གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཁྱི་ལ་བོའི་སྐྱོ་མགུར་བདེན་པའི་ཐིགས་པ།

2014-08-05 12:31:00 ཟླ་ཚང་དཔལ་མཁར་རྒྱལ། ཀློག་གྲངས། མཆན ཡོད།


            ༡
སེང་དཀར་མོ་ཚང་གི་རྒྱུད་བཟང་།
ཁྱུང་བསྡེབས་ཡ་ཅན་གྱི་དཔའ་རྒྱུད།
གནའ་གདོང་དམར་རིགས་ཀྱི་བདག་པོ།
སྟོང་ཁམས་གསུམ་ཟིལ་གནོན་ཟེར་བ།
བསྟོད་ཆེ་བ་བུ་ལོའི་སྨྱུག་འཕྲུལ།
དོན་དམ་པའི་ཁྱི་ནག་དོམ་བུ།
ང་འབྲོག་ཁྱི་ལ་བོ་ཡིན་ནོ།

             ༢
སྤྱང་དར་མའི་འདུར་ལམ་འགོག་མྱོང་།
འབྲོང་བྲེ་ལོའི་བཤར་ལམ་བཅད་མྱོང་།
སྙིང་དམར་པོ་མེ་ལས་ཚ་ཡིན།
དཔའ་རྟུལ་ཕོད་སྟག་མོའི་དོ་ཡ།
ས་ཆེན་པོ་བདག་པོ་བྱས་མྱོང་།
བྷོད་ཚང་ལ་ཞབས་རྟེན་བྱས་མྱོང་།
ང་འབྲོག་ཁྱི་ལ་བོའི་དཔལ་ཡིན།
              ༣
དུས་མི་འགྱུར་མི་ནི་འགྱུར་བ།
འགྱུར་ཆེ་བ་གཤིས་དང་ལུགས་ཡིན།
འབྲོག་ལ་བོའི་དུས་བབ་འགྱུར་ཐལ།
འབྲོག་ལ་བོའི་བསྐལ་བ་འཇིག་ཐལ།
ལྷོ་འཛམ་གླིང་བར་ཐག་རིང་ཐལ།
གངས་དཀར་བོ་འཕྲེང་སེམས་ཆད་ཐལ།
ཆུ་གཙང་མོ་འཐུང་སྐལ་ཚར་ཐལ།
           ༤
ནུབ་ཡོ་རོབ་གླིང་གི་ཕོ་བྲང་།
བརྗིད་རྔམས་ཀ་གཞལ་ཡས་རང་བྱུང་།
འདས་དུས་རབས་བཅུ་དྲུག་སྟོད་སྨད།
ཁྱི་ལ་བོ་བཤམས་སྟོན་བྱས་ཐལ།
རིགས་བཟང་བོ་གནའ་རྫས་གྱུར་ཐལ།
གླིང་དྲུག་གི་མཐོང་བའི་དགྱེས་སྟོན།
དེབ་གསར་རྙིང་ལོ་རྒྱུས་གྲུབ་ཐལ།
           ༥
དུས་དེང་སང་འབྲོག་ཁྱི་ལ་བོ།
རྒྱུད་ཉམས་པའི་དུས་ངན་གཏུམ་མོ།
ཚེ་འཇིག་པའི་སྙིགས་མའི་བར་དོ།
བོད་ཟེར་བ་རྒྱུ་འབྲས་རླུང་རེད།
རླུང་བསེར་བུ་སྒྱུ་མའི་གར་ཡིན།
ཁྱི་ལ་བོའི་ལོ་རྒྱུས་འཇིག་ཐལ།
ཁྱི་ལ་བོའི་རིག་གནས་བརྐུས་ཐལ།
              ༦
ངའི་བདག་པོས་བདག་ངོ་མི་མཁྱེན།
ངའི་བདག་པོའི་རང་ཚུགས་རྩྭ་རེད།
ངའི་བདག་པོས་གཅེས་འཛིན་མི་ཤེས།
ངའི་བདག་པོ་བས་མཐའི་གློའུ་རེད།
ངའི་བདག་པོས་རིན་ཐང་མི་རྟོགས།
ངའི་བདག་པོའི་རྣམ་དཔྱོད་ལྡོངས་འདུག
ཁྱི་ལ་བོའི་སྐྱོ་མགུར་ཆེ་ཙམ།
གཙང་ཛ་ཧུའི་བུ་མོ་སྐྱེངས་འགྲོ།
 
  འདི་ནི་སྤྱི་ལོ༢༠༡༤ལོའི་ཟླ༡པའི་ཚེས༢༡ཉིན་ལ། གཙང་ལྷོ་ཁའི་འབྲོག་ཕྱོགས་སུ་འབྲོག་ཁྱི་དར་མ་རེར་སྒོར་ཁྲི་གཅིག་དང་ཁྱི་གུ་རེར་སྒོར་སྟོང་གཉིས་ལྷག་ཏུ་འཚོང་་བཞིན་པའི་འཇིག་ཉེན་གྱི་ཉོ་ཚོང་གནས་བབ་དངོས་ལ་གཞིགས་ནས་ཡུལ་སྐོར་ཟིན་བྲིས་སུ་སྐྱོ་མགུར་ཙམ་དུ་བྲིས་པ་ཡིན།

       
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།