གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཙཱའི་མཚོན་དཔེ་རོབ་ཙམ་བཤད་པ།

2017-07-04 11:49:53 གཡུ་ལུང་གཡུང་དྲུང་འབུམ། ཀློག་གྲངས། མཆན ཡོད།

ནང་དོན་གནད་བསྡུས།
ལོ་ཙཱའི་མཚོན་དཔེ་ནི་ལོ་ཙཱའི་བྱ་བཞག་ལ་ཤེས་རྟོགས་བྱེད་པའི་ཡོ་བྱད་ལྟ་བུ་ཡིན་པས།ལོ་ཙཱའི་ཞིབ་འཇུག་ལ་དོན་སྙིང་ཆེས་ཆེར་འདུག  དཔྱད་རྩོམ་འདིར་ཐོག་མར་ལོ་ཙཱའི་མཚོན་དཔེ་ཞེས་པའི་ཆེད་ལས་བརྡ་ཆད་འདི་གཏན་ཕབ་པ་དང་།དེ་ནས་ནུབ་ཕྱོགས་དང་རྒྱ་ནག  ང་ཚོ་བོད་གསུམ་གྱི་ལོ་ཙཱའི་མཚོན་དཔེ་ཡི་རིགས་དབྱེ་དང་།དེ་དག་གི་བེད་སྤྱོད་སྐད་བབ་དང་རིག་གནས་དོན་སྙིང་བཅས་ལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་རགས་ཙམ་དཔྱད་ཁུལ་བགྱིས་ཡོད།

བརྡ་ཆད་གཙོ་བོ།
ལོ་ཙཱའི་མཚོན་དཔེ། རིགས་དབྱེ། བེད་སྤྱོད་སྐད་བབ། རིག་གནས་དོན་སྙིང་།

                 

                                                གླེང་སློང་བ།

ལོ་ཙཱའི་བྱེད་སྒོ་དང་འབྲེལ་བའི་བྱ་བ་ཡོད་དོ་ཅོག་ནི་མི་རིགས་སམ་རྒྱལ་ཁབ་གང་དེ་གཉིས་ཀྱི་རིག་གནས་ཕན་ཚུན་བརྗེ་རེས་དང་བརྒྱུད་སྒྲོག་གི་གོ་རིམ་ཞིག་ཡིན་ཞིང་།གལ་སྲིད་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་སྔོན་ཐོན་གྱི་གོམས་སྲོལ་དང་རིག་གནས་ཀྱི་སྙིང་བཅུད་དེ་ནང་འདྲེན་བྱེད་དགོས་པ་ཡིན་ན།ལོ་ཙཱའི་བྱེད་སྒོ་གང་རུང་ལ་མ་བརྟེན་ཐབས་མེད་ཡིན།དེ་བཞིན་དུ་མི་རིགས་གང་དེའི་སྲིད་འབྱོར་རིག་གསུམ་ལའང་དངོས་ཤུགས་གང་རུང་བརྒྱུད་ནས་ཤུགས་རྐྱེན་བཟང་ངན་གང་རུང་ཐེབས་པ་སྨོས་མེད་ཡིན།
དཔེར་ན།བོད་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་རྒྱ་གར་ནས་ནང་བའི་གཞུང་གི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བོད་ལ་ཟམ་མི་ཆད་པར་བསྒྱུར་བ་དེས་སྐབས་དེའི་བོད་ཀྱི་བསམ་པའི་དགོས་མཁོ་འམ་སྲིད་འབྱོར་རིག་གསུམ་ལ་མཐུན་རྐྱེན་བསྐྲུན་པ་བསྙོན་དུ་མེད་པ་སྟེ།༼གནའ་རབས་བོད་ཡིག་ལོ་ཙཱའི་གཞུང་ལུགས་ཀྱི་ཞིབ་འཇུག༽ལས།ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ལ་དཔལ་འབྱོར་དང་།ཆབ་སྲིད།ཆོས་ལུགས།རིག་གནས།དམག་དོན་བཅས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་དང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཚོས་བཙན་པོའི་དགོངས་པ་ལྟར་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་རྒྱལ་ནང་སྤུན་ཟླ་མི་རིགས་ཁག་གི་སྔོན་ཐོན་ཉམས་མྱོང་རྣམས་བོད་དུ་སྤེལ་བ་དེ་ཉིས་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་བཤད་པ་བཞིན་ནོ།དེ་བས།ལོ་ཙཱ་ནི་མི་རིགས་སམ་རྒྱལ་ཁབ་གང་དེའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཁང་བའི་སྒེའུ་ཁུང་ལྟ་བུར་ཆགས་ཡོད་གཤིས།ང་ཚོ་བོད་མི་རིགས་ལ་ལོ་ངོ་སྟོང་ཕྲག་མང་བོའི་སྔོན་ནས་ལོ་ཙཱའི་ལོ་རྒྱུས་ཡོད་ཀྱང་།དེ་ད་དུང་མ་ལག་ལྡན་པ་དང་འཐུས་སྒོ་ཚང་བའི་གཞུང་ལུགས་ཤིག་ཏུ་གྲུབ་ཐུབ་མེད་པས།ནུབ་ཕྱོགས་དང་རྒྱ་ནག་གི་ལོ་ཙཱ་རིག་པའི་གཞུང་ལུགས་ལ་གཞི་བཅོལ་ཞིང་།བོད་རང་གི་ལོ་ཙཱའི་ལག་ལེན་ཉམས་མྱོང་གིས་ཟུར་བརྒྱན་ནས་ལོ་ཙཱའི་མཚོན་དཔེ་རགས་ཙམ་བཤད་པར་བྱ།

                            དང་པོ།  ལོ་ཙཱའི་མཚོན་དཔེ་ཞེས་པའི་བརྡ་ཆད་གཏན་ལ་འབེབས་པ།

ལོ་ཙཱ་རིག་པའི་སྤྱི་བཤད་ལས།ལོ་ཙཱའི་གོ་དོན་རིགས་གསུམ་པ་ནི་རྦད་དེ་མི་མཚུངས་པའི་ཞིབ་བརྗོད་ཀྱི་སྐད་ཆ་ཞིག་སྟེ།ལོ་ཙཱའི་མཚོན་དཔེ་ཟེར།རྒྱས་འགྲེལ་བྱས་ན།ལོ་ཙཱའི་མཚོན་དཔེ་ནི་ལོ་ཙཱའི་གོ་དོན་ཞིག་མིན།འོན་ཀྱང་།ལོ་ཙཱའི་མཚོན་དཔེ་བཀོལ་བའི་དམིགས་ཡུལ་ནི་གསོན་ཉམས་ལྡན་པའི་སྐད་ཆ་སྤྱད་དེ་ལོ་ཙཱ་དང་འབྲེལ་ཡོད་ཀྱི་བྱ་དངོས་ཀྱི་ཁྱད་ཆོས་དང་དོན་སྙིང་གསལ་འགྲེལ་གྱི་ཆེད་ཡིན།དེར་ཆ་མཐུན་གྱི་ལོ་ཙཱའི་གོ་དོན་གྱི་བྱེད་ནུས་ལྡན་པས། ང་ཚོས་ལོ་ཙཱའི་མཚོན་དཔེ་དེ་ལོ་ཙཱའི་གོ་དོན་གཞན་ཞིག་ལ་ངོས་བཟུང་ཆོག་ཅེས་པ་ལྟར།ལོ་ཙཱའི་མཚོན་དཔེ་ནི་རྒྱ་ནག་སྐད་དུ翻译比喻དང་དབྱིན་སྐད་དུmetaphors of  translationཞེས་པ་བོད་ཡིག་ཏུ་བསྒྱུར་བ་ཡིན།ལར་མིང་བརྡ་འདིར་ལོ་ཙཱའི་དཔེར་མཚོན་དང་ལོ་ཙཱའི་དཔེ་སྟོན།དཔེར་མཚོན་གྱི་གོ་དོན་སོགས་འགྱུར་མང་བོ་འདུག་མོད།ཞིབ་ཏུ་བསམ་ཞིང་ཁུངས་ཐུབ་ཀྱི་དཔྱད་གཞིར་བཅོལ་ན།ལོ་ཙཱ་རིག་པའི་ཆེད་ལས་ཀྱི་ཐ་སྙད་ཅིག་ཡིན་པས་བརྡ་ཆད་ཀྱི་རྣམ་པ་སོར་བཞག་དང་གཅིག  ད་དུང་དེང་རབས་ཀྱི་རྒྱ་ཡིག་ཚིག་མཛོད་ལས།དཔེ་རྒྱན(比喻)ནི་ཚིག་རྒྱན་སྦྱོར་བའི་རྣམ་པ་ཞིག་སྟེ།དཔེ་འཇོག་པ་ཡང་ཟེར།ཁྱད་ཆོས་རིགས་འདྲ་བའི་བྱ་དངོས་ག་གེ་གོ་མོ་སྤྱད་དེ་བརྗོད་འདོད་ཀྱི་བྱ་དངོས་ག་གེ་མོའི་དཔེ་རུ་འགོད་པའོ།ཞེས་པ་དང་།དེ་དང་མཚུངས་པར།སྙན་ངག་མེ་ལོང་མ་ལས།ཇི་ལྟར་ཅི་ཞིག་ལྟར་མཚུངས་པར།།གསལ་བར་གང་དུ་རྟོགས་བྱེད་པ།།དེ་ནི་དཔེ་ཞེས་བྱ་སྟེ་དེའི།།སྤྲོས་པ་འདི་ནི་རབ་བཤད་བྱ།།ཞེས་པ་དེར།འགྲེལ་བཤད་དང་ཁ་ཇེ་གསལ་དུ་བཏང་བ་དཎ་ཌིའི་དགོངས་རྒྱན་ལས།མཚོན་བྱེད་དཔེའི་སྟེང་ན་ཁྱད་ཆོས་ཇི་ལྟར་ཡོད་པ་དེ།ཅི་ཞིག་ན་མཚོན་བྱ་དོན་གྱི་དངོས་པོ་ལ་ཡང་དེ་ལྟར་མཚུངས་པར་གནས་པ་གསལ་བར་ངག་གི་སྦྱོར་བས་གང་དུ་རྟོགས་པར་བྱེད་པ་དེ་ལ་ནི་དཔེ་རྒྱན་ཞེས་བྱ་ཞེས་དང་།དབྱངས་ཅན་དགྱེས་གླུ་ལས།མཚོན་ཀྱི་དཔེ་ཇི་ལྟར་ཡོད་པ་དག་ཇི་བཞིན་དུ་མཚོན་བྱའི་དཔེ་ཅན་ལ་དེ་ལྟར་ཡོད་པར་མཚུངས་པ་གསལ་བར་གང་དུ་རྟོགས་པར་བྱེད་པ་དེ་ནི་དཔེའི་རྒྱན་ཞེས་བྱ་ཞེས་ལ་སོགས་ཕྱིས་ཀྱི་སྙན་ངག་མེ་ལོང་མའི་རྩ་འགྲེལ་དང་དེའི་ཡང་འགྲེལ་གྱི་སྙན་གཞུང་ཕལ་ཆེར་དུ་བསྟན་པའི་དཔེ་རྒྱན་གྱི་གོ་དོན་དང་རྒྱ་ནག་གི་དེང་རབས་ཀྱི་རྒྱ་ཡིག་ཚིག་མཛོད་ནང་གི༼   比喻 ༽ གཤིབ་བསྡུར་ཞིག་བྱས་ན།རྒྱ་ནག་གི་ཚིག་མཛོད་དེ་ལས་མཚོན་བྱེད་དཔེ་དང་མཚོན་བྱའི་དོན་ནམ་དཔེ་ཅན་ཞེས་མ་སྨོས་པ་དང་།མཚུངས་པ་གསལ་བྱེད་ཀྱི་སྒྲ་གཙོར་འཛིན་མིན་མིན་གྱི་ཁྱད་པར་མ་གཏོགས་བོད་དང་རྒྱ་ནག་གཉིས་ཀའི་སྙན་ངག་གི་རྒྱན་གཅིག་གི་སྟེང་གི་སོ་སོའི་སྐད་ཡིག་གི་བརྗོད་སྟངས་མ་འདྲ་བ་ཙམ་དུ་ཟད།དེ་བས།ལར་རྒྱ་ནག་སྐད་ཀྱི翻译ནི་ལོ་ཙཱ་ཡིན་པ་སྨོས་མེད་ཡིན་མོད།ཡང་ཁ་ཅིག་གིས་ཡིག་སྒྱུར་ཡང་ཟེར་གྱིན་འདུག དེ་ནི་བྱུང་རྒྱལ་གྱི་ གཏམ་ཞིག་སྟེ།ལོ་ཙཱ་ལ་དབྱེ་ན་ཡིག་སྒྱུར་དང་སྐད་སྒྱུར་གཉིས་ཡོད་པས།ལོ་ཙཱ་ཡིན་ན་ཡིག་སྒྱུར་ཡིན་པས་ཁྱབ་ཀྱང་།ཡིག་སྒྱུར་ཡིན་ན་ལོ་ཙཱ་ཡིན་པས་མ་ཁྱབ་སྟེ།སྐད་སྒྱུར་ཡང་ཡོད་པས་སོ།དེ་ནས比喻ནི་བོད་ཀྱི་སྙན་གཞུང་གི་དཔེ་རྒྱན་དང་ལྟོས་ཟླར་གྲུབ་མོད།ཐད་ཀར་ལོ་ཙཱའི་དཔེ་རྒྱན་ཞེས་བསྒྱུར་ན་སྙན་གཞུང་གི་ཁྱབ་ཁོངས་ལས་ལོ་ཙཱ་རིག་པའི་གཞུང་ལུགས་དང་མི་མཐུན་པས་དོན་འགལ་བའི་སྐྱོན་ཆ་འབྱུང་བ་དང་།མཚོན་བྱེད་དཔེ་ལ་བརྟེན་ནས་ལོ་ཙཱའི་བྱེད་སྒོ་དང་འབྲེལ་བའི་བྱ་བཞག་ཡོད་ཚད་ཞིབ་བརྗོད་དང་གསལ་བཤད་བྱེད་པ་སྟེ།དཔེ་ཞེས་པ་སོར་འཇོག་དང་རྒྱན་ཞེས་པ་དོར་ནས་ལོ་ཙཱའི་མཚོན་དཔེ་ཞེས་བསྒྱུར་ན།མ་ཡིག་གི་དོན་ཇི་བཞིན་སྟོན་པ་དང་བརྗོད་བདེ་བའི་ཁྱད་ཆོས་འདུག་སྙམ།

                             གཉིས་པ།   ལོ་ཙཱའི་མཚོན་དཔེ་ཡི་ཁྱབ་ཁོངས་དང་རིགས་དབྱེ།

སྒྲ་དོག་འཇུག་གི་སྒོ་ནས་བཤད་ན།ལོ་ཙཱའི་མཚོན་དཔེ་ནི་གསོན་ཉམས་ལྡན་པའི་དཔེ་ལ་བརྟེན་ནས་ལོ་ཙཱའི་བྱེད་སྒོ་དང་འབྲེལ་ཡོད་བྱ་དངོས་ལ་གསལ་བཤད་བྱེད་པ་སྟེ།དཔེར་ན།ལོ་ཙཱའི་བྱ་བཞག་ནི་རི་མོ་འབྲི་བ་ལ་དཔེར་འགོད་པ་དང་།ལོ་ཙཱ་བ་ནི་བྲན་གཡོག་དང་དཔེ་འགོད་པ།ལོ་ཙཱ་བྱས་ཟིན་པའི་འགྱུར་ཡིག་དེ་གཟུགས་བྱད་མཛེས་ཀྱང་བློ་མི་དཀར་བའི་བུད་མེད་དང་དཔེ་འགོད་པ་སོགས་ཡིན།དེ་དག་ཚང་མ་ལོ་ཙཱའི་བྱ་བཞག་དང་འབྲེལ་བའི་བྱེད་སྒོ་ཚང་མ་ཅི་ལྟ་བུ་ཞིག་ཡིན་པ་མཚོན་པ་མ་གཏོགས།ཐད་ཀར་དུ་ངོ་བོ་ཞིབ་བརྗོད་བྱེད་པ་མ་ཡིན།འོན་ཀྱང་།སྒྲ་ཡངས་འཇུག་གི་སྒོ་ནས་བརྗོད་ན།ལོ་ཙཱའི་བྱ་བཞག་དང་འབྲེལ་བའི་བྱེད་སྒོ་ཡོད་དོ་ཅོག་མཚོན་བྱེད་དཔེ་ཞིག་ཏུ་བཀོད་པ་ཡིན་ན།དེ་གསོན་ཉམས་དོད་པོ་དང་མངོན་མཐོང་གཟུགས་གྲུབ་ཡིན་མིན་ལ་མ་བལྟོས་པར་ཐམས་ཅད་ལོ་ཙཱའི་མཚོན་དཔེ་ཡི་ཁོངས་སུ་སྡུད་པ་རེད།

དཔེར་ན།ལོ་ཙཱ་ནི་སྒྱུ་རྩལ་ཞིག་ཡིན་དང་ལོ་ཙཱ་ནི་ལག་རྩལ་ཞིག་ཡིན།ལོ་ཙཱ་ནི་འབྲེལ་འདྲིས་ཤིག་ཡིན་ལ་སོགས་པ་ཚང་མ་མདོར་ན་ལོ་ཙཱའི་མཚོན་དཔེ་ཡིན།རྒྱ་ནག་གི་དགེ་རྒན་ཆེན་མོ་ཐན་ཙེ་ཞི༼  谭载喜 ༽ཡིས་ནུབ་ཕྱོགས་དང་རྒྱ་ནག་གི་བརྩམས་ཆོས་ཉིས་བརྒྱ་ལྷག་ལས་དཔྱད་གཞིའི་རྒྱུ་ཆ་འཚོལ་སྡུད་བྱས་པར་གཞིགས་ན།ཁྱོན་བསྡོམས་ལོ་ཙཱའི་མཚོན་དཔེ༢༧༠འཚོལ་སྡུད་བྱས་པ་དང་།དེ་ལས་ལོ་ཙཱའི་མཚོན་དཔེ༡༥༦ནུབ་ཕྱོགས་སུ་བྱུང་བ་དང་།ལོ་ཙཱའི་མཚོན་དཔེ༡༡༤རྒྱ་ནག་ལས་བྱུང་བ་རེད།ད་དུང་ཁོང་གིས་ལོ་ཙཱའི་མཚོན་དཔེའི་འབྲེལ་ཡོད་ཀྱི་ཞིབ་འཇུག་དང་དབྱེ་ཞིབ་ལ་རྨང་གཞི་འདིང་བའི་ཆེད་དུ།ལོ་ཙཱའི་དཔེ་མཚོན་བྱེད་དཔེ་ཡི་གཞི་རྩའི་ངོ་བོ་ལྟར་རིགས་བཅུ་ལ་དགར་ཡོད་པ་གཤམ་གྱི་རེའུ་མིག་ལྟར།

རིགས་དབྱེ།

བསྡོམས།

དབྱིན་ཇི།

རྒྱ་ཡིག

རི་མོ་དང་བརྐོས་རིས་ཀྱི་སྐོར།

༤༥

༢༤

༢༡

གླུ་དབྱངས་དང་འཁྲབ་སྟོན་གྱི་སྐོར།

༣༣

༡༤

༡༩

ཟམ་པ་དང་སྨྱན་པའི་སྐོར།

༢༩

༡༣

༡༦

བྲན་གཡོག་དང་ལྕགས་སྒྲོག་གི་སྐོར།

༢༣

༡༧

རྒྱབ་འགལ་དང་ཡང་སྲིད་སྐྱེ་བ་

ལེན་པའི་སྐོར།

༣༣

༡༩

༡༤

ཚོང་བ་དང་སློང་མོ་བའི་སྐོར།

༡༣

༡༡

ཆང་དང་རོ་བཅུད་ཀྱི་སྐོར།

༡༩

༡༨

སྲོག་ཆགས་དང་ཤིང་འབྲས།ཅ་ལག་གི་སྐོར།

༣༡

༡༥

༡༦

འགྲན་བསྡུར་དང་རོལ་རྩེད་ཀྱི་སྐོར།

༡༦

༡༥

མཚོན་དཔེ་རང་ཉིད་དང་གཞན་དག་གི་སྐོར།

༢༨

༢༦

རེ་རེའི་དཔེར་བརྗོད་བཅས་ཞིབ་ཏུ་ཐན་ཙེ་ཞི་ཡི་ནུབ་ཕྱོགས་དང་རྒྱ་ནག་གི་ལོ་ཙཱའི་མཚོན་དཔེ་བརྟག་ཞིབ༼  རྒྱ་ནག་གི་དུས་དེབ་ཀྲུང་གོའི་ལོ་ཙཱ༢༠༠༦ལོའི་འདོན་ཐེངས༢པ།༽ཅེས་པ་ལ་གཟིགས་པར་འཚལ།དེ་ནས་ང་ཚོ་བོད་ལ་འང་ལོ་ཙཱའི་མཚོན་དཔེ་ཕུན་སུམ་ཚོགས་པ་ཡོད་ཀྱང་།མཐོང་རྒྱ་ཐོས་རྒྱ་ཆུང་བའི་བློ་དམན་བདག་འདྲས་དཔྱད་པར་ནུས་པ་འགའ་ཡོད་པ་རེ་རེ་བཞིན་བགྲང་ན།འདི་ལྟ་སྟེ།ལོ་ཙཱ་བ་ལ་འཇིག་རྟེན་མིག་དང་སྒྲ་སྒྱུར་བ།སྐད་གཉིས་སྨྲ་བ།ཉི་ཟླ།ནེ་ཙོ།ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གོང་བུ༼  འདི་འགྱུར་ཡིག་གི་མཚོན་དཔེ་རེད་སྙམ། ༽བཅས་སོ།།

                           གསུམ་པ།  ལོ་ཙཱའི་མཚོན་དཔེ་ཡི་བེད་སྤྱོད་སྐད་བབ་དང་རིག་གནས་དོན་སྙིང་།

བེད་སྤྱོད་སྐད་བབ༼  使用语境 ༽ཞེས་པ་ནི་མི་རྣམས་ཀྱིས་སྐད་ཆ་འབྲེལ་འདྲིས་ཁྲོད་ཀྱི་གོ་བ་ལེན་པ་དང་བཀོལ་སྤྱོད་བྱེད་པའི་བརྟེན་ས་སྐད་ཆའི་སྦྱོར་བ་སྤེལ་བའི་མཚོན་ཚུལ་གྱི་རྣམ་པ་ཞིག་ལ་གོ་ཞིང་།ལོ་ཙཱའི་མཚོན་དཔེ་རིགས་ཕུན་སུམ་ཚོགས་པ་དེས་ངོ་མཚར་བའི་འཆར་ཡན་གྱི་གཤོག་པ་བརྐྱངས་ལུགས།གཟུགས་ཅན་བཞིན་གྱི་དཔེ་འགོད་དེ་དག་གི་ཕ་རོལ་ཏུ་བག་ལ་ཉལ་ཞིང་ཟོལ་གྱིས་སྦས་པའི་ཐུན་མིན་གྱི་སྤྱི་ཚོགས་རིག་གནས་ཀྱིས་བསྐྱེད་པའི་ཐུན་མིན་གྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་ཚུལ་གྱི་རྗེས་ཤུལ་ཞིག་ཡོད་པ་དེར་རིག་གནས་དོན་སྙིང་ཟེར།དེ་བས།ལོ་ཙཱའི་མཚོན་དཔེ་ཡི་བེད་སྤྱོད་སྐད་བབ་མི་འདྲ་བ་ལ་རིག་གནས་དོན་སྙིང་མི་འདྲ་བ་ཡོད།དཔེར་ན།ནུབ་ཕྱོགས་ཀྱི་ལོ་ཙཱའི་མཚོན་དཔེ་ལོ་ཙཱ་བ་ལ་རི་མོ་བ་དང་འཁྲབ་སྟོན་པ་སོགས་མང་ཆེ་ཤོས་རྩོམ་རིག་སྒྱུ་རྩལ་གྱི་ཚ་རླབས་འཕྱུར་བའི་ནུབ་ཕྱོགས་རྩོམ་རིག་གི་རྫོགས་ལྡན་དུས་རབས་ཏེ།རིག་རྩལ་བསྐྱར་དར་གྱི་སྐབས་སུ་བྱུང་བ་དང་།རྒྱ་ནག་གི་ལོ་ཙཱའི་མཚོན་དཔེ་ལ་ལོ་ཙཱའི་བྱ་བཞག་སྨྱན་པ་དང་གཉེན་རྟགས་སོགས་དཔེ་ལེན་པའང་རིག་གནས་གསར་བའི་ལས་འགུལ་དང་འགྲོགས་པའི་ཕལ་སྐད་རྩོམ་རིག་གི་ལོ་ཙཱའི་གོང་འཕེལ་དུས་སྐབས་ཏེ་དུས་རབས་ཉི་ཤུ་བའི་དུས་སྟོད་དུ་བྱུང་བ་རེད།དེ་ནས་བོད་ཀྱི་ལོ་ཙཱའི་མཚོན་དཔེ་ལ་ཆ་བཞག་ན།ཆབ་སྲིད་ཁ་ཐོར་ཟང་ཟིང་གི་རྣམ་པ་ཡིན་ན་འང་།ལྟ་བ་མཉམ་གནས་དང་མཁས་བརྒྱ་འགྲན་གླེང་གི་དུས་རབས་བཅུ་གསུམ་པར་ད་གཟོད་ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ལོ་ཙཱ་བ་ནི་ནེ་ཙོ་ལྟ་བུའོ་ཞེས་གསུངས་པ་རེད།དེ་བཞིན་དུ།ནུབ་ཕྱོགས་ལོ་ཙཱའི་མཚོན་དཔེའི་ཁྲོད་ལོ་ཙཱ་བ་དེ་བྲན་གཡོག་དང་དང་དཔེར་འགོད་པ་དེ་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་གླ་བ་དང་གླ་བདག་གི༼  རང་མོས་ངལ་རྩོལ་པ་དང་མ་རྩ་ཅན། ༽གི་ཐོན་སྐྱེད་འབྲེལ་བའི་སྤྱི་ཚོགས་ཁྲོད་བྱུང་བ་མ་གཏོགས།རྒྱ་ནག་དང་བོད་སོགས་ལ་དེ་འདྲའི་མཚོན་དཔེ་ཡོད་མི་སྲིད།ད་དུང་རྒྱ་ནག་གི་གནའ་རབས་ལོ་ཙཱ་བ་སློབ་དཔོན་ཀུ་མ་ར་ཡིས།ལྡད་རོའི་སྐྱུགས་ལུད་མྱངས་པ་ན།།སྔར་བཅུད་མེད་ཅིང་ཞེ་མེར་སློང་།།ཞེས་དང་།རྒྱའི་གནའ་རབས་ལོ་ཙཱ་བ་ཏའོ་ཨན་གྱིས   ༼  道安 ༽རྒུན་ཆང་ཡང་ཆུས་གྲུབ་པའོ།ཞེས་དང་།ད་དུང་རྒྱའི་གནའ་རབས་ལོ་ཙཱ་བ་ཏའོ་ལིའང་གིས་༼  道朗 ༽རང་སྣང་གང་ཤར་གྱིས་བསྣན་ཏེ་ཉམས་འགྱུར།།གྲོང་ཚིག་ཕལ་སྐད་ཀྱིས་བསྣད་དེ་ལྷད་བསྲེས།།རྗོད་བྱེད་བརྗོད་དོན་གྱི་སྲོག་སྙིང་བོར་བ།།འོ་མའི་གཙང་བོ་དེ་རྒྱ་མཚོར་འདྲེས་འདྲ།།ཞེས་པ་ལ་སོགས་ཐམས་ཅད་ཟས་རིགས་བཟའ་བཏུང་དང་འབྲེལ་བ་ཡོད་པའང་།གནའ་རབས་ཞིང་ལས་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིག་གནས་ཀྱི་མངོན་རྟགས་དངོས་མ་དེ་ཡིན།རྒྱ་ནག་དང་ང་ཚོ་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་དུས་ཡུན་རིང་བོར་ཆོས་ལུགས་ལོ་ཙཱས་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་སྟབས་ལོ་ཙཱའི་མཚོན་དཔེ་ཉུང་ལ།ནུབ་ཕྱོགས་ཀྱི་ལོ་ཙཱའི་ལོ་རྒྱུས་དེ་རྩོམ་རིག་ལོ་ཙཱས་སྔ་ཕྱི་བར་གསུམ་དུ་སྲོག་ཤིང་ལྟ་བུར་ཆགས་ཡོད་པས་ལོ་ཙཱའི་མཚོན་དཔེ་ཡང་ལྟོས་བཅས་ཀྱིས་མང་བ་རེད།དེ་བས།ང་ཚོ་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ནི་ཕལ་ཆེར་ཆོས་ལུགས་ལོ་ཙཱ་ཡིན་ལ།ནང་བ་སངས་རྒྱས་ཆོས་ལུགས་ནི་བོད་མིའི་དད་པའི་རྟེན་དང་ཕྱག་གི་ཡུལ་ཡིན་ཕྱིན།རྒྱ་གར་ནས་བཀའ་དང་བསྟན་བཅོས་ཚུར་བསྒྱུར་བའི་ལོ་ཙཱ་བ་རྣམས་ལ་འང་མཐོང་ཆེན་དང་གུས་བརྩི་བླ་ན་མེད་པ་བྱེད་པ་སྟེ།རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས།བེེ་རོ་ཙ་ན་ནམ་མཁའ་དག་དང་མཉམ།།སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ།།རིན་ཆེན་བཟང་བོ་ཐོ་རེངས་སྐར་ཆེན་ཙམ།།ཁོ་བོ་དེ་དྲུང་སྲིན་འབུ་མེ་འཁྱེར་བཞིན།།ཞེས་རྩོམ་པ་པོ་རྨད་དུ་བྱུང་བ་སྟོན་ཆེད་ཁེངས་སྐྱུངས་བྱས་པ་མ་གཏོགས།ནམ་མཁའ་དང་ཉི་ཟླ  སྐར་ཆེན།འཇིག་རྟེན་མིག་སོགས་དང་དཔེར་བཀོད་དེ་ཆེ་བ་བརྗོད་པ་དང་བསྟོད་བསྔགས་ལས་སྐྱོན་བརྗོད་ཀྱི་ཚིག་ཟུར་ཙམ་ཡང་མེད་དོ།དེ་བཞིན་དུ་སྐབས་དེ་དུས།ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་རྐྱེན་པས།རིག་གནས་བརྗེ་རེས་དང་འབྲེལ་འདྲིས་ཀྱང་མི་རིགས་གཉིས་བར་མ་གཏོགས་འབྱུང་མ་ཐུབ་ཀྱིན་མེད་པ་དང་།ལོ་ཙཱ་བ་ལ་ཡང་སྐད་གཉིས་སྨྲ་བ་ཞེས་ཐོགས་སོ།

                              མཇུག་བསྡུ་བ།

ལོ་ཙཱའི་མཚོན་དཔེ་ནི་ལོ་ཙཱའི་བྱ་བཞག་དང་འབྲེལ་ཡོད་བྱེད་སྒོ་ཡོད་ཚད་ཀྱི་ངོ་བོ་སོགས་རྩད་ཞིབ་བྱེད་པའི་ཡོ་བྱད་ལྟ་བུར་ཆགས་ཡོད་གཤིས།ལོ་ཙཱའི་མཚོན་དཔེ་འཚོལ་སྡུད་དང་ཞིབ་འཇུག་བྱས་པ་བརྒྱུད།ལོ་ཙཱའི་མཚོན་དཔེ་ལས་འཕྲོས་ཏེ་ལོ་ཙཱའི་དམིགས་ཡུལ་དང་ལོ་ཙཱའི་བྱེད་ནུས།ལོ་ཙཱའི་བྱེད་ཐབས།ལོ་ཙཱའི་བྱ་ཡུལ༼  མ་ཡིག༽།ལོ་ཙཱའི་བྱེད་པོ༼   ལོ་ཙཱ་བ།།༽ལོ་ཙཱའི་ཐེབས་ཡུལ༼  ཀློག་པ་པོ།།༽  ལོ་ཙཱའི་ངོ་བོ་སོགས་ཟུར་དང་ངོས་མི་འདྲ་བའི་ཞིབ་འཇུག་བྱས་ན།རིན་ཆེན་བང་མཛོད་བསློགས་པ་བཞིན་མཐའ་ཡས་པས།གྲོགས་རིག་པ་སྨྲ་བ་རྒན་དར་གཞོན་གསུམ་ཡོངས་ལ་འདིའི་ཐད་ནས་ཐུགས་བསམ་བཞེས་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་པ་མ་ཟད།སླད་མར་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་རོགས་ཞེས་ལག་ཟུང་ཐལ་མོ་སྙིང་གར་སྦྱོར།

                                                                                                ༢༠༡༧ལོའི་ཟླ༢པའི་ཚེས༦ཉིན།

དཔྱད་གཞིའི་རྒྱུ་ཆ།


སྐད་གཉིས་སྨྲ་བའི་སྒྲོན་མེ། ཁྲི་བསམ་གཏན་དང་བསོད་ནམས་རྒྱལ་གཉིས་ཀྱིས་རྩོམ་སྒྲིག་མཛད།
སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད། ཁྲི་བསམ་གཏན་གྱིས་གཙོ་སྒྲིག་མཛད།
དཎཌིའི་དགོངས་རྒྱན། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།
དབྱངས་ཅན་དགྱེས་གླུ།རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།
翻译学概论  译林出版社
西方翻译简史  谭载喜
翻译比喻衍生的译学思索   外国语  2006年第4期
中西翻译比喻探幽  中国翻译  2006年第2期

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།