གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་ཟུར་ལ་བལྟས་པ།༼ཞར་བཀོད་གཅིག་ཡོད༽

2014-09-12 17:20:00 རྩེ་སྐྱེས་རིག་པའི་རྣོ་གྲི༼རྨ་ལ ཀློག་གྲངས། མཆན ཡོད།

 
མཐོང་བ་འཇིག་རྟེན་གྱི་འཁོར་བའི་ཟུར་ན།།

འབུ་དང་གྲོག་མས་ཀྱང་སྣ་གླུ་ལེན་བཞིན།།

རང་གི་འདོད་འདུན་གྱི་ཕུགས་བསམ་དེ་ལ།།

ཤི་འཐམས་རོ་འཐམས་ཞིག་བྱས་ནས་ཡོད་དོ།།

གླིང་ཆེན་རི་བོ་ཡི་སྐེད་ལམ་དེ་ནས།།
བྱ་དང་བྱིའུས་ཀྱས་གླེང་མོལ་བྱེད་བཞིན།།

རང་གི་ཁ་ཟས་ཀྱི་བྲོ་བར་མྱོང་ཆེད།།

འཕུར་གཤོག་རྒོད་པོ་དེ་ཟད་ལ་ཉེ་རེད།།

འཁོར་བའི་རྒན་པོ་ཡང་ཅུང་ཙམ་ཆད་ནས།།
རྟ་རྒན་རྐྱང་ནག་ལ་ཞོན་འདོད་དབེན་དུས།།
རི་རྩེའི་དར་ལྕོག་དག་རླུང་གིས་སྐྱོད་བཞིན།།

སྲིད་པའི་རོ་དབྱངས་ཀྱིས་ག་སར་ཁྱབ་རེད།།



ཐོབ་མེད་འཇིག་རྟེན་གྱི་ཕུན་ཚོགས་ལྷ་མོས།།

མི་དང་མི་མིན་གྱི་སྐྱེ་འགྲོའི་ཚོགས་ལ།།

སྒེག་ཉམས་ལང་ཚོ་ཡི་མཛེས་པ་སྟོན་བཞིན།།

ཐམས་ཅད་བསླུ་བྲིད་ཀྱི་ཀློང་ན་ཡོད་རེད།།



མི་རྟག་རྟག་འཛིན་གྱི་ལོག་རྟོག་དེ་ལ།།

སུས་ཀྱང་ངོ་རྒོལ་གྱི་ཐབས་ཤིག་མ་རྙེད།།

ཡར་ལུང་མཁན་པོ་ཡང་སྤྱི་སེམས་ཕྲ་བས།།

མར་ལུང་འཚོ་བ་ལ་བདག་པོ་མེད་རེད།།

ཁམས་གསུམ་བླ་མ་ཡི་ལྷ་ཆོས་དེ་ཡང་།།
མ་དག་མ་ཡིན་མོད་མི་དག་ཁམས་ནས།།

ཕྱག་ཡུལ་ཤོག་དཀར་གྱི་ཡིག་འབྲུ་ཙམ་ལས།།

འཁོར་བའི་ལྷ་ཆེན་གྱི་རྒོལ་བ་མིན་རེད།།



ང་ལ་གནོད་ཡིན་ན་ངས་ཀྱང་བཟོད་མིན།།

ཁྱོད་ལ་ཕན་ཡིན་ན་ཁྱོད་ཀྱང་དགའ་འོ།།

ང་ཁྱོད་བར་ཐག་གི་བདེ་སྡུག་ཆེད་དུ།།

ཐམས་ཅད་ཁོམ་མེད་ཀྱི་གནས་ན་ཡོད་དོ།།

                        
         2014.4.10 ཉིན།

 
           བུ་མོ་ཆུང་ཆུང་ཁྱོད་འདི་ལྟར་གླེང་འདོད།

                 ___བུ་མོ་ལྷ་དཀར་སྒྲོལ་མར་ཕུལ་བ།
             
སྐྱེས་མ་མཛེས་མཛེས་དེ་ལྷ་དཀར་སྒྲོལ་མ།།
གྲྭ་བ་རིག་ཡག་དེ་མདོ་སྨད་ཟླ་གྲགས།།
གླེང་ཚོམ་ཆུང་ཆུང་དེ་དྲྭ་ལམ་ཞིག་ནས།།
ལས་དབང་ཆོག་ཆོག་ཞིག་ཡོད་པས་འཕྲད་ཡོད།།

རྣམ་དག་ལྷོད་ལྷོད་ཀྱི་སྐད་ཆ་འགའ་ཡིས།།
བར་ཐག་ཆུང་ཆུང་ཞིག་མ་ཡིན་སེམས་ལ།།
ཚེ་གཅིག་བརྩེ་དུང་གི་ཉི་འོད་འཆར་འདྲའི།།
དྲན་པ་འཚུབ་འཚུབ་ཅིག་སེམས་ལ་ཕོག་སོང་།།

ཁྱོད་སེམས་ཆུང་ཆུང་གི་དགའ་བའི་ངོས་ན།།
ངའི་སྐད་དྲང་དྲང་དག་ཡོད་པ་ལོས་ཤེས།།
ཁྱོད་བགོ་ཁྱོད་གལ་ཞིག་ཁྱོད་ཀྱིས་གླེང་ཡང་།།
ཁྱོད་ཤོག་འགྲོགས་ཆོག་གི་སྐད་ཆ་མི་འདུག།

གླེང་བ་མང་མང་གི་འཚོ་བ་སྐྱིད་པོ།།
ཁྱོས་ཤོད་ངས་གླེང་གི་ཀློང་ནས་བསྐྱལ་ཡང་།།
མཇལ་འཛོམས་མོ་གཤམ་གྱི་བུ་དང་འདྲ་བས།།
སྙིང་གི་རྨ་ཁྲག་དེ་ལྷོག་ལྷོག་འཕྱུར་ཨང་།།

ཁྱོད་ཀྱི་ཕ་ཡུལ་དང་ཐོབ་ཐང་སོགས་ནི།།།
ཅི་ཡིན་གང་ཡིན་ཡང་ཁོ་བོས་མི་ཤེས།།
ཤེས་པ་ཁྱོད་ཉིད་ཀྱི་ངག་སྒོ་འཇམ་པོས།།
བརྗེད་མེད་དགའ་བ་ཞིག་བྱིན་པ་དེའོ།།

བཤད་པའི་སྨྲ་ལྕེ་ཡི་ནང་ཁོག་འདི་ན།།
སྨྲ་བསམ་བརྗོད་འདས་ཀྱི་དགའ་བ་ཡོད་མོད།།
ཁོར་ཡུག་ཆུང་ཆུང་དེ་གྲྭ་བའི་ཁྲིམས་ལ།།
འཇིགས་སྣང་ཆུད་ཆུང་ཞིག་ཡོད་པས་གསང་ཡོད།།

སྟོན་པའི་བཀའ་ཁྲིམས་ཀྱི་སྙིང་བོ་བརྗོད་མཁན།།
རབ་བྱུང་མཁན་པོ་ཡི་སྐུ་མདུན་དེ་ནས།།
གཟན་ཤབ་དམར་བོ་ཡི་བསླབ་པར་ཉན་དུས།།
ཁ་རྩོག་མི་བཤད་ཞེས་དམ་བཅའ་མ་བཞག།

འོན་ཏེ་དད་ཕྱག་གིས་མཆོད་པ་འབུལ་མཁན།།
མང་ཚོགས་ཡོད་ཚད་ཀྱིས་རྒྱུ་མཚན་མི་ཤེས།།
དེ་བས་ཁྱོད་ཉིད་ལ་དགའ་བའི་བརྩེ་དུང་།།
གསང་བ་དམར་པོ་དེའི་དབྱིངས་སུ་ཡན་སོང་།།

ཉིན་མཚན་མང་མང་ཞིག་འདི་ལྟར་འདས་ཀྱང་།།
དགའ་བ་དངོས་མ་དེའི་དྲན་ཚུལ་མ་འགྱུར།།
སྡིགས་མོལ་མང་མང་ཞིག་འདི་ལྟར་ཐོས་ཀྱང་།།
བརྩེ་དུང་དག་མ་ལ་རྫོགས་ཚིག་མ་བྲིས།།

ཤིན་ཏུ་དྭངས་དྭངས་ཀྱི་ཐོག་མའི་བརྩེ་བར།།
རེ་བ་ངོམས་ངོམས་ཞིག་ང་ལ་ཡོད་ཀྱང་།།
མྱི་ཁ་ནག་ནག་གི་དུག་སྡོང་ཚོགས་ཀྱིས།།
གཡས་དང་གཡོན་ཕྱོགས་ན་སོ་ལྟ་བྱས་འདུག།

དུང་བའི་འཕྲིན་པ་ཞིག་སེམས་ན་ཡོད་ཀྱང་།།
འཕྲིན་དོན་འུ་གཉིས་ཀྱིས་མ་གཏོགས་མི་ཤེས།།
མི་ཤེས་འཇིག་རྟེན་གྱི་གྲོང་ཚོ་དེ་ནས།།
རེ་བ་ཅུང་ཙམ་ཞིག་ཡོད་ན་ཁ་པར།།

 

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།