གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷགས་རླུང་སྨྱོན་མར་བྲིས་པ།

2014-07-16 10:20:00 རྩེ་སྐྱེས་རིག་པའི་རྣོ་གྲི། ཀློག་གྲངས། མཆན ཡོད།

 

ཉི་མའི་འོག་ཞགས་མཐོང་བའི་ཐུ་འོག་ནས།།
ལྷགས་རླུང་སྨྱོན་མའི་རྔམ་ཟིལ་མྱུར་གྱིས་ལྡང་།།
ཚོར་གསུམ་ངང་པའི་ངག་གི་དབྱངས་ལྷ་མོ།།
ཅི་དགར་སྐྱོམ་པས་ཤེས་པའི་གཟི་དཔལ་རྒོད།།

ཚར་དཀར་གོས་ཀྱི་རིམ་ན་ཁུ་སིམ་མེར།།
ལྗོང་མདོག་ཉིད་ལ་བཏང་བའི་སྡོམ་སྐམ་ཚོ།།
འགྲོ་ལམ་དོག་དོག་ཅིག་གི་ལམ་འགྲམ་ན།།
སྨྲེང་བ་གཉིད་ལ་ཡུར་བའི་གཏམ་རྒྱུད་མོད།།
 
འཁྱག་རོམ་མགྲོན་དུ་ཉུལ་བའི་ཆུ་རྒྱུན་ཀྱི།།
དབྱངས་འགྲོས་མཚན་ནག་ཟླ་བ་ལྷ་མོ་ལ།།
ཡིད་ཀྱི་པི་ཝང་རྡུངས་པའི་དུས་དྲན་འདི།།
ངལ་གླུ་དབྱངས་སུ་གྱེར་བའི་རི་མོ་ཡིན།།
 
སྣང་དག་ཁུག་རྟ་དམར་པོའི་མིག་ཟུང་གིས།།
ཉི་ཟེར་བག་མར་བསུ་བའི་ཅུང་བརྡར་རེག།
དྲོད་ལྡན་ཚ་བར་རང་དབང་མ་མངོན་པས།།
དེ་ཡི་ལག་ཟུང་བརྐྱངས་པ་ཙམ་ལས་གང་།།
 
འབྲོག་ཟོ་སྟོང་བ་འཁུར་བའི་གཞོན་ནུ་མས།།
ལྗིད་ཏིག་རྡོག་སྒྲས་དྲན་གཞས་བན་བུན་རྒུམ།།
བྱེའུ་ཚོགས་ཀྱང་གནམ་མཁའི་པང་ན་འདར།།
ཀྱེ་ཧུད་ལྷགས་རླུང་སྨྱོན་མའི་ལང་ཚོ་བཙན།།
 
སེམས་ཀྱི་གཏིང་ལ་ཟུག་པའི་འཐབ་མོ་བའི།།
གནས་མལ་དྲོད་ཀྱིས་མ་བརླན་སྐྱོ་བ་འབར།།
ལྷགས་རླུང་སྨྱོན་མར་མོས་འཛུམ་སྦྱིན་ནའང་།།
འདོད་པའི་རྡེའུ་རླུང་ཁའི་དར་ལྕོག་མཚུངས།།
 
རྟོག་འགྱུའི་འཛིན་པ་ཡུལ་ལ་མཆེད་པའི་མུར།།
གོ་སྐབས་འཇའ་ཚོན་ངོགས་སུ་ཤོར་ནའང་།།
དུས་ཚོད་གླག་ལྟར་འཕུར་བའི་ས་སྲོད་འདི།།
ཉི་ཟླར་ཞེན་པའི་སེམས་གསོ་དངོས་མ་ཡིན།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།