ཀྱིས་གཙིགས་ཆེར་འཛིན་ལ། དེར་བསྟུན་ནས་སྤྱི་སྐད་ཀྱི་བཀོལ་སྤྱོད་ཀྱི་རིན་ཐང་ཡང་ཆེ་རུ་འཕེལ་བ་ཡིན། བསམ་བློ་ཐོངས་དང་། རྩོམ་ཡིག་ཐར་ཐོར་དང་དཔྱད་རྩོམ་འགའ་ཤས་ཀྱིས་སྤྱི་ཚོགས་ཡོངས་ནས་སྤྱི་སྐད་དར་ཁྱབ་གཏོང་ཐུབ་བམ། དེ་ལ་བརྟེན་ནས་མི་རྣམས་ཀྱིས་སྤྱི་སྐད་ལ་དོ་སྣང་དང་རྩིས་ཆེན་བྱེད་དམ། བརྩམས་ཆོས་མེད་པར་སྤྱི་སྐད་ལ་རྒྱུས་ལོན་ཅི་ལྟར་བྱེད། འདི་ལྟར་བསམས་ཚེ་སྤྱི་སྐད་དར་བར་ཐོག་མར་སྤྱི་སྐད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་མི་རྣམས་ཀྱི་སྤྱན་སྔར་བཀྲམ་ནས་ལྟ་ཀློག་བྱེད་དུ་འཇུག་དགོས་པ་ཡིན།

ཀྲུང་གོ་བཙུགས་ཏེ་རྒྱ་ནག་གི་སྤྱི་སྐད་གཏན་འབེབས་བྱས་དུས། པེ་ཅིན་གྱི་སྒྲ་གདངས་དང་བྱང་ཁུལ་གྱི་བརྡ་སྤྲོད་གཙོར་བཟུང་བ་ནི་སྤྱི་སྐད་རྩོམ་རིག་གིས་རྨང་གཞི་བརྟན་པོ་བཏིང་ཡོད་པས་ཀྱང་ཡིན་ཏེ། སྤྱི་སྐད་གཏན་འཁེལ་མ་བྱས་གོང་ལ་བྱང་ཁུལ་གྱི་རྒྱའི་སྐད་ཡིག་གི་གདངས་དང་བརྡ་སྤྲོད་ཀྱི་ལུགས་ལྟར་གྱི་རྩོམ་རིག་བརྩམས་ཆོས་མང་པོ་བྱུང་ཏེ་སྤྱི་ཚོགས་སུ་དར་ཁྱབ་བྱུང་ཡོད་པས་རེད། བོད་ཀྱི་གནས་ཚུལ་ཡང་དེ་དང་འདྲ་པོ་ཡོད། སྤྱི་སྐད་ཀྱི་བརྩམས་ཆོས་མང་པོ་ཞིག་མ་བྱུང་ཚེ་སྤྱི་སྐད་བཀོལ་སྤྱོད་ཟེར་བ་མི་ཡོང་ལ། དེ་མ་བྱུང་བར་སྤྱི་སྐད་ཟེར་བ་འདི་གཞུང་ལུགས་སྐམ་པོ་ཞིག་དང་ཁ་གཡང་མདོ་མེད་ཅིག་ལས་མེད།  སྤྱི་སྐད་ཀྱི་རྩོམ་རིག་བརྩམས་ཆོང་མང་པོ་བྱུང་ཚེ། ཐ་དད་ནས་གཅིག་གྱུར་དང་། ཐར་ཐོར་ནས་ཚད་ལྡན་དུ་ཕྱོགས་ཏེ་བོད་ལ་སྤྱི་སྐད་ཚད་ལྡན་གཏན་ཆགས་ཤིག་འབྱུང་པར་ནུས་པ་གཞན་དུ་མེད་པ་ཐོན་ཐུབ་ལ། སྤྱི་སྐད་ཀྱི་བརྩམས་ཆོས་མང་པོས་རྨང་གཞི་འདིང་ཐུབ་ཚེ་སྤྱི་སྐད་ཚད་ལྡན་ཞིག་ཀྱང་ཆགས་ཐུབ།

མདོར་ན། སྤྱི་སྐད་དར་བ་ལ་རྒྱལ་ཁབ་ཀྱི་ཁྲིམས་དང་ལས་ཁུངས་ག་གེ་མོར་རེ་བཞག་བྱས་པས་མི་ཡོང་ལ། ཞིབ་འཇུག་གི་འབྲས་བུ་ཡང་དག་ཅིག་གིས་འཕྲལ་མར་གཏན་འཁེལ་བྱེད་ཐུབ་པ་ཞིག་ཀྱང་མ་ཡིན་པར། མི་སོ་སོ་ནས་སྤྱི་སྐད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་གང་ནུས་ཀྱིས་རྩོམ་དགོས། སྤྱི་སྐད་རྩོམ་རིག་གིས་སྤྱི་ཚོགས་ཡོངས་སུ་ཟིན་པའི་དུས་དེ་ལ་སྤྱི་སྐད་མི་དར་རང་དར་ཡིན། སྤྱི་སྐད་ཀྱི་ལམ་ནས་རྩོམ་པར་འཇུག་པ་ནི་གསར་རྩོམ་གྱི་ལས་ཤིག་ཡིན་པས་དཀའ་ངལ་མང་པོར་འཕྲད་སྲིད་མོད། གཞོན་སྐྱེས་ཤེས་ཡོན་པ་དང་ཁྱད་པར་དུ་སློབ་གྲྭ་ཆེ་མོ་ཁག་གི་སློབ་མ་ཚོས་འདིའི་གལ་ཆེའི་རང་བཞིན་ངེས་ཟིན་པར་བྱས་ཏེ་འབད་འབུང་ཆེ་སྐྱེད་བྱེད་དགོས་པ་ཡིན་ཞེས་གྲོས་སུ་ཕུལ་བ་ལགས།

                                                                 

                                                                                                 རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།