གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གསོ་མྱོང་དབང་འདྲ་མཉམ་ཡིན་པའི་ཆ་ནས་བོད་ཡུལ་དུ་སྐད་ཡིག་སློབ་ཁྲིད་གང་གདམ་པ་དང་།བོད་ཡུལ་སློབ་གསོའི་ཁྲོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྒྲིག་གཞི་ལྟར་ན་བོད་ཡུལ་སློབ་གསོ་ཆ་སྙོམས་ཡོང་དགོས་པའི་སྔོན་འགྲོའི་གནད་དོན་སྐོར་རགས་ཙམ་གླེང་བ།

2018-11-16 22:47:42 གཉགས་གཅོད་ཁོ། ཀློག་གྲངས། མཆན ཡོད།

དང་བོ། ཁྲིམས་ཀྱི་ཁེ་དབང་ཡོད་པའི་སྐོར་གླེང་བ།

  ༡ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བ་ལྟར་ན།མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེའི་མི་རིགས་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཡོད་ཅེས་བསྟན་ཡོད།

  ༢ མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་དྲུག་པའི་ནང་དུ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས་ཞིང་། མི་རིགས་རིག་གནས་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་འཕེལ་རྒྱས་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས་པར་ཐག་གཅོད་བྱས་ཡོད།

  ༣ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ཞེ་དྲུག་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སློབ་གསོ་མྱོང་བའི་དབང་ཆ་དང་འོས་འགན་ཡོད་ཅེས་བསྟན་ཡོད།

  ༤ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པར་གྲངས་ཉུང་མི་རིགས་སློབ་མ་གཙོ་བོ་ཡིན་པའི་སློབ་གྲྭ་དང་གཞན་པའི་སློབ་གསོའི་སྡེ་ཁག་ཏུ་མི་རིགས་དེ་དང་ས་གནས་དེའི་རྒྱུན་བཀོལ་གྱི་སྐད་དང་ཡི་གེ་བཀོལ་བ་དང་སློབ་ཁྲིད་བྱ་དགོས་པར་ཐག་བཅད།

  ༥ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་དོན་ཚན་བདུན་པར་སློབ་གསོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་རིག་གནས་ལོ་རྒྱུས་ཀྱི་སྲོལ་རྒྱུན་བཟང་བོ་དང་མིའི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་སྔོན་ཐོན་གྲུབ་འབྲས་ཚང་མ་རྒྱུན་འཛིན་དང་དར་སྤེལ་བྱ་དགོས་པར་ཐག་བཅད་ཡོད།

  ༦ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་གི་ས་བཅད་དྲུག་པའི་དོན་ཚན་ང་གཅིག་པར་བོད་རིགས་སློབ་ཆུང་དང་སློབ་འབྲིང་། བོད་ཡིག་གཙོར་འཛིན་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ཡང་ན་ཆེད་ལས་འཛིན་གྲྭ་སོགས་ལ་སློབ་དེབ་དང་སློབ་ཁྲིད་བོད་སྐད་དང་བོད་ཡིག་གིས་འཁྲིད་དགོས། ཡང་དོན་ཚན་དེ་ལས་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཡིག་ཟུར་ཁྲིད་བསླབ་དེབ་དང་སློབ་ཞོལ་ཀློག་དེབ་རྩོམ་སྒྲིག་དང་དཔར་སྐྲུན་བྱ་བར་མཐོང་ཆེན་དགོས་པར་བསྟན།

  ༧ གོང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ནས་མི་རིགས་གང་དང་གང་ཡིན་ཡང་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་འཕེལ་རྒྱས་བྱེད་དགོས་པ། ཁྱད་པར་དུ་མི་རིགས་སོ་སོའི་སྔོན་བྱོན་མེས་པོས་འཛམ་གླིང་ས་ལྒང་ཧྲིལ་བོའི་ད་ཡོད་མི་གྲངས་དུང་ཕྱུར་བདུན་ཅུ་ལ་བྱས་རྗེས་སུ་བཞག་པའི་སྔོན་ཐོན་རིག་གནས་ཤུལ་བཞག་ལོངས་སྤྱོད་ཞིབ་འཇུག་དང་། རྒྱུན་འཛིན་བྱ་རྒྱུ་དེ་འགྲོ་བ་མིའི་རིགས་ཀུན་གྱི་འོས་འགན་རླབས་ཆེན་ཡིན་པས་བདེན་དོན་བྲག་རི་སྲ་མོ་ལ་གཏོར་ཞིག་དང་ཕངས་མེད་བྱས་ན་ཁྲིམས་འགལ་ལུགས་འགལ་དང་འཛམ་གླིང་གི་རྒྱལ་ཁབ་གང་དང་མི་རིགས་གང་།རིགས་རྒྱུད་གང་ཞིག་ལ་མཚོན་ཅིང་ཡར་རྒྱས་སྔོན་ཐོན་ལས་རྗེས་ལུས་དང་ལུགས་མེད་ཡིན་པ་བཤད་མ་དགོས་པ་ཞིག་ཡིན་པ་གོང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་གསལ་བོ་བྱས་པ་ཚང་མའི་ཤེས་གསལ་ཡིན་ནོ།།

   གཉིས་པ།འགྲོ་བ་མིའི་རིགས་ཀྱི་ཐོག་མའི་འདུ་ཤེས་ཆགས་སྟངས་སྐོར་གླེང་བ།

  ༡འགྲོ་བ་མིའི་རིགས་ལ་མཚོན་ན་མ་ཡུམ་གྱི་སྐད་དང་ཡི་གེ་བསླབ་ན་ཆེས་གོ་སླ་ཞིང་ཡིད་ལ་ངེས་ཐུབ་པ་དེ་ད་ལྟའང་འཛམ་གླིང་གི་མིའི་རིགས་ཞིབ་འཇུག་མཁན་ཚང་མས་གཅིག་མཐུན་གྱི་ཞིབ་འཇུག་མཐའ་ཚིག་བསྒྲགས་ཡོད་པ་དེ་མི་སུ་དང་མཁས་པ་སུས་ཀྱང་ལྡོག་མེད་ཀྱི་དངོས་ཡོད་བདེན་དོན་ཞིག་ཡིན་པ་ཀུན་གྱིས་གསལ་བོར་ཤེས་ངེས།

  ༢ དཔེར་ན་མི་ང་རང་གི་དངོས་ཡོད་ལོ་རྒྱུས་ཆུང་ཆུང་ཞིག་གིས་ར་སྤྲོད་བྱ་ཆོག་སྟེ། རྨ་ཆུ་རྫོང་གི་སློབ་གསོ་ནི་1956ལོའི་སྟོན་ཁ་གོང་རིམ་ནས་དགེ་རྒན་གཅིག་མངགས་ནས་སྦྲ་ནག་གཅིག་གི་སློབ་ཁང་དུ་སློབ་མ་དྲུག་བསྡུས་པ་ནས་འགོ་བརྩམས་པ་ཡིན། རྨ་ཆུ་རྫོང་གི་ཐེངས་དང་བོའི་སྦྲ་ནག་སློབ་ཆུང་དེ་ཉིན་མ་སློབ་ཆུང་ཡིན་ཏེ་མཛོད་དགེ་ཉིན་མའི་ས་སྟེང་དུ་བཙུགས་བྱུང་། རྨ་ཆུའི་སློབ་གསོ་ནི་སྦྲ་ནག་སློབ་ཆུང་ནས་རྟ་ཐོག་སློབ་ཆུང་།དེ་ནས་འབྲོག་སྡེ་སློབ་ཆུང་། དེ་ནས་དེང་སྐབས་ཀྱི་ཞག་འདུག་སློབ་གྲྭའི་དཀའ་ཚེགས་ཀྱི་བརྒྱུད་རིམ་བརྒྱུད་དེ་ལོ་ངོ་དྲུག་ཅུ་འགོར་བྱུང་།ང་རང་ནི་རྟ་ཐོག་སློབ་ཆུང་དང་འབྲོག་སྡེ་སློབ་ཆུང་།ཞག་འདུག་སློབ་ཆུང་བཅས་འགྲིམས་མྱོང་བའི་མི་ཞིག་ཡིན་ལ་སྐབས་དེར་རྒྱ་ཡིག་གཙོ་བོ་ལས་བོད་ཡིག་གི་འཁྲིད་བྱ་མེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རླབས་ཆེན་སྲིད་ཇུས་དོན་ཐོག་ཏུ་བབས་ཏེ་ང་ནི་སྲིད་ཇུས་བཟང་བོའི་བདེ་སྐྱིད་སྐལ་བཟང་ཁྲོད་འཚར་ལོངས་བྱུང་བའི་མི་ཞིག་ཀྱང་ཡིན། ང་རང་གིས་1976ནས་1979བར་རྒྱ་ཡིག་གཙོ་བོའི་སློབ་གྲྭ་འགྲིམས་པ་ཡིན།1979ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ནས་མི་རིགས་སོ་སོའི་རང་གི་ཡི་གེ་སྦྱོང་བའི་གོ་སྐབས་གནང་སྟེ། 1980ལོའི་ཟླ་7པའི་བར་ལོ་གཅིག་དང་ཕྱེད་ཀའི་རིང་།བོད་ཡིག་གི་ཆེས་རྩ་བའི་རྨང་གཞི་དང་སུམ་རྟགས་གཉིས་ཀྱི་རྩ་བ་བློར་བྱང་བ་དང་ཀློག་འདོན་ཅི་ཐུབ་བྱེད་ཐུབ་པ་བྱུང་ནས། ལོ་དེའི་ཟླ་བརྒྱད་པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ནས་བོད་ཡིག་དགེ་རྒན་བརྒྱ་ཐམ་པ་བསྡུ་ལེན་བྱུང་བར་རྒྱུགས་འཕྲོད་དེ་བོད་ཡིག་དགེ་རྒན་ཞིག་གི་མཚན་ཉིད་ཐོབ་པ་ནི་ལོ་གཅིག་ཙམ་ལ་བོད་ཡིག་གཙོ་བོ་ཁྲིད་པའི་འབྲས་བུ་ཡིན། རྨ་ཆུ་རྫོང་དུ་ཐེངས་དང་བོའི་བོད་ཡིག་གཙོ་སྒྲུབ་ཀྱི་སློབ་འབྲིང་དེ་1980ལོའི་ཟླ་7པར་དངོས་སུ་རྫོང་མཁར་ནས་བཙུགས་ཏེ། རྨ་ཆུ་རྫོང་གི་ལོ་ངོ་60སློབ་གསོའི་དཀའ་ཚེགས་ཀྱི་གོམ་སྟབས་ཁྲོད་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ།དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་ཕྱོགས་བསྡུས་སློབ་སྒྲུབ། གཞུང་སྒྲུབ་གཙོ་བོ། བོད་ཡིག་གཙོ་ཁྲིད།ཞག་འདུག་ལམ་ལུགས་བཅས་བརྒྱུད་དེ་འབྲོག་ཁུལ་དངོས་ཡོད་གནས་ཚུལ་ལ་མཐུན་པའི་སློབ་སྒྲུབ་རྣམ་པའི་རྨ་ཆུའི་སློབ་གསོ་དེ་རྫོང་དང་ཞང་ལ་ཞག་འདུག་སློབ་གྲྭ་གཙོ་བོ་དང་། སློབ་ཞུགས་སྔོན་གྱི་སློབ་གསོ། ལོ་དགུའི་འོས་འགན་སློབ་གསོ།མཐོ་འབྲིང་སློབ་གསོ་བཅས་ཅུང་ཆ་ཚང་གི་གཞི་རྩའི་སློབ་གསོའི་མ་ལག་ཞིག་གྲུབ་ཡོད།

  ༣ གསུམ་པ། རྨ་ཆུའི་ལོ་ངོ་དྲུག་ཅུའི་བོད་ཁུལ་སློབ་གསོའི་གྲུབ་འབྲས་སྐོར་གླེང་བ།

  ༡ སྤྱི་ལོ་1956ནས་2016ལོའི་བར་རྨ་ཆུ་རྫོང་གི་བོད་རིགས་སློབ་མས་རྒྱ་ཡིག་གཙོ་བོས་སློབ་ཁྲིད་དང་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་རྒྱ་ཡིག་སློབ་གྲྭ་ནས་མཐོ་འབྲིང་མཐར་ཕྱིན་ཏེ་དངོས་གཞིའི་སློབ་ཆེན་ནས་ཐོན་པའི་སློབ་མ་བཅུ་ཙམ་མ་གཏོགས་བྱུང་མ་མྱོང་ལ་དེའི་ནང་དུ་ཞིབ་འཇུག་སློབ་མ་གཅིག་ཀྱང་མེད།

  ༢ སྤྱི་ལོ་1980ནས་2016ལོའི་བར་རྨ་ཆུ་རྫོང་གི་སློབ་མ་བོད་ཡིག་གི་སློབ་ཁྲིད་གཙོ་བོ་བྱས་པའི་ཆེད་སྦྱོང་མཐོ་རིམ་སློབ་གྲྭ་(大专)དང་དངོས་གཞིའི་མཐོ་རིམ་སློབ་གྲྭ་(本科)ནས་མཐར་ཕྱིན་པའི་སློབ་མ་ཁྱོན་649ཡོད། དེའི་ནང་དུ་ཞིབ་འཇུག་སློབ་མ་20ལྷག་ཡོད། གོང་གི་སློབ་མ་དེ་དག་༼   2009ལོ་སློབ་མ་78ཡོད།2010ལོ་སློབ་མ་63ཡོད།2011ལོ་སློབ་མ་130ཡོད།2012ལོ་སློབ་མ་95ཡོད།2013ལོ་སློབ་མ་143ཡོད།2014ལོ་སློབ་མ་125ཡོད།2015ལོ་སློབ་མ་15ཡོད།2016ལོ་སློབ་མ་2བཅས་སོ།། ༽ གོང་ནས་གླེང་བའི་དངོས་ཡོད་རྒྱུ་མཚན་གྱིས་དོན་དག་གསུམ་ར་སྤྲོད་བྱ་ཐུབ།

  ༢ ༽   ༡མི་རིགས་ས་ཁོངས་རང་སྐྱོང་ས་གནས་སུ་མི་རིགས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱ་རྒྱུའི་དབང་ཆ་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ན་གསལ།

  ༢ ༽   ༢མི་རིགས་ས་ཁོངས་རང་སྐྱོང་ས་གནས་སུ་རང་གི་སྐད་ཡིག་གཙོ་བོས་སློབ་ཁྲིད་རྣམ་པ་རྒྱུན་འཁྱོངས་བྱས་ན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བསྟུན་ཞིང་དངོས་ཡོད་ཀྱི་ཆོས་ཉིད་དང་ཡང་མཐུན།

  ༢ ༽  ༣སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ལ་མཚོན་ན་མ་ཡུམ་གྱི་སྐད་ཡིག་གིས་སློབ་སྦྱོང་བྱས་ན་ཤེས་སླ་ཞིང་གོ་བདེ་བ་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཆེས་ཐོག་མའི་འདུ་ཤེས་ཆགས་སྟངས་དང་ཡང་མཐུན་ལ་སློབ་སྦྱོང་གྲུབ་འབྲས་བླ་ལྷག་ཏུ་འབྱོར་ཐུབ།།

  ༤ བཞི་བ། བོད་ཁུལ་སློབ་གསོའི་ཁྲོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་ཁྲིད་སྒྲིག་གཞི་ལྟར་ན་བོད་ཁུལ་དུ་སློབ་གསོ་ཆ་སྙོམས་ཡོང་དགོས་པའི་སྔོན་འགྲོའི་གནད་དོན་སྐོར་ཅུང་ཟད་གླེང་བ།

  ༡ ཁྲིམས་ཀྱི་དབང་ཆ་ཡོད་པའི་སྐོར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་དོན་ཚན་དྲུག་པར།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སློབ་གསོའི་ཐོན་ཁུངས་(教育资源)སྒྲིག་སྦྱོར་འོས་འཚམས་བྱས་ཏེ།འོས་འགན་སློབ་གསོ་ཆ་སྙོམས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་སྒྲུབ་ཐད་ལ་ཐབས་ཇུས་སྣ་ཚོགས་འཐེན་དགོས་པ་དང་།ཞིང་འབྲོག་ས་གནས་དང་མི་རིགས་ས་གནས་ཀྱི་འོས་འགན་སློབ་གསོའམ།ཡང་ན་ཁྱིམ་ཚང་དབུལ་བོའི་བྱིས་པ།དབང་བོ་སྐྱོན་ཅན་དང་ན་གཞོན་ཚོར་འོས་འགན་སློབ་གསོ་མྱོང་བར་ཁག་ཐེག་ཡོང་དགོས་ཞེས་བསྟན་ཡོད།

  ༢ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གི་ས་བཅད་དྲུག་པའི་དོན་ཚན་ང་གཅིག་པར་ཀན་ལྷོ་བོད་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རིགས་སློབ་ཆུང་དང་སློབ་འབྲིང་།ཡང་ན་བོད་ཡིག་གཙོ་བོ་ཡིན་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ཆེད་ལས་འཛིན་གྲྭ་ལ་སློབ་དེབ་དང་སློབ་ཁྲིད་ཚང་མར་བོད་སྐད་བོད་ཡིག་བཀོལ་དགོས་ཞེས་བསྟན་ཡོད།ཡང་དོན་ཚན་ང་གཅིག་པར་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་སློབ་གྲྭར་མི་རིགས་སྲིད་ཇུས་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་ནང་དུ་འཇོག་དགོས་པ་མ་ཟད།བོད་རིགས་སློབ་འབྲིང་གི་ལོ་རྒྱུས་སློབ་ཚན་ནང་དུ་བོད་ཀྱི་ལོ་རྒྱུས་ཁ་གསབ་བྱ་དགོས་ཞེས་བསྟན་ཡོད།དེ་མིན་དོན་ཚན་དེའི་ནང་དུ་རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་བོད་ཡིག་ཟུར་གཏོགས་སློབ་དེབ་དང་སློབ་ཞོལ་ཀློག་དེབ་རྩོམ་སྒྲིག་དང་དཔར་སྐྲུན་བྱ་བར་མཐོང་ཆེན་བྱ་དགོས་ཞེས་བསྟན་ཡོད།

  ༣ ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག་གི་ས་བཅད་བདུན་པའི་དོན་ཚན་རེ་གཅིག་པར་རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་རྒྱལ་ཁབ་ཀྱི་(公务员)གཞུང་ཞབས་མི་སྣས་ཕན་ཚུན་བར་སྐད་དང་ཡི་གེ་བསླབ་པར་སློབ་གསོ་དང་སྐུལ་ལྕགབོད་རྒྱ་ཡིག་རིགས་གཉིས་ལ་བྱང་ཆུབ་ཅིང་བྱ་བ་དེར་གྲུབ་འབྲས་མངོན་གསལ་ཅན་གྱི་གཞུང་ཞབས་པ་ཚོར་བྱ་དགའ་དང་གཟེངས་བསྟོད་བྱེད་དགོས་ཞེས་བསྟན་ཡོད།

  ༤ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དོན་ཚན་རེ་བཞི་བར།རྒྱལ་ཁབ་ཀྱིས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་དཔལ་འབྱོར་དར་ཆེའི་ས་གནས་དེ།གྲོང་ཁྱེར་གྱི་འབྱོར་བ་ཞན་པའི་ས་གནས་ཀྱི་འོས་འགན་སློབ་གསོ་ལག་བསྟར་ཡོང་བར་རོགས་སྐྱོར་བྱ་དགོས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པར་མི་དམངས་སྲིད་གཞུང་སློབ་གསོ་ལྟ་སྐུལ་སློབ་སྟོན་ལས་ཁུངས་ཀྱིས་འོས་འགན་སློབ་གསོའི་བྱ་བ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལག་བསྟར་བྱུང་མིན།སློབ་གསོའི་རྒྱུ་སྤུས་དང་འོས་འགན་སློབ་གསོ་(均衡)ཆ་སྙོམས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ལ་ལྟ་སྐུལ་སློབ་སྟོན་དང་ལྟ་སྐུལ་སློབ་སྟོན་སྙན་ཞུ་དེ་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱ་དགོས།ཡང་གོང་གི་བཅའ་ཁྲིམས་ཀྱི་དོན་ཚན་དགུ་བར་སྤྱི་ཚོགས་རྩ་འཛུགས་དང་ཡང་ན་མི་སྒེར་སུ་ཡིན་ཡང་བཅའ་ཁྲིམས་འདི་དང་འགལ་བའི་བྱ་སྤྱོད་དེ་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་ཞུ་གཏུག་དང་ཉེས་སྐྱོན་འདོན་པའི་དབང་ཆ་ཡོད་ཅེས་བསྟན་ཡོད།

  ༥ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པར་ཕ་མ་དང་ཡང་ན་ཁྲིམས་ལྟར་བདག་སྐྱོང་དབང་ཆ་ཡོད་པའི་ཁྱིམ་བདག་དེ་ཁྱིམ་ཐོ་མེད་སའི་ས་གནས་སུ་བྱ་བ་ལས་པ་དང་།ཡང་ན་གཞི་སྡོད་བྱས་ཡོད་པ་ཚོའི་བྱིས་པ་དང་ན་གཞོན་དེ་དག་ལ་ཕ་མ་དང་ཁྲིམས་ལྟར་བདག་སྐྱོང་དབང་ཆ་ཡོད་པའི་ཁྱིམ་བདག་གི་བྱ་བ་ལས་ས་དང་འདུག་སར་འོས་འགན་སློབ་གསོ་མྱོང་དགོས་པར་ས་གནས་དེའི་མི་དམངས་སྲིད་གཞུང་གིས་འདྲ་མཉམ་སྒོས་འོས་འགན་སློབ་གསོ་མྱོང་བར་ཆ་རྐྱེན་བསྐྲུན་དགོས།

  གོང་གི་བཅའ་ཁྲིམས་དེའི་དོན་ཚན་བཅོ་བརྒྱད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་ཞིང་ཆེན།རང་སྐྱོང་ས་གནས་ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དངོས་ཡོད་དགོས་མཁོ་ལྟར་དཔལ་འབྱོར་དར་རྒྱས་ཆེ་བའི་ས་གནས་སུ་གྲངས་ཉུང་མི་རིགས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་དེ་དག་ཞུགས་སའི་སློབ་གྲྭ་དང་ཡང་ན་འཛིན་གྲྭ་གཟུག་དགོས་ཞེས་བསྟན་ཡོད།

  ༦ མི་རིགས་རང་སྐྱོང་ས་ཁོངས་སུ་འོས་འགན་སློབ་གསོ་ཆ་སྙོམས་(均衡)ཡོང་དགོས་ན་མི་རིགས་གྲངས་ཉུང་ས་ཁུལ་དང་མཐའ་མཚམས་ཀྱི་དབུལ་བོའི་ས་ཁུལ་གྱི་དགེ་རྒན་རྣམས་ལ་ཟླ་ཕོག་དང་འཚོ་བའི་ཁ་སྣོན་གྱི་རོགས་དངུལ་ཇེ་མང་དུ་གཏང་སྟེ་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དག་གི་དགེ་རྒན་གྱི་ཟླ་ཕོག་ལས་མཐ་བའི་ཡོང་འབབ་སྤྲད་དགོས་ལ་དེ་ལྟར་བྱུང་ན་ཤེས་ཡོན་ཀུན་འཛོམས་ཀྱི་དགེ་རྒན་གདན་འདྲེན་བྱེད་ཐུབ།བྱེད་ཐབས་དེས་ཆ་སྙོམས་སློབ་གསོའི་ལམ་ལུགས་དོན་འཁྱོལ་ཡོང་ཐུབ་སྙམ།

    ལྔ་བ།ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་དོན་འཁྱོལ་བྱས་པའི་ཐོབ་འབྲས་སྐོར།

  ༡ གོང་གི་བཅའ་ཁྲིམས་སོགས་ཀྱིས་ཐག་གཅོད་ལྟར་མི་རིགས་ས་ཁོངས་རང་སྐྱོང་དང་མཐའ་མཚམས་ས་གནས་དང་།དབུལ་བོའི་ས་ཁུལ་དུ་འོས་འགན་སློབ་གསོ་ཆ་སྙོམས་ཁག་ཐེག་ཡོང་བར་རྒྱལ་ཁབ་དང་ཡང་ན་ཞིང་ཆེན་རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་གིས་མ་དངུལ་ཕུད་ནས་སློབ་གྲྭ་རིམ་པ་སོ་སོའི་འཛུགས་སྐྲུན་ལ་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་ཐག་བཅད་ལྟར་ཚད་དང་ལྡན་པའི་རིམ་པ་སོ་སོའི་སློབ་གྲྭ་འཛུགས་སྐྲུན་ཐུབ་པ་དང་།དགེ་རྒན་གྱི་ཐད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་རྒན་བཅའ་ཁྲིམས་ནང་ལྟར་ཀུན་སྤྱོད་དང་ཤེས་རིག་ལྡན་ལ།སྐད་གཉིས་སྨྲ་བ་(藏汉双语)བཅས་ཕྱོགས་ཡོངས་ནས་དགེ་རྒན་གྱི་ཐོབ་ཐང་ཚད་ལྡན་ཅན་རྣམས་བཀོད་སྒྲིག་བགོ་བཤའ་བྱེད་ཐུབ་ན་ཆ་སྙོམས་སློབ་གསོའི་མ་ལག་ལེགས་འགྲུབ་ཡོང་ངེས་སྙམ།

  ༢གྲངས་ཉུང་མི་རིགས་ས་གནས་ཀྱི་བྱིས་པ་དང་ན་གཞོན་དག་རང་ཉིད་ཀྱི་ཁྱིམ་ཐོ་མེད་སའི་གྲོང་ཁྱེར་དང་།ཡང་ན་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་འདུས་སྡོད་བྱས་པའི་གནས་ཚུལ་གྱི་འོས་བབས་དང་བསྟུན་ནས་གོང་གི་བཅའ་ཁྲིམས་སོགས་ཀྱི་ནང་དོན་ལྟར་གྲོང་ཁྱེར་དེ་ག་ནས་མི་རིགས་གྲངས་ཉུང་གི་སྐད་ཡིག་གཙོ་བོའི་སློབ་གྲྭ་དང་།ཡང་ན་འཛིན་གྲྭ་བསྒྲུབ་ན་གྲངས་ཉུང་མི་རིགས་ས་གནས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་དེ་ཚོར་འོས་འགན་སློབ་གསོ་ཆ་སྙོམས་ཡོང་བའི་གོ་སྐབས་འདོན་སྤྲོད་བྱེད་ཐུབ།དཔེར་ན།2017ལོའི་ཟླ་1བོའི་ཚེས་20ཉིན་གྱི་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་ཐེངས་ལྔ་བའི་དམངས་ཆེན་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་ཐེངས་ལྔ་བའི་ཚོགས་ཆེན་གྱི་གྲོས་གཞི་ལྟར་ན་སི་ཁྲོན་ཞིང་ཆེན་ཁྲི་འདུ་གྲོང་ཁྱེར་དུ་བོད་མི་ཁྲི་ཚོ་ཉི་ཤུ་གཞི་སྡོད་བྱས་ཡོད་པས་བོད་སྐད་ཡིག་ཁྲིད་སའི་སློབ་གྲྭ་ཆུང་འབྲིང་གཟུག་དགོས་པའི་གྲོས་གཞི་བཏོན་ཡོད།དེ་ནི་དོན་དངོས་ཀྱི་བསམ་འཆར་ཡིན་ལ་དེར་གནས་པའི་བོད་རིགས་ཁྲི་ཚོ་ཉི་ཤུའི་རེ་བ་ཉག་གཅིག་ཀྱང་ཡིན་སྙམ།

  ༣ གོང་གི་གནས་ཚུལ་དེ་འདྲ་བོད་ཁུལ་ཞིང་ལྗོངས་ལྔའི་ལྟེ་གནས་གྲོང་ཁྱེར་དུ་མི་ཉུང་བ་ཞིག་ཡོད་ལ།དེར་གནས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཚོར་བོད་རང་གི་སྐད་དང་ཡི་གེ་སློབ་སའི་གནས་མེད་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སློབ་གསོའི་བཅའ་ཁྲིམས་ཀྱི་ཁེ་དབང་དང་འགལ་ཞིང།འདིས་གྲོང་ཁྱེར་དེ་དག་ཏུ་གཞི་སྡོད་བྱས་པའི་བོད་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་ཚོའི་བོད་སྐད་དང་བོད་ཡིག་བསླབ་རྒྱུ་དེ་ཉིན་མོའི་སྐར་མ་ལྟ་བུར་གྱུར་སྙམ།རང་ཉིད་ནི་ལྷན་སྐྱེས་ཀྱི་ཤེས་རབ་ཆུང་ཞིང་སྦྱང་སྟོབས་ཀྱི་ཡོན་ཏན་ཞན་པའི་མི་ཞིག་ཡིན་མོད།རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་ལག་བསྟར་དང་བོད་རིགས་མེས་པོ་ཚོས་ད་ལྟའི་ས་ལྒང་འདིའི་མི་གྲངས་དུང་ཕྱུར་བདུན་ཅུའི་འགྲོ་བ་མིའི་རིགས་ལ་ཤུལ་དུ་བཞག་པའི་རིག་གནས་བང་མཛོད་ཆེན་མོའི་ནང་རང་འོད་ཆེ་ཆེར་འབར་བའི་བོད་ཀྱི་རིག་གནས་ནོར་བུ་དེར་བདག་སྐྱོང་དང་དར་རྒྱས་གོང་འཕེལ་བྱ་རྒྱུ་ནི་རྒྱལ་ཁབ་དང་བོད་རིགས་སུ་དང་སུ་ཡིན་ཡང་འོས་འགན་གཞོལ་མེད་ཡིན་སྙམ་པའི་ཀུན་སློང་ཆེན་པོས་བསྐུལ་དེ་ཐེངས་འདིའི་རྔ་ཁུལ་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཀྱི་རིག་བགྲོ་གླེང་དུ་ཞུགས་ཐུབ་པར་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཡང་ཡང་ཞུ།

                                                                                        སྤྱི་ལོ་2017ལོའི་ཟླ་6པའི་ཚེས་28ཉིན།

 

རྩོམ་སྒྲིག་པ། དབང་མོ།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།